སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱིས་མཛད་པའི་ཕྱི་ཆོས་མདོ་སྔགས་ཐུན་མོང་གི་ལམ་རིམ་རིན་ཆེན་སྤུངས་པ།

From Damngak Dzö
DNZ-01-KA-002
Wylie title slob dpon rin po che pad+ma 'byung gnas kyis mdzad pa'i phyi chos mdo sngags thun mong gi lam rim rin chen spungs pa DNZ-01-KA-002.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 1, Text 2, Pages 21-52 (Folios 1a1 to 16b4)
Author པདྨ་འབྱུང་གནས་
Citation Pad+ma 'byung gnas. Slob dpon rin po che pad+ma 'byung gnas kyis mdzad pa'i phyi chos mdo sngags thun mong gi lam rim rin chen spungs pa. In Gdams ngag rin po che'i mdzod, Vol. 1: 21-52. Kalimpong: Rigpe Dorje Publications, 2024. DNZ-Shechen-02-KHA-013.pdf
Shechen Publications, 1999
Side notes Recto: mdo sngags lam rim   Verso: rnying ma'i skor
More details More details
Genre Spiritual Instructions - gdams ngag  ·  Stages of the Path - lam rim
Colophon

།དེ་ལྟར་ཕྱི་ནང་གི་ལམ་གྱི་རིམ་པ་འདི་དག་སློབ་དཔོན་ཆེན་པོ་པདྨ་སཾ་བྷཱ་བའི་རྡོ་རྗེའི་གསུང་འཁྲུལ་མེད། ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་ར་དང༌། གནུབས་སངས་རྒྱས་ཡེ་ཤེས་ནས་བཀའ་མའི་བརྒྱུད་པ་བར་མ་ཆད་པ་དང་། གཏེར་ཁ་གོང་འོག་གཉིས་དང༌། གཏེར་ཆེན་རྡོ་རྗེ་གླིང་པ་བཅས་ཀྱི་གཏེར་བྱོན་རྣམས་ཚིག་དོན་འདྲ་བར་བཞུགས་པས་ཤིན་ཏུ་ཡིད་ཆེས་པའི་གནས་སུ་བཟུང་བར་བྱའོ། །འདི་དག་ལ་རང་འགྲེལ་དང༌། གདམས་པའི་ཆ་ལག་སོགས་ཀྱང་རྒྱས་པར་བཞུགས་སོ། །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།།

/de ltar phyi nang gi lam gyi rim pa 'di dag slob dpon chen po pad+ma saM b+hA ba'i rdo rje'i gsung 'khrul med/_lo tsA ba gnyags dz+nyA na ku mA ra dang /_gnubs sangs rgyas ye shes nas bka' ma'i brgyud pa bar ma chad pa dang /_gter kha gong 'og gnyis dang /_gter chen rdo rje gling pa bcas kyi gter byon rnams tshig don 'dra bar bzhugs pas shin tu yid ches pa'i gnas su bzung bar bya'o/__/'di dag la rang 'grel dang /__gdams pa'i cha lag sogs kyang rgyas par bzhugs so/__/sarba dA mang+ga laM b+ha ba tu//

Notes There are seven texts included in this entry:
  1. phyi chos mdo sngags thun mong gi lam rim rin chen spungs pa (pp. 21-26)
  2. phyi bshad rin chen spungs pa'i bsdus don (pp. 26-30)
  3. nang bshad gsang sngags lam rim gyi lo rgyus (pp. 30-31)
  4. gsang sngags lam gyi rim pa rin po che gsal ba'i sgron me (pp. 31-35)
  5. nang bshad gsang sngags lam rim sa bcad (pp. 35-38)
  6. gsang sngags lam rim gyi snying po sems nyid gcer ston lag khrid lnga pa (pp. 38-44)
  7. gsang sngags lam gyi rim pa'i don khrid ngo sprod du gdab pa rgad po mkhar tshugs (pp. 44-47) dang rgan mo mdzub tshugs kyi gdams ngag (pp. 47-52)
[edit]
༄༅། །རཏྣ ཀུ ཊ ནཱ མཱ རྩཱ རྱ པ དྨཱ ཀ རེ ཀྲི ཏི བི ཧི དྷ རྨ སཱུ ཏྲ མནྟྲ སཱ མཱ ནྱཾ པ ཐ ཀྲ མཱ སྟི།

