ཌོམྦི་ཧེ་རུ་ཀས་མཛད་པའི་ལྷན་ཅིག་སྐྱེས་གྲུབ།

From Damngak Dzö
DNZ-06-CHA-002
Wylie title Dom+bi he ru kas mdzad pa'i lhan cig skyes grub DNZ-06-CHA-002.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 6, Text 2, Pages 9-23 (Folios 1a1 to 8a4)
Author ཌོམྦྷི་ཧེ་རུ་ཀ་
Citation Ḍombhi Heruka. Dom+bi he ru kas mdzad pa'i lhan cig skyes grub. In Gdams ngag rin po che'i mdzod, Vol. 6: 9-23. Kalimpong: Rigpe Dorje Publications, 2024. DNZ-Shechen-06-CHA-002.pdf
Shechen Publications, 1999
Side notes Recto: lhan cig skyes grub   Verso: sa skya'i skor
More details More details
Genre Spiritual Instructions - gdams ngag
[edit]
༄༅། །ཌོམྦི་ཧེ་རུ་ཀས་མཛད་པའི་ལྷན་ཅིག་སྐྱེས་གྲུབ་ཅེས་བྱ་བ་བཞུགས་སོ། །

༄༅། །ན་མོ་གུ་རུ་ཌོམྦྷི་ཧེ་རུ་ཀ་ཡ། དེ་ལ་སློབ་དཔོན་ཌོམྦྷི་ཧེ་རུ་ཀས། ལུང་ལས། ལྷན་ཅིག་སྐྱེས་པར་གང་སྐྱེས་པ། །ལྷན་ཅིག་སྐྱེས་པར་དེ་བརྗོད་བྱ། །རང་བཞིན་ རྟེན་ལ་སེམས་ཉིད་གཉུག་མར་ ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་པ་ཐམས་ཅད་སྡོམ་པ་གཅིག །ཅེས་པ་ལ་བརྟེན་ནས། ཌོམྦྷི་པས་ལྷན་ཅིག་སྐྱེས་གྲུབ་བཤད། དེའི་དོན་ཉམས་སུ་བླང་བའི་གདམས་ངག་ནི་འདི་ཡིན་ཏེ། རྒྱུ་ལྷན་ཅིག་སྐྱེས་པ། ཐབས་ལྷན་ཅིག་སྐྱེས་པ། འབྲས་བུ་ལྷན་ཅིག་སྐྱེས་པའོ། །དེ་ལྟར་ན་ལྷན་ཅིག་སྐྱེས་པ་རྣམ་པ་གསུམ་གྱིས་ལམ་ཡོངས་སུ་རྫོགས་པའོ། །དེ་ཡང་དོན་འདི་ལྟར་གསུངས་ཏེ། འབྲས་བུ་རྡོ་རྗེ་འཆང་མངོན་ཏུ་བྱེད་པར་འདོད་པའི་རྟེན་གྱི་གང་ཟག་ལ་ལམ་སྒྲུབ་ཚུལ་གཉིས་ཏེ། རྟོག་བཅས་ དཀའ་ཐུབ་ཀྱི་ལམ་དང༌། རྟོག་མེད་ བུ་ཆུང་གི་ལམ་གཉིས་ཡིན་ནོ། །དེ་གཉིས་ཀ་ལའང་ཆུད་མ་ཟོས་པ་རྣམ་པ་གསུམ་དགོས། ལོངས་སྤྱོད་ཆུད་མ་ཟོས་པ། ལུས་ཆུད་མ་ཟོས་པ། སེམས་ཆུད་མ་ཟོས་པའོ། །དེ་ཡང་དང་པོ་ནི། ཟང་ཟིང་ལོངས་སྤྱོད་ཡོད་ན་མེ་དང་། ཆུ་དང་། དགྲ་དང་། གདོན་གང་གིས་ཀྱང་ཆུད་མ་ཟོས་པར་བྱས་ལ། དང་པོར་བླ་མ་ལ་བཏང༌། དེ་ནས་དཀོན་མཆོག་དང་། མཁའ་འགྲོ་མ་ལ་གཏང༌། རྒྱུ་མེད་ན་བློས་གཏང་ ལམ་གཉིས་ཀ་ལ་ཐུན་མོང་དུ་འགྲོ། ངོ༌། །ལོངས་སྤྱོད་ཆུད་མ་ཟོས་པའོ། །ལུས་ཆུད་མ་ཟོས་པ་ནི། སྡོམ་པ་གསུམ་དང་ལྡན་པ་སྟེ། སོ་སོར་ཐར་པ་དང༌། བྱང་ཆུབ་སེམས་དཔའ་དང༌། རིག་པ་འཛིན་པའོ། །དེ་རེ་རེ་ལའང་ཕྱིའི་སྡོམ་པ་དང༌། ནང་གི་སྡོམ་པ་གཉིས་གཉིས་སོ། །དེ་ལ་ཕྱིའི་སོ་སོར་ཐར་པ་ནི། དགེ་བསྙེན་གྱི་བསྲུང་བྱ་རྣམ་པ་ལྔ། དགེ་ཚུལ་གྱི་ཡང་དག་པར་བླང་བ་བཅུ་གསུམ། དགེ་སློང་གི་བསྙེན་པར་རྫོགས་པའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་མོ། །ནང་གི་ཐིག་ལེ་མི་ཉམས་པར་ལུས་ལ་གནས་པ་ཉིད་དོ། ༈ །བྱང་ཆུབ་སེམས་དཔའི་ཕྱི་ནང་གཉིས་ལས། ཕྱིའི་ནི་ཕམ་པའི་ཆོས་བཞི་དང་། ཉེས་བྱས་སུམ་ཅུ་རྩ་དྲུག་ལ་སོགས་པའོ། །ནང་གི་སྡུག་བསྔལ་ཅན་ལ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། སེམས་ཅན་གྱི་དོན་སྙིང་རྗེས་བྱེད་པ་དང༌། ཤེས་པ་གསལ་ཆ་མ་འགགས་པས། ལུས་ཅི་རིགས་སུ་བཀོལ་བ་ཉིད་དོ། །རིག་པ་འཛིན་པའི་སྡོམ་པ་ལ་ཕྱི་ནང་གཉིས་ལས། ཕྱི་ནི་རྒྱུད་སྡེ་རྣམས་ལས་ཐུན་མོང་དུ་གྲགས་པའི་རྩ་བའི་ལྟུང་བ་བཅུ་བཞི། ཡན་ལག་གི་ལྟུང་བ་བརྒྱད་དེ། ཉི་ཤུ་རྩ་གཉིས་བསྲུང་བའོ། །ནང་གི་ཤེས་པ་གཉུག་མ་མི་རྟོག་པར་གནས་པའོ། །དེ་ལྟར་ན་ཕྱིའི་སྡོམ་པ་གསུམ་ནི་དཀའ་ཐུབ་ཀྱི་ལམ་དུ་འགྱུར་ལ། ནང་གི་སྡོམ་པ་གསུམ་གྱིས་ནི་བུ་ཆུང་གི་མི་རྟོག་པའི་ལམ་དུ་འགྱུར་རོ། །ལུས་ཆུད་མ་ཟོས་པའོ། །སེམས་ཆུད་མ་ཟོས་པ་ནི། བྱང་ཆུབ་ཀྱི་སེམས་གཉིས། དེ་ལ་ཕྱི་ནི་ཀུན་རྫོབ་སྨོན་འཇུག །དོན་དམ་སྤྲོས་བྲལ་ལོ། །ནང་ནི་ཀུན་རྫོབ་ཀུནྡ། དོན་དམ་བདེ་སྟོང་ངོ༌། །དེ་ཡང་ཕྱི་ནི་དཀའ་ཐུབ་ཀྱི་ལམ། ནང་ནི་བུ་ཆུང་གི་ལམ་མོ། །སེམས་ཆུད་མ་ཟོས་པའོ། །གསུམ་དང་ལྡན་པའི་སྟེང་དུ་ཐབས་གསུམ་གསུམ་དུ་བསྟེན་ན་འབྲས་བུ་སྐུ་གསུམ་དུ་འཆར་རོ། །དེ་ལ་ལྷན་ཅིག་སྐྱེས་པ་གསུམ་གྱིས་ལམ་ཁྲིད་ལུགས་ནི་འདི་ཡིན་ཏེ། རྒྱུ་ལྷན་ཅིག་སྐྱེས་པ་རང་བཞིན་གྱིས་གནས་པ་དང༌། ཐབས་ལྷན་ཅིག་སྐྱེས་པ་ཉམས་གསུམ་སྐྱེ་བའི་ཐབས་དང༌། འབྲས་བུ་ལྷན་ཅིག་སྐྱེས་པ་རྣམ་ཐར་སྒོ་གསུམ་དང༌། སྐུ་གསུམ་འཆར་བའོ། །དེ་ལ་རྒྱུ་ལྷན་ཅིག་སྐྱེས་པ་ལ་ ཤེས་པས་ཆོག་ལྟ་བ་ ཆོས་བཅོ་ལྔས་བསྟན་ཏེ། ལུས་ལ་རྩ་གསུམ་ལྷན་ཅིག་སྐྱེས། ངག་རླུང་ལྡང་འཇུག་གནས་པ་གསུམ་ལྷན་ཅིག་སྐྱེས། སེམས་ཉོན་མོངས་པ་དུག་གསུམ་དུ་ལྷན་ཅིག་སྐྱེས་ཆོས་དགུ། ལྷན་ཅིག་སྐྱེས་པ་དེ་ལ་ནང་གི་བར་ཆད་ནད་འདུ་བ་གསུམ་ལྷན་སྐྱེས། ཕྱིའི་བར་ཆད་གདོན་གསུམ་ལྷན་ཅིག་སྐྱེས། དེ་ལ་ནད་ནི། རླུང་དང་གཅིག །ཁྲག་མཁྲིས་གཉིས་གཅིག་ཏུ་བྱ། བད་ཀན་དང་གསུམ་མོ། །གདོན་གསུམ་ནི། ཕོ་རིགས། མོ་རིགས། ཀླུ་རིགས་གསུམ་མོ༑ ༑དེ་ལ་ཆོས་བཅོ་ལྔ་ནི། དང་པོ་ཐོག་མར་ལུས་གྲུབ་པ་ནས་བཟུང་ནས་ཆོས་བཅོ་ལྔ་ལྷན་ཅིག་སྐྱེས་པའི་ཕྱིར། ལྷན་ཅིག་སྐྱེས་པའོ། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཌོམྦྷི་ཧེ་རུ་ཀའི་ལུགས་འདིའི་སེམས་ཉིད་དངོས་པོའི་གནས་ལུགས་སྐྱེ་མེད་ལྷན་སྐྱེས་དང་པོའོ། །ཐབས་ལྷན་ཅིག་སྐྱེས་པ་གང་ཟག་རིགས་གཉིས་ཀྱིས་ཐབས་ཀྱང་གཉིས་ཏེ། དཀའ་ཐུབ་པའི་གང་ཟག་དེ་ལམ་དུ་ཞུགས་ནས། དང་པོར་བླ་མ་སྤྱི་བོར་དྲན་ཅིང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྒོམ། ལྷའི་རྣལ་འབྱོར་ཡིད་ཙམ་གྱིས་དྲན་པར་བྱ། ལུས་ཀྱི་འཁྲུལ་འཁོར་ལག་ལེན་བཞིན་བྱ། ངག་འདྲེན་པ་ལུགས་གཉིས་ལ་ཡན་ལག་གསུམ་གསུམ་དུ་བྱ་བ་བླ་མའི་ཞལ་ལས་འདྲི། ཉམས་ཀྱི་མན་ངག་ཆོས་ཉི་ཤུ་རྩ་བཞིའི་བུ་ཆུང་གི་ལམ་དང་ཐུན་མོང་དུ་བསྟན། བུ་ཆུང་གི་ལམ་པ་ཡིན་ན། ཕྱག་རྒྱ་ལ་རབ་འབྲིང་གསུམ་དུ་ཕྱེ་བའི་ཐ་མ་སྤང་། རབ་འབྲིང་གཉིས་གང་རྙེད་ལ་སྔར་གྱི་ཆོས་གསུམ་པོ་སྔོན་དུ་སོང་ནས། ངག་འདྲེན་པ་རྒྱུན་མི་འཆད་དུ་ ཟླ་བ་གཅིག་ཏུ་མདངས་ ངོ་དམར་ཏིང་སོང་སོང་དུ། བསྒྲུབ། ལུས་ངག་གི་འཁྲུལ་འཁོར་སྔ་མ་བཞིན་བྱ། དེ་ནས་འདུ་ཤེས་གསུམ་པདྨ་བ་དང་བི་པ་བཞིན་བྱས་ལ་ཕྱག་རྒྱ་བརྟེན་ཏོ། །ཞག་དང་པོ་ནས་བཅུ་གཅིག་ཚུན་ཆད་དུ་བདེ་བས་བརྒྱལ་ནས་མི་འགྲོ་མི་སྲིད་དོ། །དཀའ་ཐུབ་དང་བུ་ཆུང་གི་ ལམ་གཉིས་ཀ་ལ་གང་ཟག་ལ་ལ་བདེ་བས་བརྒྱལ་ནས་འགྲོ་བའང་ཡོད་དོ། །དེ་ལ་དང་པོ་ཉམས་འདི་འཆར་ཏེ། ཐུར་སེལ་གྱེན་ལ་ལོག་པའི་སྟོབས་ཀྱིས་ལུས་ལ་བདེ་རླུང་འབར། དྲོད་དང་བདེ་བ་དུས་གཅིག་ཏུ་སྐྱེ། སེམས་དགའ་བདེ་སྐྱེ། ངག་རྒོད་པ་ལ་སོགས་པ་འབྱུང༌། གློ་བུར་གྱིས་འོ་དོད་འབོད་དེ། དེ་ལྟར་ལུས་ངག་ཡིད་གསུམ་ཅར་ལ་ སྐྱེ་བའི་གོ་རིམ་ངེས་པ་མེད། འདོད་ཆགས་ཆེན་པོས་ཁྱབ་པས་ཞེས་བྱ་བའི་ཏིང་ངེ་འཛིན་ བརྟན་པའི་གོ་རིམ། ཏོ། །ཉོན་མོངས་པ་འདོད་ཆགས་ལམ་དུ་སློང་བ་ཡིན་པས་ཡུལ་གྱི་ཆགས་པ་རིམ་གྱིས་སྤང་ངོ༌། །ནད་རླུང་ནད་རིམ་གྱིས་འབྱོང་ངོ༌། །གདོན་མོ་རིགས་ལས་གྲོལ་ལོ། །ལུས་རྩ་གཡོན་པ་དབང་དུ་འདུས་པའོ། །རྨི་ལམ་དུ་ཡང་བདེ་བ་འབྱུང་ངོ༌། །རྣམ་པར་ཐར་པའི་ འཛིན་རྟོག་གྲོལ། སྒོ་སྨོན་པ་མེད་པའི་མིང་ཐོབ་བོ། །དེ་ལྟར་བརྒྱད་དེ་ཡན་ལག་དང་པོའོ། །རྒྱུ་ཉིད་ལམ་དུ་འགྱུར་བའོ༑ ༑གཉིས་པ་ཐུར་སེལ་འདྲེན་པ་རྣམ་གཉིས་འདྲ། ཉམས་ མྱོང༌། ཅིག་ཅར་དུ་སྐྱེ། ཡང་བདེ་བ་སྐྱེས་པའི་དུས་སུ་ཤེས་པ་གསལ་བ། ཡང་བ། སྙིང་རྗེ་ཆེན་པོ་འབྱུང་བ་ཏིང་ངེ་འཛིན། གསལ་བའི་མཐར་ཐུག་པ་ནི་ཞེ་སྡང་ཡིན་པས་ཞེ་ལྡང་ལམ་དུ་འགྱུར་ཏེ། མི་སྡུག་པའི་རྐྱེན་གྱིས་གསལ་བ་མཐར་ཐུག་སྐྱེའོ། །ནད་ཁྲག་མཁྲིས་གཉིས་ཞི། གདོན་ཕོ་རིགས་ལས་གྲོལ་ལོ། །ལུས་ཀྱི་རྩ་རོ་མ་དབང་དུ་འདུ། ངག་ཕྱིར་འབྱུང་བ་དབང་དུ་འདུ། སེམས་རྨི་ལམ་དུའང་ནམ་མཁའ་ལ་སྐྱིལ་ཀྲུང་བཅས་པ་ལ་སོགས་པ་གསལ་ཞིང་ཡང་བ་འབྱུང༌། རྣམ་པར་ཐར་པའི་ གཟུང་རྟོག་གྲོལ། སྒོ་མཚན་མ་མེད་པ་ཞེས་བྱའི་མིང་ཐོབ་བོ། །དེ་ལྟར་བརྒྱད་དོ། །དེ་རྒྱུ་ལྷན་ཅིག་སྐྱེས་པའི་མཐུས་སོ། །གསུམ་པ་ནི། ཡང་ཐུར་སེལ་འདྲེན་པ་རྣམ་གཉིས་ཀྱི་མཐུས། སྔ་མ་དང་ཅིག་ཅར་དུ་ཤེས་པ་རང་བཞིན་གཉུག་མ་མི་རྟོག་པ་མཆོག་ཏུ་གྱུར་པ་འབྱུང་ངོ༌། །ཏིང་ངེ་འཛིན་ཏོ། །ཡུལ་གང་ལའང་མི་རྟོག་པས་མ་རིག་པ་ཆེན་པོ་ཡིན་ཏེ། ཉོན་མོངས་པ་གཏི་མུག་ལམ་དུ་སློངས་སོ། །ནད་བད་ཀན་ལས་རིམ་གྱིས་གྲོལ་ལོ། །གདོན་ཀླུའི་རིགས་ཀྱིས་མི་ཚུགས་སོ། །ལུས་ཀྱི་རྩ་ཀུན་འདར་དབང་དུ་འདུས་སོ། །ངག་རླུང་གནས་པ་ལ་དབང་ཐོབ་བོ༑ ༑སེམས་མི་རྟོག་པ་ལ་མཉམ་རྗེས་མེད། གཉིད་ལོག་མ་ལོག་མེད་དེ། གཉིད་ལོག་སད་པ་མི་འབྱེད་པའོ། །རྣམ་པར་ཐར་པའི་ གཟུང་འཛིན་གཉིས་ཀ་ལས་གྲོལ་ལོ། །སྒོ་སྟོང་པ་ཉིད་ཅེས་མིང་ཐོབ་བོ། །དེ་ལྟར་བརྒྱད་དོ། །དེའང་རྒྱུ་ལྷན་ཅིག་སྐྱེས་པའི་མཐུས་སོ། །དེ་ལྟར་ཡན་ལག་ཉི་ཤུ་རྩ་གཉིས་ལྷན་ཅིག་སྐྱེས་པའི་ཉམས་བསྐྱེད་དོ། །ད་ནི་འབྲས་བུ་ལྷན་ཅིག་སྐྱེས་པ་ལས་དང་པོར་རྟགས་འབྱུང་སྟེ། ཉམས་གསུམ་རྒྱུད་ལ་སྐྱེས་པ་ཡིན་ན། ལུས་ཀྱིས་གཞན་དོན་བྱེད་པའི་ཁྱད་པར་ནད་དང་གདོན་གྱིས་ཟིན་པའི་སྡུག་བསྔལ་ཅན་མཐོང་ན། ལུས་ཀྱིས་བྱུགས་པ་ཙམ་གྱིས་ཞི་བ་ལ་སོགས་པ་འབྱུང་། འགོམ་པ་དང་། དྲི་ཆེན་དང་། དྲི་ཆུ་ལུས་ལ་བྱུགས་པ་ཙམ་གྱིས་སྡུག་བསྔལ་ལ་སོགས་པ་ཞི་བར་འགྱུར་རོ། །ངག་གཞན་དོན་བྱེད་པའི་ཁྱད་པར་གྱི་རྟགས་ནི། ནད་སོས་པར་གྱུར་ཅིག་ཅེས་བྱས་པས་ནད་ལ་སོགས་པ་དང༌། རིམས་ནད་ཞི་བ་ལ་སོགས་པ་ཚིག་གི་མཆོག་འགྲུབ་པར་འགྱུར་རོ༑ ༑སེམས་ཀྱི་རྟགས་དང་པོར་རྨི་ལམ་གསལ་པོར་འབྱུང༌། དེ་ནས་མི་མ་ཡིན་པ་མཐོང་བ་འབྱུང༌། དེས་ན་སྒོམ་ཉམས་ཉིད་ལ་ཕན་པ་དང་གནོད་པ་ཤེས་པ་འབྱུང་ངོ༌། །ཡང་རྟགས་གསུམ་སྟེ། ལུས་འདི་ཉིད་ལ་འཆར་བའི་རྟགས། འཆི་ཁར་འཆར་བའི་རྟགས། བར་དོར་འཆར་བའི་རྟགས་སོ། །འདི་ཉིད་ཀྱི་རྟགས་ནི། ལུས་ཡང༌། མདངས་བཟང༌། ཟས་ལ་ཞེན་པ་ཆུང༌། གང་ལ་ཡང་ཞེན་པ་ཆུང༌། བྱ་བ་གང་ལའང་ཐུག་ཕྲད་ཙམ་བྱེད། བརྗེད་ངས༑ གློ་བུར་དུ་དྲན་པ་སྐྱེ། དེ་ཙམ་མོ། །འཆི་ཁར་ནི་གནད་གཅོད་པའི་ཟུག་མེད། འཆི་བ་ལ་འཇིགས་པ་མེད། ལྷ་མིའི་ལུས་ལེན་པ་ལ་དོན་གཉེར་བ་མེད། རང་གི་ཏིང་ངེ་འཛིན་གྱི་ཉམས་དང་མ་བྲལ་ཙམ་འབྱུང་ངོ༌། །བར་དོའི་རྟགས་ནི། བར་དོར་བླ་མ་དང་མཇལ་བ་སྙམ་བྱེད། སངས་རྒྱས་ཞལ་མཐོང་བ་སྙམ་བྱེད། ལུས་ཀྱང་གང་གིས་ལེན་པ་དེའི་སྣང་བ་ཡང་རང་གི་ལྷག་པའི་ལྷར་འཆར་ཏེ། བར་དོར་རིག་པ་འཛིན་པ་ལ་སོགས་པར་འགྱུར་རོ། །ཚེ་རབས་ཐམས་ཅད་ཀྱི་ངན་སོང་གི་སྒོ་ཁེགས་སོ། །དེ་ཡང་ལུས་འདི་ཉིད་ཀྱི་རྟགས་བྱུང་ན། འཆི་ཁ་མའི་རྟགས་མི་འབྱུང་མི་སྲིད་དོ། །འདིའི་ལུགས་ཀྱི་རྟགས་དང་པོ་ཅུང་ཟད་ཙམ་བྱུང་ན། གསང་བའི་སྤྱོད་པ་རིམ་གྱིས་བྱེད་པ་ཡིན་ཏེ། སྤྱོད་པའི་དུས་ལ་རིག་པ་ཀྲིག་གེ་བ་ཞིག་མི་བཞེད། རྣམ་རྟོག་ཆུང་ཆུང་འདྲ་ན་དྲི་ཆེན་དང་དྲི་ཆུའང་རིམ་གྱིས་གསང་ལ་བསྟེན། ཤ་ཆེན་ཡང་བསྟེན། གོས་བཟང་ངན་མེད་པར་བགོ། གྲོགས་ཀྱང་རིགས་བཟང་བ་དང་ངན་པ་གཉིས་ཀ་ལ་བསྒྲོད། གཙོ་བོར་མཚན་མོ་ཡིན། ཉིན་མོ་གྲོགས་དང་མཐུན་པའི་སྤྱོད་པ་བྱ། འཇིག་རྟེན་གྱི་ཁ་ན་མ་ཐོ་བ་བསྲུང༌། དེ་ལྟར་གསང་བའི་སྤྱོད་པ་རིམ་གྱིས་སྤྱད་ན་སེམས་ཉམས་བརྟན་ཞིང་རྟགས་གསུམ་ལ་སོགས་པ་མྱུར་དུ་འཆར་རོ། །མངོན་ཤེས་འཆར་ཞིང་གཞན་དོན་ནུས་ན་རྒྱན་དྲུག་གདགས་ཏེ་བརྟུལ་ཞུགས་ཀྱི་སྤྱོད་པ་བྱ་བར་བཞེད་དོ། །འདིའི་ལུགས་ལ་ལམ་དང་པོ་བསྒོམ་པ་ནས་བཟུང་སྟེ། འབྲས་བུ་ཐོབ་པའི་བར་དུ་བར་ཆད་ཀྱི་ཆོས་གུད་དུ་བསལ་བར་མི་བཞེད་དེ། བར་ཆད་ནི་ནད་གསུམ། གདོན་གསུམ་དྲུག་ཡིན་ལ། དེ་ནི་ཉམས་བསྐྱངས་པ་ཉིད་ཀྱིས་རང་གྲོལ་དུ་བཞེད་དོ། །དང་པོ་ཆོས་སྐུ་ནི་རང་བཞིན་མེད་པའི་ཡན་ལག་གཅིག་སྟེ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའོ། །དེ་ནི་ལམ་ཐ་མ་རྣམས་ཀྱིས་འགྲུབ་པ་ཡིན་ནོ། །ལོངས་སྐུ་ནི་ཡན་ལག་གསུམ་སྟེ། ལོངས་སྤྱོད་རྫོགས་པའི་ཡན་ལག་མཚན་དང་དཔེ་བྱད་འབར་བ་དང༌། ཁ་སྦྱོར་གྱི་ཡུམ་དང་བཅས་པ། བདེ་ཆེན་གྱི་ཟག་མེད་ཀྱི་བདེ་བས་རྒྱུད་གང་བའོ། །ལམ་དང་པོ་རྣམས་ཀྱིས་འགྲུབ་པ་ཡིན་ནོ། །སྤྲུལ་སྐུ་ལ་ཡན་ལག་གསུམ་སྟེ། སྙིང་རྗེས་ངེས་པར་གང་བའི་ཡན་ལག་ནི༑ དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་རྟོག་པ་མེད་ཀྱང་སེམས་ཅན་གྱི་དོན་བྱེད་པའི་རྒྱུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །རྒྱུན་མི་འཆད་པའི་ཡན་ལག་ནི། གདུལ་བྱ་གནས་པ་དེ་སྲིད་ཀྱི་བར་དུ་སྤྲུལ་པའི་རྒྱུན་མི་འཆད་དེ། ཆུ་སྣོད་དང་ཟླ་བའི་དཔེས་སོ། །འདི་ནི་སྒྲུབ་པ་པོ་དངོས་ཀྱི་ཡན་ལག་གོ །འགོག་པ་མེད་པའི་ཡན་ལག་ནི། དོན་གྱི་སྤྲུལ་པའི་སྐུ་ལ་མྱ་ངན་ལས་འདའ་བ་མེད་པར་བཞེད་དེ། ཚོགས་ཡོངས་སུ་རྫོགས་པའི་ཕྱིར་དང༌། འཆི་བདག་གི་བདུད་བཅོམ་པའི་ཕྱིར་དང༌། དབང་བཅུ་ལས་ཚེ་ལ་དབང་བ་ཞེས་བྱ་བའི་ཕྱིར་ཏེ། དགག་པའི་ངོས་ཀྱི་ཡན་ལག་གོ །ལམ་བར་པ་རྣམས་ཀྱིས་འགྲུབ་པ་ཡིན་ནོ། །དེ་ལྟར་སྐུ་གསུམ་འབྲས་བུ་ལྷན་ཅིག་སྐྱེས་པའོ། །བསྡུ་ན་རྒྱུ་ ལྔ་ཚན་གསུམ། ལམ་ ལམ་བརྒྱད་ཚན། འབྲས་བུ་ སྐུ་གསུམ། གསུམ་ལ་གསུམ་གསུམ་དབྱེ་བ་ཙམ་མོ། །ས་མཱཔྟ་མི་ཐཱི། ༈ །བུ་ཆུང་རྟོག་མེད་ཀྱི་དབང་དུ་བྱས་ན། སྦྱོར་བའི་ཡུམ་བཞི་ལ་པདྨ་ཅན་ལ་རིགས་གསུམ་སྟེ། རབ་ཀྱི་ བདེ་བ་སྐྱེ་བའི་རྒྱུ། བྱད་དཀར་ལ་རྩ་དམར་བ། ལུས་རགས་པ། མིག་རྩ་དམར་བ། སྤྱིར་ལུས་པོ་ཕྲ་ལ། ཁྱད་པར་སྐེད་པ་ཕྲ་བ། བྱ་ལྟར་རྐང་ལག་དམར་བ། སོ་ལེགས་པ། དེ་ནི་དེ་བཞིན་ཏེ་ གཤིན་རྗེའི་གཤེད་རྟོག་པ་དང་། མཚན་དང་ལྡན་པ་སྟེ། རིགས་ཤིན་ཏུ་བཟང་བའོ། །དེ་ལ་སྦྱར་ན་རྒྱལ་བའི་འབྲས་བུ་ཚེ་འདི་ཉིད་ མགྱོགས་བྱེད་ཕོ་ཉའི་ལམ་པ་བདེ་བ་སྐྱེ་བའི་རྐྱེན། ལ་ཐོབ་བོ། །འབྲིང་ནི་ཤ་རྩི་དཀར་བ། རུས་ཁྱིམ་ཆེ་བ། རུས་པ་རགས་པ། ཁོང་བརྡལ་ཆེ་བ། སྤྱོད་ལམ་རྩིང་བ། བྱད་སྡུག་པ། བློ་ སྒྲུབ་པ་དང་བསྟུན། བཅོས་དཀའ་བ། བུ་སྐྱེ་ན་ཁྱེའུ་སྐྱེ་བ། འཇིག་རྟེན་གྱི་ལས་དང་བྱ་བ་ལ་མཁས་པ། དེ་དང་རྩ་འཕྲད་ན་ལོར་མི་ཐོགས་པར་འབྲས་བུ་ཐོབ་བོ། །ཐ་མ་དཀར་པོ་སྨིན་སྒྱུར་མ་ཞེས་བྱ་སྟེ། ཁ་དོག་དཀར་བ། བྱད་ལེགས་ཀྱང་སྙིང་དུ་དེ་སྙེད་མི་སྡུག་པ། གསང་མི་ཐུབ་པ། གཟུགས་བྱད་ཆེས་པ། བྱི་དོར་ལ་བརྩོན་པ། རྒོད་ཁ་ཡང་བ། མིག་འཕྱར་བ༑ སྐྱེས་པ་གང་གིས་ཀྱང༌ བསླུ་སླ་བ། བསླུ་ཁ་ན་ཡང་བ་སྟེ། དེ་ནི་ དངོས་གྲུབ་ཀྱི་གནས་སུ་གྱུར་པ། བསྟེན་པའི་རིགས་མ་ཡིན་ནོ། །དུང་ཅན་མ་ནི། ཤ་སེར་ལ་རྩ་དམར་བ། སྤྱོད་ཁྱེར་མཁས་པ། འདུག་ཚུགས་ལེགས་པ། ཚིག་བརྟན་པ༑ མིག་ཟུར་མིག་ཏུ་བལྟ་བ། ཟུར་རྣོ་བ། དོན་གང་ལའང་བག་ཙམ་གྱིས་གོ་བ། ཤེས་རབ་ཆེ་བ། དེ་ལྟ་བུ་དང་འཕྲད་ན་ཚེ་འདི་ལ་འབྲས་བུ་ཐོབ་བོ། །འབྲིང་ནི་རྒྱབ་ནས་བལྟས་ན་དགྱེ་བ་སྙམ་བྱེད་པ། མདུན་ནས་བལྟས་ན་སྒུ་བ་སྙམ་བྱེད་པ། སྤྱིར་ལུས་ལེགས་པ། ཁྱད་པར་དུ་སྨིན་ཕྲག་གི་མཚམས་ལེགས་པ། རྔོམ་ཆུང་བ། ཁྲོམ་དུ་ཕྱིན་ན་བྱད་བྱིང་བྱིང་བྱེད་པ། བྱད་ཀྱི་གཟོད་ཆུང་བ། ཀོས་ཀོ་བྲང་ལས་ཕྱིར་དགྱེ་བ་སྙོམས་འཇུག་བྱས་པ་དང༌ཤིན་ཏུ་སྙིང་ཉེ་བ། གདུང་ སྐྱེས་པ་གཞན་མི་འདོད་པ། བ་དེ་དང་རྩ་འབྱོར་ན་ལོ་ཟླར་མི་ཐོགས་པར་རོ། །ཐ་མ་ནི་ཤ་སེར་བ། མིག་འབོར་ཆེ་བ། བློ་རྣོ་བ། དྲན་པ་གསལ་བ། འདུག་མི་ཚུགས་ཤིང་འགྲོ་འདུག་མང་བ། འཕྲལ་དུ་ལག་པས་ཀྱང་མི་ཚུགས་པ། ཚིག་མི་བརྟན་པ། འཆད་པ་ལ་བློ་གཏད་མེད་པ། ཅི་ལ་ཡང་གཞུང་ངན་པ། སྐྱེས་པ་མིག་ལ་འཚོ་བ། སྙིང་དུ་སྡུག་པའི་མི་ལ་བྱ་ར་ཐང་ངེ་བྱེད་པ་དེ་ བར་ཆད་འབྱུང་བས། མི་བསྟེན་ནོ། །རི་མོ་ཅན་ནི༑ ཤ་རྩི་སྔོ་བ། བྱད་དཀྱུས་རིང་བ། མཆུའི་སྐོར་ཆེ་བ། ཅུང་ཞིག་སྦོམ་པ། གཉེར་མ་མང་བ། མིག་ལེགས་པ། སྐད་སྙན་པ། ཞི་དེས་ཆེ་བ། གཞུང་བཟང་བ། སྤྱོད་པ་འཇམ་པ། མི་ཆོས་དང་ལྷ་ཆོས་ཀྱི་ཕྱོགས་ནས་འདྲིས་པ་ལ་ཞེ་ས་ཆེ་བ། གཞུང་བཟང་བ། སྒྲུབ་པ་པོའི་ཚེ་དང་ལོངས་སྤྱོད་ལ་ཕན་པ། བཀྲ་ཤིས་པའི་ཡན་ལག་མང་བ། དེ་ཉིད་ལ་དངོས་གྲུབ་ཉེ་བ། ཡོ་བྱད་དང་ལྡན་པར་འོང་ངོ༌། །ཐ་མ་ནི། ཤ་རྩི་གནག་པ། དཔྲལ་བ་སེར། མིག་ཆུང་བ། མིག་གཏིང་ན་འདུག་པ༑ འདུམ་ཁ་ཡང་བ། སྐྱེས་པ་ལ་དད་ཆེ་བ་མི་བསྟེན་ནོ། །བ་གླང་ཅན་མ་རབ་ནི། སྨིན་ཕྲག་རིང་བའམ་ཡངས་པ། ལུས་མི་རིང་བ། ཁ་དོག་དལ་བ། སྤྱོད་ལམ་དལ་བ། དམ་དམ་ སྐྱེས་པ་ལ་འཁྱུད་པ་ལ་སོགས་པ་མི་བྱེད་པ། རེག་རེག་མི་ཤེས་པ། ཅི་ཡང་ལྷོད་དེ་བར་སྡོད་པ། དབང་ཆེ་བར་འོང་ངེས་ལ། དེ་དང་འབྱོར་ན་ དབུ་མ་མ་ཡིན་པའང་བདེ་བ་སྐྱེ་བའི་རྩ་མང་པོ་ཡོད། མང་བས་བཀྲ་ཤིས་པའི་རྒྱུ་མང་བ་སྟེ་བསྟེན་པར་བྱའོ། །འབྲིང་ནི། ཁོག་ཤེས་ཆེ་བ། བྱད་ མང་པོ་འཚོགས་ན། རྔོམ་ཞིང་བཟང་ཆེ་བ། གདོང་པ་ཞེང་ཆེ་བ། ལུས་ཁྱིམ་ལེགས་པ། སླུར་མི་བཏུབ་པ། ནོར་གསོག་མཁས་པ། དོན་མི་འཆོར་ཞིང་མདོ་ཆེ་བ། མི་ཁྲོ་བ། སྤྲོ་རིང་བ་བསྟེན་པར་རུང་ངོ༌། །ཐ་མ་ནི། ལུས་ཀྱི་སྤྱོད་ལམ་དང༌། ཚིག་མཐོ་དམན་མང་པོ་ ལ་གཏད་ས་མེད་པ། སྨྲ་བ། ཧེ་རྟམ་ ཅོལ་ཆུང་བ། ཞེས་བྱ་སྟེ། སྨྲ་འདོད་པ། རྫུན་ཆེ་བ། ཁྲོ་ཡང་སླ། དགའ་ཡང་སླ། ཚིག་མཐོ་དམན་ཆེ་བ། མགུ་སླ་བ། སྟེར་ལ་མི་དགའ་བ། གཏོང་བ་ཆུང་བ་དེ་ སྒྲུབ་པོ་ལ་བར་ཆད་བྱེད་པས། བསྟེན་དུ་མི་རུང་ངོ༌། །ཐ་མ་བཞི་མ་གཏོགས་པ་གཞན་རྙེད་པ་ལ་རྩ་ བི་པ་དང་འདྲ། བཙལ་ལོ། །རྩ་རྙེད་ན་གཅེས་དགུ་ཐམས་ཅད་རྒྱབ་ཏུ་བསྐྱུར་ལ་རླུང་ལ་གོམས་པར་ ངག་བརྟེན་ བྱ་ཞིང༌། ཁ་ཟས་ཀྱིས་ ཐིག་ལེས་ལུས་རྒྱས་པར་བྱས་ལ་ལྷན་ཅིག་སྐྱེས་པའི་དོན་ལ་མངོན་དུ་ཕྱོགས་པར་གྱུར་ན་ངེས་པར་ རྟགས་གསུམ་མི་འབྱུང་མི་སྲིད། ཚེ་འདི་ཉིད་ལ་གྲོལ་བར་འགྱུར་རོ། །རྩ་ནི་ སྣ་ཚོགས་ཐམས་ཅད་འདི་ལ། ཤིན་ཏུ་ཕྲ་ན་བཟང་བ་ཡིན་ནོ། །སྦོམ་ན་ངན་པ་ཡིན་ནོ། །འདོད་ཆགས་ཆེ་བའི་བུད་མེད་ལ་ངེས་པར་རྩ་བཟང་པོ་ཡོད་ཟེར། དཀའ་ཐུབ། དྲང་ཐབས་རྣམ་པ་གཉིས་ཀྱིས་རང་ལུས་ཐབས་ལྡན་དང༌། བུ་ཆུང་། གཞན་ལུས་ཤེས་རབ་དང་ལྡན་པ་གཉིས་ཀ་འདྲའོ། །ས་མཱཔྟ་མི་ཐཱི། ༈ །གནད་ཁྱད་པར་ཅན་ནི། དབང་དུས་ཀྱི་དབང་གསུམ་པ་དང༌། ལམ་དུས་ཀྱི་ཕོ་ཉ་བསྟེན་པ་གཉིས་ཀ་ལ་གནད་དུ་ཆེ་བའི་བླ་མའི་ཞལ་ལས་བྱུང་བ་འདི་ཡིན་ཏེ། སྦྱོང་བའི་ཐབས་བསྟན་པ། རླུང་སེམས་ གཟུང་བའི་སྲང་བསྟན་པ། དྲང་བའི་ཐབས་བསྟན་པ། དགྲམ་པའི་གནས་བསྟན་པའོ། །དེ་རྣམས་ཀྱི་དང་པོ་ལའང་བཞི་སྟེ། ཟས་ལ་སོགས་པ་ཅི་རིགས་པ་སྔོན་དུ་སོང་ནས། ལུས་ རྐང་པ་གཡོན་པ་གཡས་པའི་བརླ་སྟེང་དུ་འཁྱུད་པ། གླང་པོའི་རྣ་བ་ལྟར་ལྟེ་བ་དང༌། གསང་གནས་བར་དུ། བཅོས་པའི་ཐབས་བསྟན་པ། སེམས་ཀྱིས་ རླུང་གཟུང་བའི་གནས་བསྟན་པ། དམིགས་པར་ རླུང་སྔོ་ཁྱིལ་ལེ་བ་སོར་བཞིའམ་གཉིས་ཀྱི་ཚད་ལ་དམིགས། བྱ་བའི་ཡུལ་བསྟན་པ༑ རླུང་ཉམས་ བཙན་ཐབས་སུ་སྟེང་འོག་རླུང་ཁ་སྦྱར། དེས་ཞག་གསུམ་ན་ལྟེ་བར་འབུར་གྱིས་འོང་གསུངས། སུ་བླང་བའི་མན་ངག་བསྟན་པའོ། །གཉིས་པ་ལའང་བཞི་སྟེ། ཡུམ་བཞི་དང་སྦྱར་བའི་དུས་ན། པདྨའི་སྣལ་མ་ལྟར་ཕྲ། མདུང་གི་རྩེ་ལྟར་རྣོ༑ རལ་གྲིའི་སོ་ལྟར་གཅོད། མེ་ལོང་གི་ངོས་ལྟར་འཇམ་པའོ། །འདི་ལྟ་བུའི་བཞི་ལྡན་གྱི་རྩ་ཀུན་འདར་སྦྲུལ་གྱི་མགོ་རླུང་གིས་བསྐྱོད་པ་ལྟར། ལྟེ་བའི་གནས་དེར་ཕྲིག་ཕྲིག་ཡོང་བར་བསམ། གསུམ་པ་ནི། མགོ་སྨད། གཞན་བསྟོད་དེ། དང་པོ་ཨ་ཐུང་ངུ་སྒྲ་མེད་དུ་དྲང༌། ཞིང་མགོ་སྤྲུག །དེ་ནས་སྒྲ་བཅས་སུ་དྲང༌། དེས་འགྲེ། མཐར་ཡིད་ཀྱིས་དྲང་སྟེ། མགོ་སྤྲུག །ངེས་པར་ལུས་ཐམས་ཅད་ལ་ཁྱབ་པའི་བདེ་བ་སྐྱེའོ། །བཞི་པ་ནི། སྟེང་རླུང་དགག་པ་ཡིན་ཏེ། དང་པོར་ལག་པ་གཡས་བརྐྱངས་ལ། གཡོན་གྱི་སྣ་ནས་ དབུགས་ནང་དུ་དྲག་ཏུ་རྔུབས། བཟུང་སྟེ་མགོ་སྤྲུག །བཏང་སྟེ་སྤྲུག །ཡང་བཟུང་སྟེ་སྤྲུག་གོ །དེས་ངེས་པར་བ་སྤུའི་བུ་ག་ཚུན་ཆད་ཐིག་ལེས་ཁྱབ་པར་འགྱུར་རོ། །དེ་ནས་ལུས་ཀྱང་རས་བལ་གྱི་ཟེགས་མ་ལྟ་བུར་འགྱུར་རོ། །འཕྲལ་དུ་ཉམས་སུ་མྱོང་བ་སྐྱེ་བའི་ཕྱིར། ཤིན་ཏུའང་གནད་ཆེ་བ་ཡིན་ནོ། །སློབ་དཔོན་ཌོམྦྷི་པའི་ལམ་གཉིས་ལས། རྟོག་མེད་བུ་ཆུང་གི་ལམ་གྱི་དང་པོ་ངག་འདྲེན་པས་མདངས་སྒྲུབ་པ་སྔོན་དུ་སོང་ནས། དེ་ནས་ཕྱག་རྒྱ་བསྟེན་པ་ལ་སྔོན་དུ་རླུང་སྦྱང་དགོས་ཏེ། དེ་ལའང་སྦྱོང་བ། ཐིག་ལེ་གཞུག་པ། དྲང་བའི་ཐབས། དགྲམ་པའི་ཐབས་སོ། །དང་པོ་ལ་བཞི་སྟེ། ལུས་ཀྱི་འཁྲུལ་འཁོར་བསྟན་པ། རླུང་གཟུང་བའི་གནས། དམིགས་པའི་ཡུལ། ཐབས་སོ། །དང་པོ་བསྲང༌། གཉིས་པ་ནི། ལྟེ་བའི་ནང་ནས་མར་འབུར་རེ་བྱུང་ནས་ཐུར་དུ་བལྟས་པ་དང༌། བཤང་གཅིའང་འབུར་ཆེ་བྱུང་ནས་ཀྱི་བར་དེར། སོ་གཉིས་ཀྱི་བར། རླུང་ཁ་དོག་སྔོན་པོ་ལ་དམིགས་པ་གཏད་ལ། རླུང་ཁ་སྦྱར་ལ་བསྒོམ་མོ། །ཞག་གསུམ་ནས་དེ་གཉིས་ཀྱི་བར་ནས་གང་བརྩམས་ལ་བསྒོམ་མོ། །གཞན་ཡང་ཤེས་པར་བྱའོ། །སརྦ་མངྒ་ལཾ།། །།