སློབ་དཔོན་པདྨ་བཛྲས་མཛད་པའི་བསྐྱེད་རིམ་ཟབ་པའི་ཚུལ་དགུས་བརྒྱན་པ།

From Damngak Dzö
DNZ-06-CHA-003
Wylie title slob dpon pad+ma badz+ras mdzad pa'i bskyed rim zab pa'i tshul dgus brgyan pa DNZ-06-CHA-003.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 6, Text 3, Pages 25-56 (Folios 1a1 to 16b3)
Author རྗེ་བཙུན་གྲགས་པ་རྒྱལ་མཚན་
Citation Rje btsun grags pa rgyal mtshan. Slob dpon pad+ma badz+ras mdzad pa'i bskyed rim zab pa'i tshul dgus brgyan pa. In Gdams ngag rin po che'i mdzod, Vol. 6: 25-56. Kalimpong: Rigpe Dorje Publications, 2024. DNZ-Shechen-06-CHA-003.pdf
Shechen Publications, 1999
Side notes Recto: bskyed rim tshul dgus   Verso: sa skya'i skor
More details More details
Associated People པདྨ་བཛྲ་ (Padmavajra)
Genre Spiritual Instructions - gdams ngag  ·  Generation Stage - bskyed rim  ·  Completion Stage - rdzogs rim
Colophon
  • First colophon page 51: །རྗེ་བཙུན་སྙིང་རྗེ་ཆེན་པོ་པདྨ་བཛྲའི་བཞེད་གཞུང༌། བླ་མ་གོང་མ་རྣམས་ཀྱི་ཡི་གེའི་གབ་ཡིག་ལྟ་བུར་མི་གསལ་བ་རྣམས་གསལ་བར་བྱ་བའི་ཕྱིར། ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་ལ། ཤཱཀྱའི་དགེ་སློང་སྦལ་སྟོན་དར་མ་འབྱུང་གནས་ཀྱིས་ལན་མང་དུ་གསོལ་བ་བཏབ་ནས་དཔལ་ལྡན་ས་སྐྱའི་དབེན་གནས་དམ་པར་བྲིས་པའོ། །ས་མཔྟ་མི་ཐཱི།
  • Second colophon page 56: དཔལ་ཀྱཻ་རྡོ་རྗེའི་མར་མེའི་རྩེ་མོ་ལྟ་བུའི་གདམས་ངག་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པ་ ག་ཡ་དྷ་རའི་བླ་མས་གསུངས། རྫོགས་སོ།
  • Translators colophon page 56: རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང༌། བླ་མ་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཞིང་ཞུས་པའོ།
  • First colophon page 51: rje btsun snying rje chen po pad+ma badz+ra'i bzhed gzhung /_bla ma gong ma rnams kyi yi ge'i gab yig lta bur mi gsal ba rnams gsal bar bya ba'i phyir/_shAkya'i dge bsnyen grags pa rgyal mtshan la/_shAkya'i dge slong sbal ston dar ma 'byung gnas kyis lan mang du gsol ba btab nas dpal ldan sa skya'i dben gnas dam par bris pa'o/_/sa map+ta mi thI/
  • Second colophon page 56: dpal kyai rdo rje'i mar me'i rtse mo lta bu'i gdams ngag slob dpon mtsho skyes rdo rjes mdzad pa _ga ya d+ha ra'i bla mas gsungs/_rdzogs so/
  • Translators colophon page 56: rgya gar gyi mkhan po ga ya d+ha ra dang /_bla ma shAkya ye shes kyis bsgyur zhing zhus pa'o/
Notes There are two texts attributed to Padmavajra included in this entry:
  1. bskyed rim zab pa'i tshul dgus brgyan pa (pp 25-51)
  2. rdzogs rim mar me'i rtse mo lta bu'i gdams ngag (pp 51-56)
[edit]
༄༅། །སློབ་དཔོན་པདྨ་བཛྲས་མཛད་པའི་བསྐྱེད་རིམ་ཟབ་པའི་ཚུལ་དགུས་བརྒྱན་པ་ཞེས་བྱ་བ་བཞུགས་སོ། །

༄༅། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་པདྨ་བཛྲ་སྙིང་རྗེ་ཆེན་པོའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །དམ་པ་འདིའི་གཞུང་ལུགས་ཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས་ལ་བརྟེན་ནས་སྐྱེ་གནས་བཞིའི་གཉེན་པོར། བསྐྱེད་ཆོག་ཡན་ལག་རྣམ་པ་བཞི་བསྙེན་སྒྲུབ་ཀྱི་ཆ་དབྲི་བ་དང་བཅས་པ་ཟབ་པའི་ཚུལ་དགུས་བརྒྱན་པས་ལམ་ཡོངས་སུ་རྫོགས་པའི་མན་ངག་ཅེས་བྱ་བ་ཡིན་ཏེ། དེའང་མདོར་ན་འཁོར་བ་ཇི་ལྟ་བར་ལམ་དང་འབྲས་བུའང་དེ་ལྟར་ཡིན་པས། བརྟག་པ་གཉིས་པ་ལས། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་བྱ་བ་ལ་སོགས་པའི་གཞུང་ལ་བརྟེན་པའི་མན་ངག་ཡིན་ཏེ། དེ་ལ་གསུམ། རྒྱུ་རང་བཞིན་གྱིས་གནས་པ་ཡང་འཁོར་འདས་དབྱེར་མེད། སྒྲུབ་པ་པོས་ལམ་ཉམས་སུ་ལེན་པ་ཡང་འཁོར་འདས་དབྱེར་མེད་དུ་ཉམས་སུ་བླངས་པ་ཡིན་ལ། འབྲས་བུ་ཡོངས་སུ་དག་པ་ཡང་འཁོར་འདས་དབྱེར་མེད་དུ་རྗེ་བཙུན་སྙིང་རྗེ་ཆེན་པོ་བཞེད་དེ། མདོར་བསྟན་པ་ཙམ་མོ། །ཞིབ་ཏུ་བརྗོད་ན་ཆོས་རྣམ་པ་བཞི་སྟེ། ཐོག་མར་ལྟ་བ་འཁོར་འདས་དབྱེར་མེད་དུ་རྟོགས་པ། ལམ་ཞི་གནས་ཀྱིས་སེམས་གནས་པའི་ཐབས་དགུ་ལམ་གྱི་ས་མཚམས་དང་བཅས་པ། ཕྱི་རོལ་གྱི་སྤྲོས་པ་ཐམས་ཅད་བཅད་པ་ཟབ་པའི་ཚུལ་དགུས་ངེས་ཤེས་བསྐྱེད་པ། འབྲས་བུ་སྐུ་གསུམ་ཡན་ལག་བདུན་ལྡན་དུ་བསྟན་པའོ། །དེ་ལས་དང་པོ་ལྟ་བ་ནི། སྔར་བསྟན་པ་ལྟར་རྒྱུ་ལམ་འབྲས་བུ་ཐམས་ཅད་འཁོར་འདས་དབྱེར་མེད་དུ་རྟོགས་པ་ཡིན་ཏེ། དེ་ལ་རྒྱུ་འཁོར་འདས་དབྱེར་མེད་ནི། ཁམས་གསུམ་གྱི་རྒྱུ་གཟུང་འཛིན་དང་། སྣང་བ་སྣ་ཚོགས། རྣམ་རྟོག་དང་། སྡུག་བསྔལ་བློ་བུར་བ་དུ་མ་ནི་འཁོར་བ། རང་བཞིན་གྱིས་སྐྱེ་བ་མེད་པ་ཆུ་ལ་ཆུ་བཞག་པ་ལྟར་རོ་གཅིག་པ་ནི་མྱ་ངན་ལས་འདས་པའོ། །ཡང་སྣོད་གཞལ་ཡས་ཁང་ཡིན་ལ། བཅུད་སེམས་ཅན་རྣམས་ནི་ལྷ་དགུའི་ངོ་བོ་ཡིན་ནོ། །དཔེར་ན་གསེར་གཡའ་དང་བཅས་ཀྱང་རང་བཞིན་གྱིས་སེར་པོར་སྣང་བ་བཞིན་ཏུ། ལུས་སེམས་རྟོག་བཅས་ཡིན་ཡང་རང་བཞིན་གྱིས་སྤྲོས་བྲལ་ཏུ་ཤེས་པར་བྱའོ། །ལམ་གྱི་འཁོར་འདས་དབྱེར་མེད་ནི། བསྐྱེད་པ་དང་རྫོགས་པ་གཉིས་ཀྱི་དབྱེར་མེད་དེ། དང་པོ་ནི། སྣོད་གཞལ་མེད་ཁང་དུ་སྣང་སྟེ། རིགས་དྲུག་ལྷ་དགུར་སྣང་བའོ། །དེ་ཡང་ཆོས་ཅན་དང་ཆོས་ཉིད་གཅིག་པར་བཞེད་དེ། སྣོད་སྤངས་པའི་གཞལ་ཡས་ཁང་མི་རྙེད་ལ། རིགས་དྲུག་ལས་གུད་ན་ལྷ་མི་རྙེད་པས་བསྐྱེད་པའི་ཕྱོགས་ཀྱི་འཁོར་འདས་དབྱེར་མེད་དོ། །རྫོགས་པའི་ཡེ་ཤེས་ལ་མ་དག་པ་ཁམས་གསུམ་དང༌། དག་པ་དཀྱིལ་འཁོར་གྱི་འཁོར་ལོའང་རིམ་གྱིས་བསྡུ་སྟེ། སེམས་བདེ་ཆེན་དུ་རྟོགས་པའོ། །དེ་ཡང༌། དེར་ནི་ཐོག་མེད་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད༑ ༑ཅེས་བྱ་བ་ལ་སོགས་པའི་གཞུང་གི་དོན་ཡིན་ནོ། །འབྲས་བུ་འཁོར་འདས་དབྱེར་མེད་ནི། གོམས་པའི་ཕུལ་དུ་བྱུང་བའི་ཚེ་བ་སྤུའི་ཁུང་བུ་གཅིག་ཏུ་ཡང་འཁོར་བ་ཁམས་གསུམ་ཚུད་ལ། དེ་དག་ཀྱང་མྱ་ངན་ལས་འདས་པ། དེ་བཞིན་གཤེགས་པའི་ཞིང་ཁམས་སུ་བསྒྱུར་ཏེ། གཟུགས་སྐུའི་འཁོར་འདས་དབྱེར་མེད་དོ། །ཆོས་སྐུའི་འཁོར་འདས་དབྱེར་མེད་ནི། ཐམས་ཅད་རང་གི་ཟག་མེད་ཀྱི་ཡེ་ཤེས་ཀྱི་ངོ་བོར་རྟོགས་པས་བླང་དོར་གཉིས་མེད། སྤངས་ཐོབ་གཉིས་མེད། གནས་འགྱུར་གྱི་ཡེ་ཤེས་ཞེས་མིང་ཐོབ། རྟེན་གྱི་གང་ཟག་གཅིག་གི་རྒྱུད་ལ་ལྟོས་ནས། སངས་རྒྱས་དང་སེམས་ཅན་རྒྱུད་གཅིག་ཏུ་འདྲེས་ཞེས་བྱའོ། །དེ་ལྟར་གནས་སྐབས་རྣམ་པ་གསུམ་འཁོར་འདས་དབྱེར་མེད་དུ་རྟོགས་པ་ནི། རྣལ་འབྱོར་གྱི་དབང་ཕྱུག་པདྨ་བཛྲའི་ཐུགས་དགོངས་ཁས་ལེན་ནུས་པ་ཡིན་ཏེ། དེའང་རྒྱུད་ལས། ཕྱིས་ནས་དེ་ཉིད་ཡང་དག་བཤད། །རྣམ་ཤེས་ཡེ་ཤེས་གཟུགས་ཅན་དང༌། །འཁོར་བ་རྣམ་པར་རྟོག་པ་གཉིས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་བྱ་བ་དང་སྦྱར་རོ། །སྤྱི་དོན་དང་པོ་ལྟ་བ་བསྟན་ཟིན་ཏོ། །སྤྱི་དོན་གཉིས་པ་ཉམས་སུ་བླང་བའི་རིམ་པ་ནི། གང་ཟག་རིགས་བཞིའི་སྐྱེ་གནས་བཞིའི་གཉེན་པོར། དྲོད་གཤེར་ལས་སྐྱེས་པ་ལ་གཉིས་སུ་བྱས་ནས། བསྐྱེད་ཆོག་རྣམ་པ་ལྔས། ཕྱི་དབྱིབས་ཀྱི་ལམ་རྫོགས་པར་བསྒོམས་པས་ལམ་ཚོགས་སྦྱོར་གཉིས་མཐར་ཕྱིན་པ་དང༌། དེ་ལས་འདས་པའི་གང་ཟག་གསུམ་གྱི། དང་པོས་རྩ་ལུས་ཀྱི་དཀྱིལ་འཁོར་བརྟགས་པའི་ལམ་ལ་བརྟེན་ནས་མཐོང་ལམ་མཐར་ཕྱིན་པ་དང༌། དེ་ལས་འདས་པའི་གང་ཟག་གིས་བྷ་གའི་དཀྱིལ་འཁོར་བརྟགས་པ་ལ་བརྟེན་ནས་རྩ་རྣམས་ཨཱ་ལི་ཀཱ་ལིའི་རྣམ་པར་མཐོང་བས་སྒོམ་ལམ་མཐར་ཕྱིན་པ་དང་། དེ་ལས་འདས་པའི་གང་ཟག་གིས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཐིག་ལེ་ཁ་དོག་སྣ་ཚོགས་མཐོང་སྟེ་མཐར་ཕྱིན་པའི་ལམ་མངོན་ཏུ་བྱས་སོ། །དེ་དག་ནི་རྫོགས་པའི་རིམ་པ་གསང་བ་ཆོས་ཀྱི་དཀྱིལ་འཁོར་གསུམ་གྱིས་ལམ་བགྲོད་པ་ཡིན་ནོ། །དེ་ལས་ཐོག་མར་བསྐྱེད་པའི་རིམ་པའི་གང་ཟག་ནི། ལས་དང་པོ་པའི་རྟེན་གྱི་གང་ཟག །བདེ་བ་ཅུང་ཟད་སྐྱེས་པའི་རྟེན་གྱི་གང་ཟག །བདེ་སྟོང་གི་ཉམས་སྐྱེས་པའི་རྟེན་གྱི་གང་ཟག །ཉམས་ཆེར་སྐྱེས་པའི་རྟེན་གྱི་གང་ཟག་སྟེ་བཞིའོ། །ཡང་དེ་ཉིད་ལ་ཉོན་མོངས་པའི་འཆིང་བ་མཐའ་དག་དང་ལྡན་པས་ཐ་མའི་ཐ་མ་ཞེས་བྱ་བ་དང༌། ཐ་མ་དང༌། འབྲིང་དང༌། རབ་ཅེས་བྱའོ། །ཡང་དེ་ཉིད་ལ་ལས་དང་པོ་བ་དང༌། ཅུང་ཟད་ཡེ་ཤེས་ལ་དབང་བ་དང༌། ཡེ་ཤེས་ལ་དབང་བ་དང་། ཡང་དག་པའི་ཡེ་ཤེས་ལ་དབང་བ་ཞེས་བྱ་བ་སྟེ། འདི་བཞིས་ལམ་ཚོགས་སྦྱོར་གཉིས་མཐར་ཕྱིན་པ་ཡིན་ཏེ། འདི་དག་གི་རྟགས་ཀྱི་ཁྱད་པར་ནི་འོག་ནས་འཆད་པར་འགྱུར་ལ། འདིར་འཆད་པར་འདོད་ན། འོག་གི་ངག་འདོན་ཡར་བླངས་ལ་བཤད་པར་བྱའོ། །དེར་ཡང་སློབ་དཔོན་འདིའི་བཞེད་པས་ལམ་གྱིས་འཇུག་པར་བཞེད་དེ། བསྐྱེད་ཆོག་དང་སྦྱར་ན། གང་ཟག་དང་པོས་ལྷ་དྲོད་གཤེར་ལས་སྐྱེས་པ་དང་པོའི་བསྐྱེད་ཆོག་བསྒོམ། གང་ཟག་གཉིས་པས་དྲོད་གཤེར་ལས་སྐྱེས་པ་གཉིས་བསྒོམ། གང་ཟག་གསུམ་པས་སྒོ་ང་ལས་སྐྱེས་པ་བསྒོམ། གང་ཟག་བཞི་པས་གཙོ་བོ་རྫུས་སྐྱེས་དང༌། འཁོར་མངལ་སྐྱེས་ཀྱི་མངོན་པར་རྟོགས་པ་བསྒོམ་སྟེ། དམ་ཚིག་སེམས་དཔའ་བསྐྱེད་པ་བསྙེན་པའི་ཡན་ལག་གོ །དེ་ནས་ཡེ་ཤེས་པ་གཞུག་པ་ཉེ་བར་སྒྲུབ་པ་ཡིན་ལ། སྒྲུབ་པ་དང་སྒྲུབ་པ་ཆེན་པོ་ནི་དབང་གི་གནད་ཀྱིས་འགྲེ་ཞིང་འབྱུང་བ་ཡིན་ཏེ། མདོར་བསྟན་པ་ཙམ་མོ། །དེ་ཉིད་རྒྱས་པར་བཤད་པ་ལས། དྲོད་གཤེར་ལས་སྐྱེ་བ་དང་པོའི་དབང་དུ་བྱས་ན། ཞིབ་ཏུ་ནི་གཞུང་དང་བླ་མའི་མན་ངག་གིས་འཆད་པར་འགྱུར་ལ། མདོ་ཙམ་འདིར་བརྗོད་ན། བླ་མ་དམ་པ་ལས་དབང་བཞི་རྫོགས་པར་ཐོབ་ནས། སྒྲུབ་པའི་ལུང་ཡང་ཐོབ་སྟེ། ཐུན་བཞིའི་ངེས་པས་ཉམས་སུ་ལེན་པའི་ཚེ། མཉམ་པར་གཞག་པ་དང༌། མཉམ་གཞག་ལས་ལངས་པ་གཉིས་ལས། མཉམ་པར་གཞག་པའི་དུས་སུ། ཚོགས་ཀྱི་ཞིང་མདུན་གྱི་ནམ་མཁར་སྤྱན་དྲངས་ལ་མཆོད་དེ། སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་བྱ། ཚད་མེད་བཞི་བསྒོམ་སྟེ་བསོད་ནམས་ཀྱི་ཚོགས་སོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་སྟོང་པར་བསྒོམ་སྟེ་ཚོགས་གཉིས་བསག་པའོ། །དེ་ནས་སྲུང་བའི་འཁོར་ལོ་དང༌། དུར་ཁྲོད་བརྒྱད་དང༌། གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད། དེ་ནས་གཙོ་བོ། འཁོར་དགུའི་དབུས་སུ་ཨཱ་ལི་ལས་ཟླ་བ་དགུ། ཀཱ་ལི་ལས་ཉི་མ་དགུ༑ ཕྱོགས་མཚམས་ཀྱི་ཉི་ཟླ་བློས་དོར་ལ། དབུས་ཀྱི་ཉི་ཟླའི་བར་གྱི་ས་བོན་དང་ཕྱག་མཚན་ཆུ་དང་འོ་མ་ལྟར་གཅིག་ཏུ་འདྲེས་པས། དེ་ལས་སྐུ་ཡོངས་སུ་རྫོགས་པ་སྟེ་ཡེ་ཤེས་ལྔའི་ངོ་བོར་མོས་པ་བྱ། དེའང་ཟླ་བ་ནི་གཤེར། ཉི་མ་ནི་དྲོད། རྒྱུ་ཨཱ་ལི་ཀཱ་ལི་ལས་སྐྱེ་བ་སྟེ། དྲོད་གཤེར་ལས་སྐྱེས་པ་དང་པོ་ཞེས་མིང་ཐོབ་བོ། །དེ་ནས་མཁའ་གསང་བྱིན་གྱིས་བརླབས། འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པ་ལ་བརྟེན་ནས། དེ་བཞིན་གཤེགས་པའི་ཚོགས་ཞལ་དུ་ཞུགས། སྙིང་གར་ཞུ། དབང་གི་གནས་སུ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་གཉིས་ཕབ། ཐིག་ལེ་ཉི་ཟླའི་བར་དུ་སྤྲོས། དེ་དག་ས་བོན་དང་ཕྱག་མཚན་ས་བོན་གྱིས་མཚན་པའི་བར་དུ་གྱུར་ཏེ་གཅིག་ཏུ་འདྲེས། སྐུ་རྫོགས་པ་ཡེ་ཤེས་ལྔར་བྱིན་གྱིས་བརླབ། དེ་དག་ནི་ལྷ་དགུའི་རྣམ་པར་རྫོགས་པ་བདེ་ཆེན་ལ་ལོངས་སྤྱོད་པས་ལོངས་སྤྱོད་རྫོགས་སྐུ་ཡིན་ནོ། །སྙམ་དུ་དྲན་པ་ཙམ་བྱ། ཞིབ་ཏུ་བསྒོམ་མི་དགོས། དྲན་པ་ཙམ་བྱ་བ་འདི་འོག་མའི་སྐུ་གཉིས་པོ་ལའང་ཤེས་པར་བྱའོ། །དེ་ནས་ཡབ་ཡུམ་སྙོམས་པར་ཞུགས་པས། ཟག་པ་མེད་པའི་བདེ་བ་ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་མྱོང༌། དེ་ཉིད་རྗེས་ཆགས་ཀྱི་བདེ་ཆེན་གྱི་མེ་ཡིན་པས་ཡབ་ཡུམ་གྱི་ཕུང་ཁམས་དང་སྐྱེ་མཆེད་རྣམས་འོད་དུ་ཞུ། རྣམ་པ་འོད་ཕུང་ཐིག་ལེ། དོན་ཡབ་ཞུ་བས་ཡེ་ཤེས། ཡུམ་ཞུ་བས་དབྱིངས་ཏེ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཆོས་ཀྱི་སྐུར་མོས་པ་བྱའོ། །དེ་ནས་ཏིང་ངེ་འཛིན་གྱི་རྒྱུན་དེ་མཚམས་ཀྱི་ལྷ་མོ་བཞིར་མོས་པ་བྱས་ལ། སེམས་ཅན་གྱི་དོན་དང༌། ཟག་མེད་ཀྱི་བདེ་ཆེན་གྱི་ཕྱིར། གཙོ་བོ་ཆོས་སྐུ་འོད་ཕུང་ཐིག་ལེ་ལས་བསླང་བར་བྱའོ། །སྙམ་དུ་རྗེས་སུ་དྲན་པར་བྱས་ལ་གླུས་རིམ་གྱིས་བསྐུལ། ཐིག་ལེ་ལས་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་དང་འདྲ་བར་མངོན་བྱང་ལྔས་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས། སྔོན་དུ་སྣོད་བཅུད་སྦྱངས་ཏེ། ཡན་ལག་དང་པོ་བསྙེན་པའི་ཡན་ལག་སྟེ། ཆོ་ག་ཆ་དབྲི་བ་ཕལ་ཆེར་འདི་ལས་འབྱུང་བ་ཡིན་ནོ། །དེ་ནས་ཡེ་ཤེས་འཁོར་ལོ་དགུག་གཞུག་བྱས་ཏེ། ཡན་ལག་གཉིས་པ་ཉེ་བར་བསྒྲུབ་པའོ། །གསུམ་པ་སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་སྒྲུབ་པ་དང༌། དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་པ་སྒྲུབ་པ་ཆེན་པོ་གཉིས་ནི་འགྲེ་ཞིང་འབྱུང་བ་ཡིན་ཏེ། དབང་བཞིའི་གནད་ཀྱིས་སོ། །དེ་ཡང་དབང་བསྐུར་གྱི་ལྷ་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ། མཆོད་བསྟོད་གསོལ་བ་གདབ། དེ་ནས་དབང་བསྐུར་བ་ན་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་སྤྱི་གཙུག་གི་བར་དུ་གང༌། རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་པར་མོས། དེས་ལམ་བསྐྱེད་པའི་རིམ་པ་དབྱིབས་ལ་དབང་བས། བསྐྱེད་རིམ་གྱི་མཐར་ཐུག་ནི། རྒྱན་ཆ་མཐའ་དག་གསལ་བར་བྱ་ཕྱིར་གོ་ཆ་བཅིང་བ་སྟེ་རྒྱན་དྲུག་གི་དག་པ་བསྒོམ་པ་དང་འབྲེལ། མགྲིན་པ་ཡན་ཆད་གང་བས་གསང་བའི་དབང་ཐོབ་པར་མོས༑ དེས་ལམ་བདག་བྱིན་གྱིས་བརླབས་པའི་ལམ་སྒོམ་པ་ལ་དབང་ལ། རང་བྱིན་རླབས་ཀྱི་མཐར་ཐུག་འཁོར་ལོ་བཞི་ལ་བསྟེན་པའི་ཙཎྜ་ལཱི་ཡིན་པས། འཁོར་ལོ་བཞིའི་རྒྱས་གདབ་པ་རླུང་སེམས་ཀྱི་རྟེན་ཡིན་པས་དང་པོར་བསྒོམ། སྙིང་ག་ཡན་ཆད་གང༌། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་མོས། དེས་ལམ་ཕྱག་རྒྱ་བསྟེན་པ་ལ་དབང་ལ། ལྷན་སྐྱེས་ཉམས་སུ་མྱོང་བས་རྣམ་ཤེས་དྲུག་ཡུལ་དྲུག་ལ་ལྷུག་པར་བཞག་པ་དང༌། ལུས་ངག་ཡིད་གསུམ་ཞེན་པ་དང་བྲལ་བ་དང་འབྲེལ་ལ། དེའི་ཕྱི་རྟགས་སུ་སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པར་བསྒོམ། ལྟེ་བའི་འཁོར་ལོ་ནས་གསང་གནས་ཀྱི་བར་དུ་གང༌། མཆོག་ཏུ་བདེ་ཆེན་བཞི་པ་ཐོབ་པར་མོས། དེ་ནས་རིགས་ཀྱི་བདག་པོས་རྒྱས་གདབ་པར་བྱ་སྟེ། དེ་དག་ལ་སྤྲུལ་པའི་སྐུར་མོས་པ་བྱའོ། །དབང་དེ་ཐོབ་པས་ལས་འཁོར་འདས་སྣང་བ་མི་དམིགས་ཏེ་བདེ་སྟོང་མཆོག་དང་འབྲེལ་བས་རིགས་བདག་གི་མཐར་དཀྱིལ་འཁོར་གྱི་འཁོར་ལོ་བསྡུ་བའམ་མ་བསྡུས་པར་གསལ་བཏབ་ལ། བསྡུ་བ་གང་རུང་བྱའོ། །དམ་པ་འདིས་ཡན་ལག་གསུམ་པ་གོ་ཆ་བཅིང་བ་ལ་སོགས་པ་ཆོས་བཞིས་བསྡུས་པ་ཡིན་ལ། སྒྲུབ་པ་ཆེན་པོ་ནི་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པའོ། །དེ་ལྟར་ལས་དང་པོ་པའི་རྟེན་གྱི་གང་ཟག་ལྷ་དྲོད་གཤེར་ལས་སྐྱེ་བ་དང་པོའི་མངོན་པར་རྟོགས་པ་འདིའི་སྟེང་དུ་ཞི་གནས་ཀྱི་སེམས་གནས་པའི་ཐབས་དགུ་ལ་བརྟེན་ནས་སེམས་ཟིན་པ་བརྟན་པར་བྱ་བ་ཡིན་ཏེ། དེ་ལའང་ཐོག་མར་རྟོགས་པ་བསྐྱེད་པའི་ཕྱིར་བསྐྱེད་རྫོགས་གཉིས་ཀ་དག་པ་གསུམ་གསུམ་དུ་བསྡུས་པར་བཞེད་དེ། དེ་ལ་བསྐྱེད་པའི་རིམ་པའི་དབང་དུ་བྱས་ན། ཡེ་ཤེས་ཀྱི་ཚོགས་བསག་པ་ནི་དེ་བཞིན་པ་ཉིད་ཀྱི་དག་པ། བསྙེན་སྒྲུབ་བཞིས་ལྷའི་རྣམ་པ་ཡོངས་སུ་རྫོགས་པ་ནི་ལྷ་སོ་སོའི་དག་པ། ཞི་གནས་ཀྱི་རོའི་ཉམས་སུ་མྱོང་བ་རྒྱུད་ལ་སྐྱེས་པ་ནི་རང་རིག་པའི་དག་པ་ཞེས་བྱའོ། །དེ་ཡང་ལྷའི་རྣམ་པ་ལ་སེམས་འཛིན་པ་ཡང༌། གཙོ་བོ་ཡབ་ལ་སེམས་གཟུང་བ་དང༌། ཡུམ་ལ་སེམས་གཟུང་བ་དང༌། ལྷ་དགུ་ལ་བློ་གནས་པ་དང༌། དཀྱིལ་འཁོར་ཁམས་གསུམ་དང་བཅས་པ་ལ་བློ་གནས་པར་འདོད་པའོ། །དེ་རེ་རེ་ལའང་འཇུག་པའི་རིམ་པ་དང༌། གནས་པའི་རིམ་པ་དང༌། ལྡང་བའི་རིམ་པ་གསུམ་གསུམ་དུ་བླ་མས་བཤད་པར་བྱའོ། །དེ་ལ་གནས་པའི་རིམ་པ་ལ་སེམས་གཟུང་བ་ལ་ཡང་མན་ངག་དགུ་སྟེ། སེམས་འཇོག་པ་དང༌། ཀུན་ཏུའམ་རྒྱུན་དུ་འཇོག་པ་དང༌། ངེས་པར་འཇོག་པའམ་བསླན་ཏེ་འཇོག་པ་དང༌། ཉེ་བར་འཇོག་པ་དང༌། དུལ་བར་བྱེད་པ་དང༌། ཞི་བར་བྱེད་པ་དང༌། ཉེ་བར་ཞི་དང༌། རྒྱུན་གཅིག་ཏུ་བྱེད་པའམ་རྩེ་གཅིག་ཏུ་བྱེད་པ་དང༌། ཤིན་ཏུ་མཉམ་པར་འཇོག་པ་ཞེས་བྱ་བ་ཡིན་ནོ། །འཇོག་དང་རྒྱུན་འཇོག་བསླན་ཏེ་འཇོག །ཉེར་འཇོག་དུལ་དང་ཞི་བར་བྱེད། །ཉེར་ཞི་རྒྱུན་གཅིག་མཉམ་འཇོག་པ། །འཛིན་པའི་རིམ་པ་རྣམ་དགུ་ཡིན༑ ༑ཅེས་བསྡུ་བའི་ཤློ་ཀའོ། །དེ་ལ་འཇོག་པ་ནི། ལྡང་བའི་རྣལ་འབྱོར་ནས་བཟུང་སྟེ་རིགས་ཀྱི་བདག་པོས་རྒྱས་གདབ་པའི་བར་དུ་ཤིན་ཏུ་རྩོལ་བ་བསྒྲིམས་ཏེ་བསྒོམས་ལ། དེ་ལ་སེམས་ཅུང་ཟད་ཙམ་འཇོག་པའོ། །དེའང་ལས་དང་པོ་ལ་མྱུར་བ་གནད་དུ་ཆེའོ། །འདི་མན་ཆད་ཀྱི་སེམས་འཛིན་ན་གསལ་བ་གནད་དུ་ཆེའོ། །དེ་ནས་རྒྱུན་དུ་འཇོག་པ་བསྒོམ་པའི་ཕྱིར་དཀྱིལ་འཁོར་བསྡུས་པ་ལ་གཙོ་བོའི་ང་རྒྱལ་ལ་གནས་པའམ། དཀྱིལ་འཁོར་མ་བསྡུས་ཀྱང་རུང་སྟེ། ཐོག་མར་སྤྱན་དབུས་མ་ལ་སེམས་གཟུང་སྟེ། དེའང་གསལ་ན་གསལ་ཏེ་འཕྲོ་བཅད། བསམ་གཏན་གྱི་དུག་དབྱུང༌། མི་གསལ་ན་མི་གསལ་ཏེ་འཕྲོ་བཅད། བསམ་གཏན་གྱི་དུག་དབྱུང༌། འཕྲོ་བཅད་ཀྱང་རྣམ་པ་ཝལ་ཝལ་བྱུང་ན། བསམ་གཏན་གྱི་དུག་ཡིན་པས། བུམ་པའམ་སྣམ་བུ་ལ་སོགས་པ་དངོས་པོ་གཞན་ལ་ཤེས་པ་ཡེངས་སུ་གཞུག །ཡང་བསྒོམས་ཏེ། གསལ་ན་གསལ་ཏེ་འཕྲོ་བཅད། མི་གསལ་ན་མི་གསལ་ཏེ་འཕྲོ་བཅད་ཅིང་ཡེངས་སུ་གཞུག་སྟེ། བསྒོམས་པས་གསལ་བཏབ་པའོ། །དེ་ལྟ་བུའི་ཚུལ་གྱིས་བསམ་གཏན་གྱི་དུག་ཕྱུང་ཞིང་ཡང་དང་ཡང་དུ་གོམས་པར་བྱས་ཀྱང་དམིགས་པ་གསལ་བ་མ་བྱུང་ན། བརྗོད་ནས་གསལ་གདབ་པ་ཞེས་བྱ་བ་བསྒོམ། དེ་ལའང་གཉིས་ལས། རང་གིས་བརྗོད་པས་གསལ་གདབ་པ་ནི། སྤྱན་དབུ་མ་སྤྱན་རྩ་ཁྲོ་ཞིང་དམར་བ། ཞེས་བརྗོད་ལ་སྔ་མ་བཞིན་ཏུ་བསམ་གཏན་གྱི་དུག་དབྱུང་ཞིང་བསྒོམ། དེས་ཀྱང་གསལ་བ་མ་བྱུང་ན། གཞན་དག་ཅིག་སྤྱན་དབུ་མ་ཞེས་བརྗོད་དུ་བཅུག་ལ། ཡང་བསམ་གཏན་གྱི་དུག་དབྱུང་ཞིང་བསྒོམ། དེས་ཀྱང་མི་གསལ་ན། བལྟས་པས་གསལ་གདབ་པ་ཞེས་བྱ་ལ། སྤྱན་དབུ་མ་ཤིན་ཏུ་མཛེས་པ་ཞིག་བྲིས་ལ་བལྟས་ཤིང་བསམ་གཏན་གྱི་དུག་དབྱུང་ཞིང་བསྒོམ། དེ་དག་གི་དུས་སུའང་མ་བསྒོམས་ཙ་ན་རྣམ་པ་ཝལ་ཝལ་བྱུང་ན། བསམ་གཏན་གྱི་དུག་ཡིན་པས་གཞན་ལ་ཤེས་པ་ཡེངས་སུ་གཞུག །དེ་ལྟར་བསྒོམས་པས་གང་ལ་གསལ་བར་འདོད་པ་དེ་ལ་གསལ་བར་བྱུང་ན། ལྷ་སོ་སོའི་དག་པ་སོ་རུ་སླེབས་པ་ཡིན། གསལ་འཕྲོ་ལ་མེད་པར་འདོད་པས་མེད་པར་བྱ་བར་ནུས་ན། དེ་བཞིན་ཉིད་ཀྱི་དག་པ་སོ་རུ་སླེབས། དེ་དག་ལ་བརྟེན་ནས་ཞི་གནས་ཀྱི་ཉམས་ཁྱད་པར་ཅན་སྐྱེས་པ་ནི་རང་རིག་པའི་དག་པ་སོ་རུ་སླེབས་པའོ། །དེ་ནས་ཐུན་ནམ་འཇོག་ཙམ་ན། སྣོད་བཅུད་ཐམས་ཅད་རང་གིས་བསྒོམས་པའི་སྲུང་འཁོར་ལ་བསྡུས་ནས། ཐ་མ་ཧཱུྃ་ཡང་འོད་ཕུང་ཐིག་ལེར་ཞུ་བར་བསྒོམ་པ་ནི་རིགས་ལྔ་བསྡུས་པའི་ངོ་བོ་ཡིན་པས། རྫོགས་པའི་རིམ་པ་ལྷ་སོ་སོའི་དག་པ། དེ་ཡང་མར་མེའི་རྩེ་མོ་ལྟར་དམར་ནག་གི་རྣམ་པར་བསྒོམ་པ་ནི་བདེ་བ་ཆེན་པོའི་ངོ་བོ་ཡིན་པས་རང་རིག་པའི་དག་པ། དེ་ཡང་མི་དམིགས་པར་བསྒོམ་སྟེ། མི་དམིགས་པ་བྱ་བ་ཙམ་དུའང་འཛིན་པ་མེད་པར་བསྒོམ་པ་ནི་དེ་བཞིན་ཉིད་ཀྱི་དག་པའོ། །དེ་དག་ནི་རྒྱུན་དུ་འཇོག་པའི་གདམས་ངག་ཡིན་ནོ། །གསུམ་པ་ངེས་པར་འཇོག་པའམ་བསླན་ཏེ་འཇོག་པ་ནི། ཤེས་པ་ཕྱིར་འཕྲོས་ན་ངའི་ཤེས་པ་རྒོད་པར་སོང་སྙམ་ཤེས་པས་དྲན་པ་མྱུར་དུ་བསླན་ཏེ། རིངས་པར་དམིགས་པ་ལ་བློ་འཇོག་པའོ། །བཞི་པ་ཉེ་བར་འཇོག་པ་ནི། དམིགས་པ་གཅིག་གིས་སེམས་སྐྱོ་ན་དབུའི་གཙུག་ཏོར་རམ། སྣ་ཚོགས་རྡོ་རྗེའམ། ཞལ་གྱི་མཆེ་བ་ལྟ་བུ་ལ་ཐུན་རེ་རེ་ཙམ་བསྒོམས་པས་དབུགས་ཕྱུང་ལ༑ ཡང་སྔར་གྱི་དེ་ཉིད་བསྒོམ་པར་བྱའོ། །ལྔ་པ་དུལ་བར་བྱེད་པ་ནི། ཏིང་ངེ་འཛིན་ལ་ཡོན་ཏན་དཔག་ཏུ་མེད་པ་ཡོད་པར་ཤེས་པར་བྱས་ལ། སྤྱོད་ལམ་ཐམས་ཅད་དུ་དམིགས་པ་གསལ་བ་མེད་ཀྱང་ལྷའི་རྣམ་པ་རྟག་ཏུ་དྲན་པས་སེམས་གདུལ་བར་བྱའོ། །དྲུག་པ་ཞི་བར་བྱེད་པ་ནི། རྣམ་པར་རྟོག་པ་འཕྲོ་བ་ན་ཡིད་མི་དགའ་བར་གྱུར་པའི་ཚེ་དམིགས་པའི་སྟེང་དུ་སེམས་གློད་དེ་ཞི་བར་བྱའོ། །བདུན་པ་ཉེ་བར་ཞི་བར་བྱེད་པ་ནི། བརྣབ་སེམས་ལ་སོགས་པའི་མི་དགེ་བའི་སེམས་སྐྱེས་པའི་ཚེ་དམིགས་པ་ལ་བརྟེན་ནས་ཞི་བར་བྱེད་པའོ། །བརྒྱད་པ་རྩེ་གཅིག་ཏུ་བྱེད་པ་ནི། སེམས་ཕྱིར་མི་འགྲོ་བར་གནས་ན། དེ་ཉིད་ཀྱི་སྟེང་དུ་རྩེ་གཅིག་ཏུ་འཇོག་པར་བྱེད་པའོ། །དགུ་པ་ཤིན་ཏུ་མཉམ་པར་འཇོག་པར་བྱེད་པ་ནི། དམིགས་པ་དེ་དག་བརྟན་ནས་ཆེད་དུ་མ་བསྒྲུབས་པར་ཡང་ཏིང་ངེ་འཛིན་འབྱུང་བ་ཡིན་ནོ། །དེ་དག་ཀྱང་མདོ་སྡེ་རྒྱན་ལས། དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །དེ་ལས་སླར་ཡང་བླན་པར་བྱ། །བློ་ལྡན་གོང་ནས་གོང་དུ་ཡང༌། །སེམས་ནི་ནང་དུ་བསྡུ་བར་བྱ། །དེ་ནས་ཡོན་ཏན་མཐོང་བའི་ཕྱིར། །ཏིང་ངེ་འཛིན་ལ་སེམས་གདུལ་ལོ། །རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར། །དེ་ལ་མི་དགའ་ཞི་བར་བྱ། །བརྣབ་སེམས་ཡིད་མི་བདེ་ལ་སོགས། །ལངས་པ་དེ་བཞིན་ཞི་བར་བྱ། །དེ་ནས་སྡོམ་བརྩོན་ཅན་གྱིས་ནི། །སེམས་ལ་མངོན་པར་འདུ་བྱེད་བཅས། །རང་གི་ངང་གིས་འབྱུང་བ་འཐོབ། །དེ་གོམས་པ་ལས་འདུ་མི་བྱེད། །ཅེས་གསུངས་སོ། །དེ་ལྟར་བསྐྱེད་པའི་རིམ་པའི་སྐུའི་ཕྱོགས་གཅིག་ལ་སེམས་བརྟན་པོ་ཟིན་ནས། སྐུའི་ཕྱོགས་གཞན་ལ་དམིགས་པ་སྤོ་བར་བྱ་སྟེ། ཐུན་དང་པོ་ལ་སྤྱན་དབུ་མ་བསྒོམ། གཉིས་པ་ལ་སྤྱན་གསུམ་གསལ་གདབ། གསུམ་པ་ལ་ཁྲོ་གཉེར། བཞི་པ་ལ་ཤངས། དེ་ཙམ་གསལ་བར་མ་ནུས་ན། ཐུན་བཞི་ཀ་ལ་སྤྱན་གསལ་གདབ་པའམ། འོག་མ་རྣམས་ལའང་དེ་བཞིན་ཏུ་དམིགས་པ་བརྟན་བརྟན་གྱི་བར་དུ་བསྒོམ་པར་བྱའོ། །བློ་མྱུར་ན་ཉི་མ་གཉིས་པའི་ཐུན་དང་པོ་ལ་ཞལ་གྱི་མཆེ་བ་གསལ་གདབ། གཉིས་པ་ལ་སྙན། གསུམ་པ་ལ་རྩ་ཞལ། བཞི་པ་ལ་གཡས་དཀར་བ། ཉི་མ་གསུམ་པའི་ཐུན་དང་པོ་ལ། རྩ་ཞལ་དང་གཡས་དཀར་བ། གཉིས་པ་ལ་གཡོན་དམར་བ། གསུམ་པ་ལ་གཡས་པའི་ཞལ་གཉིས་གནག་པ་དང་། བཞི་པ་ལ་གཡོན་པའི་ཞལ་གཉིས་གནག་པ་དང༌། སྟེང་གི་ཞལ་གསལ་གདབ། ཉི་མ་བཞི་པའི་ཐུན་དང་པོ་ལ་ཞལ་བརྒྱད། ཐུན་གཉིས་པ་ལ་དབུའི་གཙུག་ཏོར་དང༌། དབུ་སྐྲ་དམར་སེར་སྣ་ཚོགས་རྡོ་རྗེ་དང་བཅས་པ་དང༌། ཐུན་གསུམ་པ་ལ་རུས་པའི་འཁོར་ལོ་དང་རྣ་རྒྱན་ལ་སོགས་པའི་དབུ་རྒྱན་རྣམས། ཐུན་བཞི་པ་ལ་སྐུ་བྱིན་པོ་མགུལ་རྒྱན་ལ་སོགས་པ་དང་བཅས་པ་གསལ་གདབ། ཉི་མ་ལྔ་པའི་ཐུན་དང་པོ་ལ་དབུ་དང་སྐུ་བྱིན་པོ་གསལ་གདབ། གཉིས་པ་ལ་ཕྱག་གཡས་པ་བརྒྱད་ཕྱག་མཚན་དང་བཅས་པ། གསུམ་པ་ལ་གཡོན་པའི་ཕྱག་བརྒྱད་ཕྱག་མཚན་དང་བཅས་པ་དང༌། མི་མགོ་ལ་སོགས་པ་སྐུའི་རྒྱན་མེ་རི་དང་བཅས་པ་གསལ་གདབ། བཞི་པ་ལ་བདུད་བཞི་མནན་པའི་ཞབས་གསལ་གདབ། ཉི་མ་དྲུག་པའི་ཐུན་དང་པོ་ལ་གཙོ་བོ་དང༌། གཽ་རཱི་དང༌། གཉིས་པ་ལ་ཙཽ་རཱི། གསུམ་པ་ལ་བེ་ཏཱ་ལཱི། བཞི་པ་ལ་གྷསྨ་རཱི། ཉི་མ་བདུན་པའི་ཐུན་དང་པོ་ལ། གཙོ་འཁོར་ལྔའི་སྟེང་དུ་པུཀྐ་སཱི། གཉིས་པ་ལ་ཤ་བ་རཱི། གསུམ་པ་ལ་ཙཎྜ་ལཱི། བཞི་པ་ལ་གཡུང་མོ་གསལ་གདབ། ཉི་མ་བརྒྱད་པའི་ཐུན་དང་པོ་ལ་ལྷ་དགུ་གཞལ་ཡས་ཁང་དང་བཅས་པ། གཉིས་པ་ལ་དུར་ཁྲོད། གསུམ་པ་ལ་སྲུང་འཁོར། བཞི་པ་ལ་ཁམས་གསུམ་སྣོད་བཅུད་དཀྱིལ་འཁོར་གྱི་འཁོར་ལོར་གསལ་གདབ་བོ། །དེ་ལྟར་བསྐྱེད་པའི་རིམ་པའི་དམིགས་པ་རིམ་གྱིས་སྦྱོང་བ་བཞིན་ཏུ། རྫོགས་པའི་རིམ་པ་མར་མེའི་རྩེ་མོ་ལྟ་བུ་ལའང་སེམས་བཟུང་སྟེ། ཁམས་གསུམ་ནས་དཀྱིལ་འཁོར་གྱི་འཁོར་ལོ་རིམ་པ་བཞིན་ཏུ་བསྡུས་ལ་འོད་ཕུང་ཐིག་ལེ་ལ་བསྒོམ། དེ་གསལ་ན་མར་མེའི་རྩེ་མོ་ལ། དེ་གསལ་ན་རྟ་རྔ་ཙམ་ལ། དེ་གསལ་ན་རྟ་རྔ་བརྒྱར་གཤགས་པའི་ཚད་ལ། མཐར་མེ་ལོང་ལ་དབུགས་ཀྱི་དྲོད་ཡལ་བའི་ཚུལ་གྱིས་སྟོང་པ་ཉིད་ལ་བློ་བཞག་གོ །དེ་ལྟར་གསལ་གདབ་པ་ནས་བཟུང་སྟེ། སྟོང་པར་བསྒོམ་པའི་བར་གྱི་ཐུན་ནམ་འཇོག་པར་འདོད་པའི་དུས་སུ་ཁམས་གསུམ་བསྡུ་བ་ནས་བཟུང་སྟེ། སྟོང་པའི་བར་དུ་བསྡུས་ལ། ལྡང་བར་འདོད་ན་སྟོང་པའི་ངང་ལས་གཙོ་བོའི་ང་རྒྱལ་གྱིས་ལངས་ལ། དག་པ་རྗེས་སུ་དྲན་པ་དང༌། རྡོ་རྗེའི་གླུ་དང༌། སྨོན་ལམ་རྣམ་པར་དག་པ་བཏབ་ལ། སྤྱོད་ལམ་གྱི་རྣལ་འབྱོར་གྱིས་གནས་པར་བྱའོ། །དེ་ལྟར་གོམས་པར་བྱས་པས་དུ་བ་དང༌། སྨིག་རྒྱུ་དང༌། སྲིན་བུ་མེ་ཁྱེར་དང༌། མར་མེ་འབར་བ་དང༌། ནམ་མཁའ་སྤྲིན་མེད་ལྟ་བུའི་རྟགས་ལྔ་པོ་དེ་བསྐྱེད་རིམ་བསྒོམ་པ་ལ་མཐོང་ངམ། རྫོགས་རིམ་བསྒོམ་པ་ལ་མཐོང་ངམ། མཉམ་གཞག་ལ་མཐོང་ངམ། རྗེས་སྤྱོད་ལའང་རུང་སྟེ་མཐོང་བར་འགྱུར་རོ། །གདམས་ངག་མེད་ན་ཇི་ཙམ་བསྒོམས་ཀྱང་རྟགས་ལྔ་པོ་མཐོང་བར་མི་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟར་རྟགས་ལྔ་མཐོང་མཐོང་བསྒོམ་པ་དེ་ནི་ལས་དང་པོ་པའི་གང་ཟག་ཚོགས་ཀྱི་ལམ་མཐར་ཕྱིན་པའོ། །དེ་ལྟ་བུའི་རྟགས་ལྔ་སྐྱེས་པ་ན། གང་ཟག་གཉིས་པར་ན་འཕོས་པ་ཡིན་ཏེ། བདེ་བ་ཅུང་ཟད་ཙམ་ཐོབ་པའི་གང་ཟག་ཅེས་མིང་ཐོབ་བོ། །འདི་ལའང་ཚོགས་ཀྱི་ཞིང་སྤྱན་དྲང་བ་ནས་བཟུང་སྟེ། གཞལ་ཡས་ཁང་བསྐྱེད་པའི་བར་སྔ་མ་དང་འདྲ་ལ། བསྙེན་པའི་བསྐྱེད་ཆོག་ཆ་དབྲི་བ་ནི། དྲོད་གཤེར་ལས་སྐྱེ་བ་གཉིས་པ་ཞེས་བྱ་བ་ཡིན་ཏེ། རྒྱུ་རྡོ་རྗེ་འཆང་དང༌། འཁོར་གྱི་ལྷ་ཐམས་ཅད་དང་། འབྲས་བུ་རྡོ་རྗེ་འཆང་བསྐྱེད་པ་དང་གསུམ་ཀ་ལ་ཟླ་བ་དང་། ཉི་མ། ཨཱ་ལི་ཀཱ་ལི་ལ་མ་ལྟོས་པར་སྐད་ཅིག་ཙམ་གྱིས་བསྐྱེད་པ་ཡིན་ནོ༑ ༑མངོན་པར་བྱང་ཆུབ་པ་ལྷག་མ་གསུམ་དང༌། ཡེ་ཤེས་པ་གཞུག་པ། དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་པ་རྣམས་མངོན་པར་རྟོགས་པ་སྔ་མ་དང་འདྲ་བ་ཡིན་ནོ། །དེ་ལྟར་གོམས་པའི་སྟོབས་ཀྱིས་སེམས་ཆེར་བརྟན་ཞིང་། རླུང་སེམས་ཀྱི་འཕྲོ་འདུ་འཕེལ་བའི་སྟོབས་ཀྱིས་བསོད་ནམས་ཀྱི་ཚོགས་ཀྱི་སྐབས་སུ་ལུས་ལ་བདེ་བ་འབར། ཡེ་ཤེས་ཀྱི་ཚོགས་ཀྱི་དུས་སུ་སེམས་ལ་བདེ་སྟོང་ཤས་ཆེར་སྐྱེ། བསྐྱེད་རྫོགས་ཀྱི་དངོས་གཞིའི་དུས་སུ་ལུས་སེམས་བདེ་སྟོང་ཟུང་དུ་ཆུད། སྐབས་སྐབས་སུ་ལྷའི་སྣང་བ་སྟོང་ཞིང་འགྲོ། རྨི་ལམ་མངོན་ཤེས་དང་འདྲ་བར་འབྱུང་བ་ཡིན་ཏེ། གང་ཟག་གཉིས་པ་སྦྱོར་ལམ་དྲོད་ཀྱི་ཐད་སོར་སླེབས་པ་ཡིན་ནོ། །དེ་ལྟ་བུའི་གང་ཟག་ནི་བདེ་བ་ཐོབ་པ་ཞེས་བྱ་བ་གསུམ་པ་ཡིན་ཏེ། དེ་ཡང་བསྙེན་པའི་བསྐྱེད་ཆོག་ཆ་དབྲི་ན། ཚོགས་ཀྱི་ཞིང་སྤྱན་དྲང་བ་ནས་གཞལ་ཡས་ཁང་གི་བར་དུ་སྔ་མ་དང་འདྲ་ལ། སྐད་ཅིག་གིས་གཙོ་བོའི་གདན་གྱི་སྟེང་དུ་ༀ་ཧཱུྃ་བསམ། དེ་ལ་ཨཱ་ལི་ཀཱ་ལི་བརྗོད་པས་བསྐུལ་བའམ། མ་བརྗོད་ཀྱང་རུང་སྟེ། ས་བོན་ཞུ་བ་ཙམ་ལས་བསྐྱེད། མཁའ་གསང་བྱིན་གྱིས་བརླབས་ཏེ། ལྷ་མོ་རྣམས་ཀྱང་ས་བོན་སྤྲོས་པ་ལ་སྔ་མའི་ཚུལ་གྱིས་བསྐྱེད། འབྲས་བུ་རྡོ་རྗེ་འཛིན་པ་ཡང་ཐིག་ལེ་ལས་ༀ་ཧཱུྃ་དུ་གྱུར་པ་ལས་བསྐྱེད། སྒྲུབ་པ་ལ་སོགས་པ་ཡན་ལག་གསུམ་ནི་སྔ་མ་དང་འདྲའོ། །དེ་ལྟར་གོམས་པ་ན་ལྷའི་སྣང་བ་བས་ཀྱང་རྫོགས་རིམ་ཤས་ཆེ། སྐབས་སུ་ལྷའི་རྣམ་པ་མི་གསལ། དགྱེས་པ་རྡོ་རྗེ་བསྒོམས་ཀྱང་འཁོར་ལོ་བདེ་མཆོག་ལ་སོགས་པར་སྣང་བ་དུ་མར་འགྱུར་ཞིང་མཐོང་བ་འབྱུང༌། རིགས་དྲུག་གི་གྲོང་ཁྱེར་ལ་སོགས་པ་འཁྲུལ་སྣང་སྣ་ཚོགས་ཀྱང་མཐོང༌། དཀྱིལ་འཁོར་གྱི་འཁོར་ལོ་ཡང་དུ་བ་ལ་སོགས་པ་བཞིན་བན་བུན་དུ་ཡལ་ཞིང་འགྲོ་སྟེ། གང་ཟག་གསུམ་པའི་མངོན་པར་རྟོགས་པ་སྦྱོར་ལམ་རྩེ་མོའི་ཐད་སོ་ཡིན་ནོ། །དེ་ལྟ་བུའི་ཉམས་སྐྱེས་ནས་གང་ཟག་བཞི་པ་བདེ་བ་ཆེར་ཐོབ་པ་ཞེས་བྱ་བ་ཡིན་ནོ། །དེས་བསྒོམ་པར་བྱ་བ་ནི། ཚོགས་གཉིས་བསགས་པ་ནི་ཚུལ་སྔ་མ་དང་འདྲ་ལ། སྲུང་བའི་འཁོར་ལོ་གཞལ་ཡས་ཁང་དང་བཅས་པ་སྐད་ཅིག་གིས་བསྒོམ། དེར་གཙོ་བོ་ཡང་སྐད་ཅིག་མས་བསྐྱེད། སྐད་ཅིག་ཙམ་གྱིས་མཁའ་གསང་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་པས་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ཏེ་ཞལ་དུ་ཞུགས། སྙིང་གར་ཞུ་བ་ལས་དབང་གི་གནས་སུ་ལྷ་མོ་བརྒྱད་དུ་བསྐྱེད་ལ་ཕྱོགས་མཚམས་བརྒྱད་དུ་དབྱུང་ངོ༌། །དེའང་རྩ་རྒྱུད་ཕྱི་མའི་ལྔ་པ་ལས། བསྲུབས་དང་བསྲུབས་པའི་སྦྱོར་བ་ལས། །དཀར་མོ་དབང་པོའི་ཕྱོགས་ཕྱུང་ནས། །ཤར་གྱི་སྒོ་རུ་ཡང་དག་གནས། །ཞེས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །ཡན་ལག་ལྷག་མ་གསུམ་ནི་སྔ་མ་དང་འདྲའོ། །འདི་ནི་གཙོ་བོ་རྫུས་སྐྱེས་ལ་འཁོར་མངལ་སྐྱེས་ཀྱི་མངོན་པར་རྟོགས་པ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་བསྒོམས་པའི་སྟོབས་ཀྱིས་འཁོར་བ་རིགས་དྲུག་ཀྱང་རང་གི་ཉམས་ཀྱི་སྣང་བ་ལ་མཐོང་དུ་རུང༌། མྱ་ངན་ལས་འདས་པ་སྤྲུལ་སྐུའི་ཞིང་ཁམས་ཀྱང་མཐོང་དུ་རུང༌། དེ་ཙམ་ན་མཉམ་རྗེས་མེད། ལུས་སེམས་ལ་བདེ་སྟོང་བརྟན་པར་ཟུང་དུ་ཆུད། དེ་ཙམ་ན་མཁའ་འགྲོ་མའི་བར་ཆད་ཀྱི་རྩོལ་བ་ནམ་མཁའ་ཐམས་ཅད་མཁའ་འགྲོ་མས་གང་ནས། དངོས་གྲུབ་སྦྱིན་ཞེས་ཟེར་བ་དང༌། མཚོན་ཆའི་ཆར་འབེབས་པ་དང༌། མེས་བསྲེག་ཏུ་འོང་བ་དང༌། རྒྱ་མཚོར་བསྐྱུར་དུ་འོང་བ་ལ་སོགས་པ་བྱུང་ན་བརྡ་བསྟན་ཏེ་བཟློག །བརྡ་ཤེས་ཤིང་རང་གཟུགས་སྟོན་པའི་ཌཱ་ཀི་ནཱི་བྱུང་ན། དེ་དང་སྙོམས་པར་ཞུགས་པས་སྐད་ཅིག་ལ་བདེན་པ་མཐོང་བར་འགྱུར་རོ། །སྙོམས་འཇུག་མ་བྱས་ཀྱང་སྤྲུལ་སྐུ་ལས་དབང་ལེན་ཏེ་སྦྱོར་ལམ་བཟོད་པའི་ཐད་སོ་ཡིན་ནོ། །དེ་ལས་འདས་པའི་གང་ཟག་གིས་ཚོགས་གཉིས་བསགས་པ་སྐད་ཅིག་མས་བྱ། སེ་གོལ་གཏོགས་པ་ཙམ་གྱིས་ནི། །རྡོ་རྗེའི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་འབྱུང་བས་ན། དམ་ཚིག་གི་འཁོར་ལོ་སྐད་ཅིག་གིས་བསྐྱེད། རང་གི་སེམས་ཉིད་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བ་དོར། དེ་ལས་འདས་པའི་གང་ཟག་གིས་གོ་ཆ་བཅིངས་པ་ལ་སོགས་པ་དབང་གསུམ་གྱི་རྒྱས་གདབ་དོར། དེ་ལས་ཀྱང་འདས་པའི་གང་ཟག་གིས་དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་དོར། དེ་དག་ཀྱང་མི་བསྒོམ་པ་ནི་མ་ཡིན་ཏེ། རང་གི་ངང་གིས་ཆོ་ག་མི་དམིགས་པར་འགྱུར་བ་ཡིན། ལམ་བསྐྱེད་རྫོགས་གཉིས་ལས་ཀྱང༌། བསྐྱེད་པའི་རིམ་པའི་ཆ་དོར་བ་ཞེས་བྱ་བ་བསྒོམ་རྒྱུ་མེད་པར་འགྲོ་བ་ཡིན། དམ་ཚིག་ཉི་ཤུ་རྩ་གཉིས་ལས་ཀྱང་གྲོལ་ཏེ། སྦྱོར་ལམ་ཆོས་མཆོག་མཐར་ཕྱིན་པའི་ཐད་སོ་ཡིན་ནོ། །དེ་ནས་དེའི་སྐད་ཅིག་ལ་ལུས་ཀྱི་དཀྱིལ་འཁོར་རྩ་རྣམས་མངོན་ཏུ་གྱུར་ཏེ། རྩ་རྣམས་ཉིད་ལ་ལྷར་མཐོང་བའི་ཕྱིར་རོ། །ཕྱི་རོལ་ཏུ་ལྷའི་དཀྱིལ་འཁོར་བསྒོམ་མི་དགོས་པའི་ཕྱིར་ལུས་ཉིད་ལྷར་འཆར། ལུས་ཀྱི་དཀྱིལ་འཁོར་ལ་ཡང་ནས་ཡང་དུ་བརྟགས་ཤིང་བསྒོམས་པས། སྔོན་བླ་མས་བསྟན་པའི་དོན་ལུས་ཀྱི་དཀྱིལ་འཁོར་མངོན་ཏུ་གྱུར། དངོས་གྲུབ་ཐོབ་ཅེས་མིང་ཐོབ། དེ་ཙམ་ན་བདེན་པ་མཐོང་བ་ཞེས་བྱ་སྟེ༑ འཇིག་རྟེན་ལས་འདས་པའི་ཟག་པ་མེད་པའི་ཡེ་ཤེས་ཀྱི་དོན་རྟོགས། མཐོང་བའི་ལམ་གྱི་ཐད་སོའོ། །དེ་རྟོགས་ནས་སྒོམ་ལམ་གྱི་མགོ་རྩོམ་པ་ཡིན་ཏེ། དེ་ཡང་དེ་ལས་འདས་པའི་གང་ཟག་གིས་བྷ་གའི་དཀྱིལ་འཁོར་མངོན་ཏུ་འགྱུར་ཏེ། ཨཱ་ལི་ཀཱ་ལི་ལ་སོགས་པའི་རྩ་ཡིག་ཐམས་ཅད་མངོན་ཏུ་མཐོང་ངོ༌། །ཕྱོགས་བཅུའི་དེ་བཞིན་གཤེགས་པ། མཁའ་འགྲོ་ལྔ་དང༌། རིགས་ལྔ་ལ་སོགས་པའི་རྩ་ཡིག་རྣམས་བདག་གི་སྙིང་གའི་བྷྲཱུྃ་ཨཱྃ་ལ་སོགས་པ་དང་ཐ་མི་དད་དུ་མཐོང༌། ཏིང་ངེ་འཛིན་བརྟན་པར་བྱ་བའི་ཕྱིར་འདིར་བྷ་གའི་དཀྱིལ་འཁོར་ལ་ཡང་ནས་ཡང་དུ་བརྟགས་ཤིང་བསྒོམ་མོ། །དེ་ལས་འདས་པའི་གང་ཟག་གིས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མངོན་ཏུ་འགྱུར་ཏེ། བདུད་རྩི་ལྔ་དང་རླུང་ལྔ་སྟེ། ཁམས་བཅུ་འདུས་པ་རང་གང་འདོད་པའི་རྩ་དང་། རྩ་ཡི་གེ་རྣམས་སུ་དབབ་པ་དང་བཟློག་པ་ལ་དབང་ཐོབ། རང་གི་ཁམས་བཅུ་དང་ཕྱོགས་བཅུའི་སངས་རྒྱས་ཐ་མི་དད་དུ་མངོན་ཏུ་གྱུར། ཐིག་ལེ་གཅིག་ལ་དེ་བཞིན་གཤེགས་པ་དུ་མ་ཉིད་དང་རོ་གཅིག་པར་མི་འགལ། གང་ཟག་དེས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་ཡང་ནས་ཡང་དུ་བརྟགས་ཤིང་བསྒོམ། བྷ་ག་དང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གཉིས་ནི་སྒོམ་ལམ་གྱི་ཐད་སོ་དང་སྦྱར་རོ། །དེ་ལས་འདས་པའི་གང་ཟག་གིས་དཀྱིལ་འཁོར་གསུམ་ཆར་ལ་དབང་ཐོབ་པའི་ཕྱིར། སྤྱོད་པའི་མཐར་སླེབས་པ་ཡིན་པས། ཕྱག་རྒྱ་བསྟེན་ཏེ་སེམས་ཉམས་དང་སྦྱར་ལ། བྲམ་ཟེ་མོ་ལ་སོགས་པ་རིགས་ལྔ་ལ་མཉམ་པར་ལོངས་སྤྱོད་པའམ། སྤྱན་ལ་སོགས་པ་ཕྱག་རྒྱ་བཞི་ལ་ལོངས་སྤྱོད་པའམ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བི་པ་བཞིན་ཏུ་པདྨ་ཅན་ལ་བརྟེན་ནས་མཚན་གཅིག་གིས་གྲོལ་བར་བཞེད་དོ། །མཐར་ཕྱིན་གྱི་ལམ་གྱི་ཐད་སོའོ། །དེའི་མཐར་རྒྱུད་གཉིས་དུས་གཅིག་ཏུ་གྲོལ་བའི་ཚེ་འབྲས་བུ་སྐུ་གསུམ་ཡན་ལག་བདུན་ལྡན་འགྲུབ་སྟེ། དེ་ནི་འོག་ཏུ་བཤད་པར་བྱའོ། །སྤྱི་དོན་གཉིས་པ་ལམ་ཉམས་སུ་བླང་བ་བསྟན་ཟིན་ཏོ། །སྤྱི་དོན་གསུམ་པ་ནི། དེ་ལྟར་བསྟན་པའི་ལམ་མངོན་པར་རྟོགས་པ་དེར་རྒྱུད་སྡེ་བཞི་ལ་སོགས་པའི་ལམ་ཐམས་ཅད་ཀྱང་ཚང་ཞིང་དེ་དག་གུད་དུ་སློབ་མི་དགོས་པར་སྒྲུབ་པ་པོ་ལ་ཡིད་ཆེས་སྐྱེ་ཞིང༌། དེ་ལྟར་ཡིད་ཆེས་པར་བྱས་ནས་བསྒོམས་པས་ཐམས་ཅད་ཚང་བར་མངོན་ཏུ་འགྱུར་བར་ངེས་པའི་ཤེས་པ་འཇུག་པའི་ཕྱིར་ཟབ་པའི་ཚུལ་དགུས་ཟབ་མོ་ཞེས་བསྟན་པ་ཡིན་ཏེ། དེའང་ཐབས་འདི་མང་བ་ཡིན། ཐབས་འདི་མ་ཚང་བ་མེད་པ་ཡིན། ཐབས་འདི་རྒྱ་ཆེ་བ་ཡིན། ཐབས་འདི་སླ་བ་ཡིན། ཐབས་འདི་ཟབ་པ་ཡིན། ཐབས་འདི་དཀའ་བ་མེད་པ་ཡིན། ཐབས་འདི་མཆོག་ཏུ་གྱུར་པ་ཡིན། ཐབས་འདི་ཕུན་སུམ་ཚོགས་པ་ཡིན། ཐབས་འདི་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། མང་རྫོགས་རྒྱ་ཆེ་སླ་བ་དང༌། །ཟབ་ཅིང་མི་དཀའ་མཆོག་ཏུ་གྱུར། །ཕུན་ཚོགས་བསམ་གྱིས་མི་ཁྱབ་པའི། །ཐབས་འདི་ཟབ་པའི་ཚུལ་དགུར་བཞེད། །དོན་བསྡུས་པའི་ཤློ་ཀའོ། །དེ་ལྟར་རྣམ་གྲངས་ལྟ་བུའི་ཚུལ་གྱིས་ཟབ་པའི་ཚུལ་དགུས་ཟབ་པ་ཡིན་ནོ། །དེ་ལས་དང་པོ་ཐབས་འདི་མང་བ་ཡིན་པ་ནི། བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གཅིག་ལ་རྒོད་པ་དང་ལྟ་བ་ལ་སོགས་པ་རྒྱུད་སྡེ་བཞིའི་ལམ་འདི་ལ་ཚང་བའི་དབང་དུ་བྱས་ནས་སོ། །གཉིས་པ་ཐབས་འདི་མ་ཚང་བ་མེད་པ་ནི། དབང་བསྐུར་བའི་དུས་ཀྱི་དགའ་བ་བཞི་ལས། དགའ་བས་ཉན་ཐོས་ཀྱི་ལམ་ཆོད། མཆོག་ཏུ་དགའ་བས་རང་རྒྱལ་གྱི་ལམ་ཆོད། དགའ་བྲལ་གྱིས་བྱང་ཆུབ་སེམས་དཔའི་ལམ་ཆོད་དེ། ཐེག་པ་གསུམ་ཀའི་ལམ་ཚང་བའི་དབང་དུ་བྱས་པའོ། །གསུམ་པ་ཐབས་འདི་རྒྱ་ཆེ་བ་ནི། མྱ་ངན་ལས་འདས་པ་ལམ་དུ་འགྱུར་བ་བཞིན། ཉོན་མོངས་པའང་ལམ་དུ་འགྱུར་བའི་དབང་དུ་བྱས་ཏེ། སྔར་བསྟན་པའི་འཁོར་འདས་ཞིབ་ཏུ་ཤེས་པར་བྱའོ། །བཞི་པ་ཐབས་འདི་སླ་བ་ནི། ལམ་བདེ་བ་འདོད་པའི་ཡོན་ཏན་ལྔ་མ་སྤངས་པ་ལ་བརྟེན་ནས་འབྲས་བུ་བདེ་བ་ཆེན་པོ་འགྲུབ་པ་སྟེ། འདི་ནི་བླང་བྱའི་ངོས་ནས་བསྟན་པ་ཡིན་ནོ། །ཡང་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་དཀྱིལ་འཁོར་གཅིག་བསྒོམས་པས་བསྒོམ་པར་འགྱུར་བའི་ཕྱིར་སླ་བ་ཡིན་ནོ། །ལྔ་པ་ཐབས་འདི་ཟབ་པ་ནི། བསོད་ནམས་ཀྱི་ཚོགས་བསགས་པ་ནས་བཟུང་སྟེ། བྱ་བ་ཅི་དང་ཅི་བྱེད་པ་ཐམས་ཅད་རང་གི་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་གི་ངོ་བོར་ཤེས་པར་བྱས་ཏེ། ཉམས་སུ་བླངས་པས་སྦྱང་བྱ་དང་སྦྱོང་བྱེད་གུད་དུ་མེད་པར་གྲོལ་ནས་འགྲོ་བ་ཡིན་ནོ། །དྲུག་པ་ཐབས་འདི་དཀའ་བ་མེད་པ་ནི། ཕྱི་རོལ་གྱི་དཀའ་ཐུབ་དང་དཀའ་སྤྱད་ལ་སོགས་པའི་སྡུག་བསྔལ་ལམ་དུ་བྱ་བ་མེད་པར། ཁ་ཟས་ཀྱི་རྣལ་འབྱོར་གྱིས་ཟས་ལ་བག་ཡངས་སུ་སྤྱོད། སྤྱོད་ལམ་གྱི་རྣལ་འབྱོར་གྱིས་འདོད་ཡོན་ལྔ་ལ་བག་ཡངས་སུ་སྤྱོད། རྗེས་ཆགས་ཀྱི་རྣལ་འབྱོར་གྱིས་ཕྱག་རྒྱ་བསྟེན་པ་སྟེ་ལམ་བདེ་བ་ལ་བསྟེན་ནས་སྡུག་བསྔལ་སྤོང་བས་ན་འདི་ནི་སྤང་བྱའི་ངོས་ནས་མིང་བཏགས་པ་ཡིན་ནོ། །དེ་ལྟར་དྲུག་ནི་ལམ་གྱི་ཟབ་པ་ཞེས་བྱ་བའི་མིང་ཐོབ་ལ། འདི་མན་ཆད་གསུམ་ནི་འབྲས་བུའི་ཟབ་པ་ཞེས་བྱ་བར་མིང་ཐོབ་པ་ཡིན་ནོ། །བདུན་པ་ཐབས་འདི་མཆོག་ཏུ་གྱུར་པ་ཡིན་པ་ནི། གནས་ཀྱི་ངེས་པ་སྟན་གཅིག་ཏུ། ཐུན་གྱི་ངེས་པ་ཐུན་གཅིག་ལ། རིམ་པ་གཉིས་རྫོགས་པར་བསྒོམས་པས། དུས་ཀྱི་ངེས་པ་བརྩོན་འགྲུས་ཅན་གྱིས་ཚེ་གཅིག་ལ་འགྲུབ་ལ། བརྩོན་འགྲུས་དང་བྲལ་བས་ཀྱང་སྐྱེ་བ་བཅུ་དྲུག་ལས་ཐོགས་མི་སྲིད་པའི་ངོས་ནས་བསྟན་པ་ཡིན་ནོ། །བརྒྱད་པ་ཐབས་འདི་ཕུན་སུམ་ཚོགས་པ་ཡིན་པ་ནི། ལམ་གཅིག་ལ་བརྟེན་ནས་འབྲས་བུ་མཆོག་གི་དངོས་གྲུབ་འགྲུབ་པར་མ་ཟད། འབྲིང་གྲུབ་ཆེན་བརྒྱད་དང༌། དམན་པ་བཞི་སོགས་ཀྱི་དངོས་གྲུབ་མ་ལུས་པ་ཡང་འབྱུང་བའི་ངོས་ནས་བསྟན་པ་ཡིན་ནོ། །དགུ་པ་ཐབས་བསམ་གྱིས་མི་ཁྱབ་པ་ནི། མཆོག་ཐུན་མོང་གི་འབྲས་བུ་ཐམས་ཅད་ཀྱང༌། རང་གི་ལུས་ངག་ཡིད་གསུམ་ལ་ངོ་བོ་ཉིད་ཀྱིས་གནས་པ་དཀྱིལ་འཁོར་འཁོར་ལོའི་རྟེན་འབྲེལ་གྱིས་གྲུབ་པ་ལས་མ་གཏོགས་པ། རྫས་ལ་སོགས་པ་རྒྱུ་གཞན་གང་ཡང་མི་དགོས་པའི་ངོས་ནས་བསྟན་པ་ཡིན་ནོ། །དེ་ལྟ་བུའི་ཟབ་མོའི་དོན་རྣམས་ཀྱང་མདོར་བསྡུ་ན་གཉིས་ཏེ། ལམ་གྱི་ཟབ་པ་དང༌། འབྲས་བུའི་དབང་དུ་བྱས་པའི་ཟབ་པའོ། །དང་པོ་ལའང་བཞི་སྟེ། མཉམ་གཞག་གི་ཟབ་པ་དང༌། རྗེས་སྤྱོད་ཀྱི་ཟབ་པ། མཉམ་རྗེས་གཉིས་ཀ་ལ་ཁྱབ་པའི་ཟབ་པ། ཟབ་པས་ཟིན་པའི་ཟབ་པའོ། །འབྲས་བུའི་དབང་དུ་བྱས་པ་ལ་གསུམ་སྟེ། འབྲས་བུ་དུས་མྱུར་དུ་འགྲུབ་པའི་རྒྱུ་ཡིན་པས་ཟབ། རྒྱུ་གཅིག་གིས་འབྲས་བུ་མཐའ་དག་འགྲུབ་པས་ཟབ། འབྲས་བུ་རྒྱུ་ཉིད་ལ་ལྷུན་གྲུབ་ཏུ་གནས་པས་ཟབ་པའོ། །ལམ་གྱི་ཟབ་པའི་མཉམ་གཞག་གིས་ཟབ་པ་ནི། ཟབ་པ་དང་པོ་གཉིས་ལས། རྗེས་སྤྱོད་ཀྱི་ཟབ་པ་ནི། སྤྱོད་ལམ་དང་རྗེས་ཆགས་གཉིས་ཏེ། ཟབ་པ་བཞི་པ་དང༌དྲུག་པས་བསྟན་ལ། མཉམ་རྗེས་གཉིས་ཀ་ལ་ཁྱབ་པའི་ཟབ་པ་ནི། ཐབས་རྒྱ་ཆེ་བ་དང༌། ཡང་བཞི་པ་སླ་བ་གཉིས་ཀྱིས་བསྟན་ཏོ། །ཟབ་པས་ཟིན་པའི་ཟབ་པ་ནི། ལྔ་པ་ཐབས་ཟབ་པ་ཉིད་དེ། ལྟ་བ་དང་འབྲེལ་ལོ། །དེ་ལ་ཐབས་ཀྱི་ཟབ་པ་རྣམས་ཀྱི་གོ་རིམ་ནི། དང་པོ་ཐབས་ཟབ་པས་ཟིན་པ་སྟེ་ལྟ་བ་འབྱུང༌། དེ་ནས་མངོན་རྟོགས་དང་སྦྱར་ནས་ཐབས་མང་བ་དང་མ་ཚང་བ་མེད་པ་འབྱུང༌། དེ་ནས་མཉམ་རྗེས་གཉིས་ཀ་ལ་ཁྱབ་པའི་དབང་དུ་བྱས་ནས་རྒྱ་ཆེ་བ་དང་སླ་བ་གཉིས་འབྱུང༌། དེ་ནས་ཉམས་བླངས་ཀྱི་ཟབ་པ་དཀའ་བ་མེད་པ་འབྱུང༌། དེ་ནས་འབྲས་བུའི་དབང་དུ་བྱས་པའི་ཟབ་པ་གསུམ་འབྱུང་བ་ཡིན་ནོ། །དེ་ལྟར་ཟབ་ཚུལ་དགུ་ལ་ངེས་ཤེས་སྐྱེས་པའི་གང་ཟག་དེས། ཕྱི་རོལ་གྱི་སྤྲོས་པ་ཐམས་ཅད་ཆོད་པས་ན་ལམ་རིམ་པ་གཉིས་ལ་ནན་ཏན་ཆེན་པོ་དང་ལྡན་པས་བསྒོམ་པ་ཡིན་ནོ། །སྤྱི་དོན་བཞི་པ་འབྲས་བུ་སྐུ་གསུམ་ཡན་ལག་བདུན་ལྡན་ནི། ཆོས་སྐུའི་ཡན་ལག་གསུམ་ལས། རང་བཞིན་མེད་པའི་ཡན་ལག་སྟེ་དབྱིངས་ཀྱི་ཆ། འགོག་པ་མེད་པའི་ཡན་ལག་སྟེ་ཡེ་ཤེས་ཀྱི་ཆ། རྒྱུན་མི་འཆད་པའི་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་ཆའོ། །ལོངས་སྐུའི་ཡན་ལག་གསུམ་སྟེ། ཁ་སྦྱོར་ནི་ཡུམ་དང་བཅས་པ། བདེ་ཆེན་ནི་ཟག་མེད་ཀྱི་བདེ་བས་ཚིམས་པ། ལོངས་སྤྱོད་རྫོགས་པའི་ཡན་ལག་ནི་མཚན་དཔེ་འབར་བའོ། །སྤྲུལ་སྐུ་ནི་སྙིང་རྗེས་ངེས་པར་གང་བའི་ཡན་ལག་གཅིག་པུའོ། །རྗེ་བཙུན་སྙིང་རྗེ་ཆེན་པོ་པདྨ་བཛྲའི་བཞེད་གཞུང༌། བླ་མ་གོང་མ་རྣམས་ཀྱི་ཡི་གེའི་གབ་ཡིག་ལྟ་བུར་མི་གསལ་བ་རྣམས་གསལ་བར་བྱ་བའི་ཕྱིར། ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་ལ། ཤཱཀྱའི་དགེ་སློང་སྦལ་སྟོན་དར་མ་འབྱུང་གནས་ཀྱིས་ལན་མང་དུ་གསོལ་བ་བཏབ་ནས་དཔལ་ལྡན་ས་སྐྱའི་དབེན་གནས་དམ་པར་བྲིས་པའོ། །ས་མཔྟ་མི་ཐཱི། ༈ །སློབ་དཔོན་པདྨ་བཛྲས་མཛད་པའི་རྫོགས་རིམ་མར་མེའི་རྩེ་མོ་ལྟ་བུའི་གདམས་ངག་བཞུགས་སོ། །ཤེས་རབ་ བསམ་མི་ཁྱབ་ སྙིང་པོའི་ བཤད་པ་གསུམ། རྩེར་ སྟོང་ཉིད། གྱུར་པ། སྟེ་ཕུལ་དུ་གྱུར་པ། །བདག་མེད་མ་ལ་ཕྱག་འཚལ་ནས། །ཡན་ལག་མེད་རྡོར་ཞལ་སྔ་ནས། །དབང་དང་གདམས་ངག་འབྲེལ་བ་ཡི། །མར་མེའི་རྩེ་མོ་ལྟ་བུ་ཡི། །ཀྱཻ་ཡི་རྡོ་རྗེའི་གདམས་ངག་བཤད། །རྣལ་འབྱོར་པ་གང་ཞིག་དཔལ་ཀྱཻ་རྡོ་རྗེའི་དབང་ཐོབ་ཅིང་དམ་ཚིག་དང་ལྡན་ཏེ། རྡོ་རྗེ་འཆང་ཆེན་པོ་བསྒྲུབ་པར་འདོད་པས་དང་པོ་གནས་ལ་སོགས་པ་ཁྱད་པར་ཅན་བཙལ་ཏེ། ཁ་ཟས་སོགས་ ཁམས་དང་ལུས་ཀྱི་འབྱུང་བ་ཆ་མཉམ་མོ། །དེ་ལྟར་ཁམས་ཤིན་ཏུ་ མི་བདེ་ན་ཞག་དང་ཟླ་བར་ཡང་ཅུང་ཟད་བསྒོམ། བདེ་བ་དང༌། སྟན་བདེ་བའི་སྟེང་དུ་ལུས་ཁོང་ མི་མེད་པའི་སར་གསུངས། གློད་དེ་བདེ་བར་ཉལ་ མཚན་མོའི་དབང་དུ་བྱས། ཉིན་མོ་ཡང་མི་ལྟོ། ལོ། །དེ་ནི་བསམ་གཏན་གྱི་ཚོགས་སྣ་ཚོགས་པས་ཚོགས་ཀྱི་ལམ་གྱི་བདག་ཉིད་དོ། །ཁམས་བདེ་ན། དེ་ནས་ཐོ་རངས་སྐྱ་རེངས་དང་པོ་ཤར་ནས་ལེགས་པར་ལངས་ཏེ། སྲོག་ཆགས་མེད་པར་གྲང་དྲོ་རན། སྐྱོན་མེད་པའི་གོས་ལེགས་པར་གོན་ནས་ལུས་ཀྱི་ཁམས་དང༌། འབྱུང་བའི་གྲང་དྲོ་ དབྱར། དཔྱིད། སྟོན་བྱ། དགུན་མི་བྱ་བར། སྦྱར་ཏེ། ཁྲུས་དང་གཉིད་བསང་བའི་ཆོ་ག་བྱའོ། །དེ་ནས་སྟན་ནང་ཚངས་ཅན་གྱི་སྟེང་དུ་ལེགས་པར་འདུག་སྟེ་ལུས་ རྡོ་རྗེའི་སྐྱིལ་ཀྲུང་བཅའ། ལེགས་པར་ཆ་ རྟེན་མ་མེད་པར། སྙོམ་མོ། །དེ་བཞིན་ཏུ་དབུགས་ཀྱང་ཤིན་ཏུ་ རླུང་འབའ་ཞིག་ལན་གསུམ་དུ། ཆ་སྙོམ་མོ། །སེམས་ཀྱང་ཆ་སྙོམ་སྟེ། བྱིང་རྒོད་ཅུང་ཟད་ངལ་བསོ། དེ་ཡན་ཆད་ཀྱིས་ རྩེ་གཅིག་པས། ནི་བསམ་གཏན་ལ་སྦྱོར་བས་ན། སྦྱོར་བའི་ལམ་གྱི་བདག་ཉིད་དོ། །དེ་ནས་ དང་པོ་ལྷ་མོ་བརྒྱད་ཞལ་བརྒྱད་ལ་བསྡུ་བ་ཡན་ཆད་རྫོགས་པ་དང་། མར་མེའི་རྩེ་མོ་ལྟ་བུ་འབའ་ཞིག་བསྒོམ་ན་རྟེན། བདག་ཉིད་དཔལ་ཀྱཻ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ། གཡས་པ་རྡོ་རྗེ་རྩེ་ལྔ་པ། གཡོན་ཀ་པཱ་ལ་བསྣམས་པ་བསམ་མོ། །དེ་ནས་རང་གི་སྙིང་གར་ཉི་མ་དང་ཟླ་བའི་སྟེང་དུ་ཧཱུྃ་སྔོན་པོ་བསམ་སྟེ། དེ་ལས་འོད་ཟེར་ཕྱིར་འཕྲོས་ཏེ། སྣོད་ཀྱི་འཇིག་རྟེན་ཐམས་ཅད་དུ། སྐྱེ་འགྲོ་མོ་རིགས་ཐམས་ཅད་ཀྱི་རྟོག་པ་བསྲེགས་ཏེ། སླར་ གཅིག་ཏུ་ འདུས་པས། རང་ཉིད་ཡུམ་བདག་མེད་མ་ཤེས་རབ་ཀྱི་ཆ་ མེ་ལོང་ལ་ཧས་བཏབ་པ་བཞིན་སྣང་བ་མིདམིགས་པར་བྱ། སྣོད་ཀྱི་འཇིག་རྟེན་གྱི་རང་བཞིན་ཏུ་བསམ་མོ། །དེ་བཞིན་ཏུ་ ཡུམ་ཉིད་སྣོད་དང༌། མ་མོའི་རིགས་ཀྱི་ངོ་བོར་དྲན་པའོ། །དེས་འགྲེ། སྐྱེ་འགྲོ་ཕོ་རིགས་ཐམས་ཅད་བསྲེགས་ཏེ། འོད་ཟེར། སླར་འདུས་པ་རང་ཉིད་དཔལ་ཧེ་རུ་ཀ་བཅུད་ཀྱི་འཇིག་རྟེན་གྱི་རང་བཞིན་ཏུ་བསམ་སྟེ། གཞན་སྦྱང་ངོ༌། །དེ་ནས་ཡུམ་གྱི་སྙིང་གར་ཟླ་བའི་བར་དུ་ཨྃ་བསམ་སྟེ། འོད་དེས་ཡུམ་འོད་དུ་ཞུ་སྟེ། ཡབ་ཀྱི་ཐུགས་ཀར་ཞུགས་པར་བསམ་མོ། །དོན་དེ་ཉིད་སྔར་མ་མཐོང་བ་ ཡུལ་ལ་དམིགས་པ། མཐོང་བས་མཐོང་བའི་ལམ་གྱི་བདག་ཉིད་དོ། །དེ་ནས་ཡབ་ཀྱི་སྙིང་གར་ཉི་ཟླའི་བར་དུ་ཧཱུྃ་གི་འོད་ཀྱིས་ཡབ་ཉིད་འོད་དུ་ཞུ་སྟེ། སྟེང་དུ་ཉི་མར་ སྲན་མ་ཙམ། བསམ་སྟེ་ཐབས་སོ། །ཡུམ་ བསྡུས་པ། ནི་འོག་ཏུ་ཟླ་བ་སྟེ་ཤེས་རབ་བོ། །ཉི་ཟླའི་བར་དུ་ས་བོན་གྱི་ཡི་གེ་ཧཱུྃ་ལ་ཡན་ལག་གི་ཡི་གེ་ཀཱ་ལི་བརྒྱད་ཅུ་མགོ་ཐུར་དུ་བལྟས་པར་བསམ་མོ། །དེ་བཞིན་ཉིང་ལག་གི་ཡི་གེ་ཨཱ་ལི་སུམ་ཅུ་རྩ་གཉིས་མགོ་གྱེན་ལ་བལྟས་པར་བསམ་མོ། །ཡི་གེ་ཧཱུྃ་ནི་ཐབས་ཤེས་རབ་གཉིས་མེད་དུ་བསམ་མོ། །ཉི་མ་དང་ཟླ་བ་ནི་སྲན་མ་ཙམ་མོ། །ཧཱུྃ་ནི་ཡུངས་ཀར་གྱི་འབྲུ་ཙམ་མོ། །ཨཱ་ལི་ཀཱ་ལི་ནི་སྐྲའི་རྩེ་མོ་ཙམ་མོ། །དེ་ལྟར་ཐིག་ལེ་བསྒོམ་པ་ནི་སྒོམ་པའི་ལམ་གྱི་བདག་ཉིད་དོ། །དེ་ནས་ཧཱུྃ་ལས་འོད་བྱུང་སྟེ། ཀཱ་ལི་འོད་དུ་ཞུ་སྟེ། ཨཱ་ལི་ལ་ཐིམ་པས། ཨཱ་ལི་ཡང་འོད་དུ་ཞུ་སྟེ་ཟླ་བ་ལ་ཐིམ་པར་བསམ་མོ། །དེ་བཞིན་ཏུ་ཉི་མ་ཡང་ཟླ་བ་ལ་ཐིམ། ཟླ་བ་ཞབས་སྐྱེད་ལ་ཐིམ་པར་བསམ་མོ། །ཧཱུྃ་ཡང་རིམ་གྱིས་སྤངས་ཏེ་བསྒོམ་པ་ནི། ཕྲ་མོའི་རྣལ་འབྱོར་རོ། །དེ་ནས་དཀར་ལ་འཚེར་བའི་བདུད་རྩིའི་ཐིག་ལེ་ གསལ་ན་གསལ་བས་འཕྲོ་བཅད། མི་གསལ་ན་མི་གསལ་བས་འཕྲོ་བཅད། གོང་འོག་ཀུན་ལ་གནད་ཆེ། སྐྲའི་རྩེ་མོ་ཙམ་ལ་སེམས་གཏད་དོ། །དེ་ནས་ནཱ་དའི་སྒྲ་རིས་རྡུལ་ཕྲ་རབ་ཙམ་ལ། དེ་ནས་སེམས་ཙམ་ལ་སེམས་གཏད་དོ། །དངོས་པོ་སྤང་བའི་མཐར་ཕྱིན་པའི་ལམ་གྱི་བདག་ཉིད་དོ། །དེ་ནས་སེམས་འོད་གསལ་བར་བསྒོམས་ཏེ། དེ་ལ་སྣོད་བཅུད་ནི་ཡབ་དང་ཡུམ་གྱི་བདག་ཉིད། ཡབ་ཡུམ་ནི་ཐིག་ལེའི་བདག་ཉིད། ཐིག་ལེའང་ཕྲ་མོའི་བདག་ཉིད། ཕྲ་མོའང་སེམས་ཀྱི་བདག་ཉིད། སེམས་ཀྱང་གདོད་མ་ནས་སྟོང་པའི་རང་བཞིན་ཅན། ཐོག་མ་དང་ཐ་མ་ལ་སོགས་པའི་མཐའ་ཐམས་ཅད་བྲལ་བར་བསྒོམ་སྟེ། རྡོ་རྗེ་འཆང་ཆེན་པོ་སྟེ་ལམ་ལྔའི་འབྲས་བུའི་བདག་ཉིད་དོ། །གོང་གི་རིམ་པ་དེ་དག་ཀྱང་རྣལ་འབྱོར་པའི་མོས་པའི་བྱེ་བྲག་གིས་ ལམ་ལྔ་པོ། ལོའམ། ཟླ་བར་བཞག་ལ་ ལྷ་དགུ་ལ་སོགས་པ་ལ། སེམས་བརྟན་པར་བྱ་སྟེ། དེ་ནས་ཡབ་ཡུམ་ལ་བསླབས་ཏེ། ལམ་ལྔ་པོ་ རིམ་གྱིས་བསྒོམ་པ་ཡང་ཡོད་དོ༑ ༑གཞན་ཡང་ཐུན་གཅིག་ལ་རིམ་པ་གཉིས་རྫོགས་པར་བསྒོམ་པ་ཡང་ཡོད་དོ། །ཁ་ཅིག་ནི་གོང་མ་ལ་གཅིག་ཅར་འཇུག་པ་ཡང༌ཡོད་པས། ཅི་རིགས་པར་གཟུང་ཞིང་མན་ངག་སྦྱིན་ནོ། །སྐྱོན་ནི་བྱིང་རྒོད་གཉིས་སོ། །དེ་ལ་བྱིང་བ་བསལ་བའི་ཐབས་ནི། སེམས་གཟེངས་བསྟོད་དེ། སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས་དྲན་པར་བྱ་སྟེ། དེ་ནས་ཡང་བསྒོམ་མོ། །གཉིད་ལ་ནི། གདོང་པར་ཆུ་གཏོར་བའམ། བསྐོར་བ་བྱས་ཏེ་བསལ་ལ༑ ཡང་བསྒོམ་མོ། །རྒོད་ན་འཁོར་བའི་སྡུག་བསྔལ་གྱི་ཡུལ་དེ་ཉིད་ལ་སྐྱོ་བ་སྐྱེས་ཏེ། ཡང་བསྒོམ། དེས་ཀྱང་མ་ཞི་ན་ཡུལ་དེ་ཉིད་ བྲིས་སྐུ་ལ་སོགས་པ་གཞན་དག་ལ། དམིགས་པ་བསྒྱུར་ཏེ། སེམས་དེ་ཉིད་ལ་གཏད་དེ་བསྒོམ་མོ། །ཐུན་བཞི་ནི་ བསྐྱེད་རྫོགས་གཉིས་ཀ་ལ་ཡང་ངོ་། །སེམས་ཉམས་ཆུང་ཙམ་ན་ནི་ཐུན་ཚོད་དབྱུག་གུས་བཟུང་ལ་ཐུན་ཐུང་བར་བསྒོམ། མཚམས་རིང་བར་བསྒོམ། སེམས་ཅུང་ཟད་བརྟས་ནས་ཆུ་ཚོད་ཀྱིས་ཐུན་ཚོད་གཟུང་ངོ༌། །དེ་བཞིན་དུ་སེམས་ཅུང་ཟད་བརྟས་ནས་ཉམས་རྙེད་པ་དང༌། སེམས་སྟོབས་དང་ལྡན་པའི་ཐུན་ཚོད་ནི་འཕོ་བ་དང༌། ཐུན་དང༌། ཉིན་ཞག་དང༌། ལོ་ཟླས་ཐུན་མཚམས་བཟུང་སྟེ་རིང་བར་བསྒོམ་ཞིང༌། ཐུན་མཚམས་ཐུང་བར་བསྒོམ་མོ། །བསྐྱེད་རྫོགས་གཉིས་ཀའི་ རྟགས་ནི་དང་པོ་ཁམས་མི་ལྡོག་པ་འབྱུང་ངོ༌། །དེ་ནས་རང་གི་ལུས་ལ་ནད་རྙིང་པ་འབྱང་ཞིང་གསར་པ་མི་སྐྱེད་པ་དང༌། ལུས་ཀྱི་ཉེས་པ་ལས་ངང་གིས་ལྡོག་སྟེ་དགེ་བ་ལ་ཐབས་ཀྱིས་འཇུག་སྟེ། ལུས་ཀྱི་རྟགས་འདར་བ་ལ་སོགས་པའང་འབྱུང་ངོ༌། །རྣལ་འབྱོར་ཕྱི་ལ་ གཙོ་བོར་བསྐྱེད་པ་ལ། མཆོག་ཏུ་གཞོལ་བས་ན། ཐུན་བཞིའི་སྔོན་ཏུ་བསྟོད་པ་དང༌། གཏོར་མའི་མཆོད་པ་བྱས་ཏེ་བསྒོམ་མོ། །བླ་མ་བརྒྱུད་པ་ལས་རྙེད་པའི། །དབང་དང་གདམས་ངག་འབྲེལ་བཅས་དང་། །མར་མེའི་རྩེ་མོའི་གདམས་ངག་བརྩམས། །དེ་ཡིས་དགེ་བ་གང་ཐོབ་པས། །འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། །སྟོང་པ་འོད་གསལ་ཐོབ་པར་ཤོག །དཔལ་ཀྱཻ་རྡོ་རྗེའི་མར་མེའི་རྩེ་མོ་ལྟ་བུའི་གདམས་ངག་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པ་ ག་ཡ་དྷ་རའི་བླ་མས་གསུངས། རྫོགས་སོ། །རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང༌། བླ་མ་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཞིང་ཞུས་པའོ། །སརྦ་མངྒ་ལཾ།། །།