༄༅། །སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱིས་མཛད་པའི་ཕྱི་ཆོས་མདོ་སྔགས་ཐུན་མོང་གི་ལམ་རིམ་རིན་ཆེན་སྤུངས་པ་ཞེས་བྱ་བ་བཞུགས་སོ། །

༄༅། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། ༈ །ཤེས་བྱའི་ཡུལ་ལ་རྣམ་པར་བརྟག །ཐར་པའི་ལམ་ལ་རབ་ཞུགས་ཏེ། །འབྲས་བུ་རྣམ་མཁྱེན་ཐོབ་བྱའི་ཕྱིར། །རིན་ཆེན་སྤུངས་པ་བསྟན་པར་བྱ། ༈ །མཚན་ཉིད་དྲུག་ལྡན་ བརྒྱུད་པ་ལྡན་ཞིང་གདམས་ངག་ཆེ། །དབང་དང་ལྡན་ཞིང་བྱིན་རླབས་ཆེ། །ཤེས་རབ་ལྡན་ཞིང་སྙིང་རྗེ་ཆེ། །ཐོས་པ་ལྡན་ཞིང་ཉམས་མྱོང་ཆེ། །ལྟ་བ་ལྡན་ཞིང་སྒོམ་གྱིས་ཟིན། །ཚིག་ལ་མཁས་ཤིང་དོན་ལ་གནས། །ཞེས་པ་སྟེ། བླ་མ་ནི། །འདུ་ཤེས་བཞི་ ལ་ཐུན་མོང༌། ཁྱད་པར། ཡང་དག །ལོག་པའི་འདུ་ཤེས་བཞི། དེ་རེ་རེ་ལའང་བཞི་བཞི་སྟེ། དང་པོ་ལ། འཁོར་བ་ཆུ་བོ། ཆོས་གྲུ། བླ་མ་མཉན་པ། ཉམས་ལེན་ཆུ་བརྒལ་བའི་ཚུལ་ལོ། །གཉིས་པ་ལ། རང་ནད་པ། བླ་མ་སྨན་པ། ཆོས་ལ་སྨན། ཉམས་ལེན་ནད་གསོ་བའི་འདུ་ཤེས་སོ། །གསུམ་པ་ལ། རང་དུག་ལྔའི་ནད་ཀྱིས་ཟིན་པ། བླ་མ་སངས་རྒྱས། གདམས་ངག་བདུད་རྩི། ཉམས་ལེན་དུག་ལྔ་སེལ་བའི་འདུ་ཤེས། བཞི་པ་ལ། རང་རྒྱལ་པོ། བླ་མ་ཚོང་པ། ཆོས་ཚོང་ཟོང་། ཉན་བཤད་ཚོང་གི་འདུ་ཤེས་ཏེ། དེ་རྣམས་ལས་ཕྱི་མ་བཞི་སྤང་ལ། སྔ་མ་རྣམས་དང༌། ལྡན་ པའི་དྲན་པས་བསྟེན། །སྣོད་ཀྱི་སྐྱོན་ཁ་སྦུབས། ཞབས་བརྡོལ། དུག་ཅན། གསུམ་སྤངས་ལ་བསྙེན། །མཐོང་ལུགས་སངས་རྒྱས་ཐམས་ཅད་འདུས་པ། རྡོ་རྗེ་འཛིན་པའི་ངོ་བོ། དཀོན་མཆོག་གསུམ་གྱི་རྩ་བ། དཔེ་ནོར་བུ། དོན་སངས་རྒྱས་ལས་ཀྱང་ལྷག་པར་བལྟ་བ་སྟེ། ལྔ་ལྡན་སྒོ་ནས་བལྟ། ༈ །དལ་འབྱོར་མི་ལུས་རིན་པོ་ཆེ༔ ཤིན་ཏུ་རྙེད་དཀའ་ཐོབ་དུས་སུ༔ དོན་མེད་སྟོང་ལོག་མ་བྱེད་པར༔ གཏན་གྱི་སོ་ནམ་ད་རེས་གྱིས༔ ཕྱི་ཡི་མི་རྟག་ དབྱར་དགུན། དུས་བཞི། ཉིན་མཚན། སྐྱེ་འགག་གནས་གསུམ། རྒྱུ་ཟག་པ་དང་མ་ཟད་པ་ཡང་མི་རྟག་པ་སྟེ། རྣམ་པ་ལྔ༔ ནང་གི་མི་རྟག་ ངེས་པར་འཆི། ནམ་འཆིའི་ཆ་མེད། འཆི་བའི་ཚེ་ཅིས་ཀྱང་མི་སྟོངས་པ་སྟེ། རྣམ་པ་གསུམ༔ ཚུལ་བདུན་ ཅིས་ཀྱང་འཆི། སྐྱབས་གནས་མེད། ལམ་རྒྱུས་མེད། ཅིས་ཀྱང་མི་བཟློག །མགྱོགས་པར་འགྲོ། གཟུར་ས་མེད། ཤིན་ཏུ་ཉམ་ང་བར་འགྲོ་དགོས་པ་སྟེ། ལྡན་པས་བསྒོམ་བྱ་ཞིང༔ ཕན་ཡོན་ རྒྱུད་ལ་དད་པ་སྐྱེ། བླ་མ་ལ་མོས་གུས་འབྱུང༌། གདམས་ངག་ལ་ངེས་ཤེས་སྐྱེ། ཉམས་ལེན་ལ་འཇུག་ནུས། སྟོང་ཉིད་རྟོགས་སླ་བ་སྟེ། ལྔ་ལྡན་སྒོ་ནས་འབད༔ ཡུལ་དང་ལུས་དང་སེམས་གསུམ་ལ༔ སྐྱེ་བོ་མུ་སྟེགས་ཉན་རང་གིས༔ གང་ཟག་ཆོས་ཀྱི་བདག་ཏུ་བཟུང༔ བདག་འཛིན་མ་གྲུབ་བདག་མེད་སྟོང༔ རྩ་བའི་སྡུག་བསྔལ་བཞི་ལ་གནས༔ ཡན་ལག་སྡུག་བསྔལ་དྲུག་ལ་སྤྱོད༔ ཉིང་ལག་སྡུག་བསྔལ་བགྲང་ལས་འདས༔ རང་སེམས་སྟོང་པ་ཉིད་དུ་སྤྲད༔ དགེ་སྡིག་གཉིས་ཀྱིས་རྒྱུ་བྱས་ནས༔ འབྲས་བུ་བདེ་སྡུག་གཉིས་སུ་འབྱིན༔ དགེ་སྡིག་སོ་མཚམས་ལེགས་པར་དབྱེ༔ སྡིག་པ་སྟོབས་བཞིའི་སྒོ་ནས་བཤགས༔ ༈ ༔སངས་རྒྱས་ཆོས་དང་དགེ་འདུན་ལ༔ ཉན་རང་བྱང་སེམས་གསང་སྔགས་གསུམ༔ རང་དང་གཞན་དང་གཉིས་དོན་དུ༔ སྐྱབས་འགྲོ་རྣམ་གསུམ་འདས་པའི་ཆོས༔ སངས་རྒྱས་ཐོབ་འདོད་བསམ་པའི་དོན༔ སྒྲུབ་ཅིང་ཉམས་སུ་ལེན་པ་དང༔ ཆོས་ཉིད་བློ་འདས་འདུས་མ་བྱས༔ སེམས་བསྐྱེད་གསུམ་ཡིན་ཐེག་ཆེན་ཆོས༔ སྡིག་པ་རྣམ་གསུམ་མི་བྱ་ཞིང༔ དགེ་བ་རྣམ་གསུམ་སྤྱད་པར་བྱ༔ གནས་ལུགས་རང་ངོ་ཤེས་པའོ༔ སྡོམ་གསུམ་སངས་རྒྱས་བསྟན་པ་ཡིན༔ བྱམས་པའི་སེམས་ལ་ཞེ་སྡང་མེད༔ སྙིང་རྗེའི་སེམས་ལ་འདོད་ཆགས་མེད༔ བྱང་ཆུབ་སེམས་ལ་གཏི་མུག་མེད༔ སེམས་གསུམ་སངས་རྒྱས་ཐུགས་དགོངས་ཡིན༔ གནོད་སྦྱོར་ལོག་པ་ཚུལ་ཁྲིམས་ཏེ༔ ཕན་འདོད་ཞུགས་པ་ཏིང་འཛིན་ཡིན༔ ཐབས་ཤེས་ཟུང་འཇུག་ཤེས་རབ་སྟེ༔ བསླབ་གསུམ་སྡེ་སྣོད་གསུམ་ཡིན་ནོ༔ ༈ ༔རང་བྱུང་ངོ་བོ་ཉིད་ཀྱི་གཞི༔ རང་བཞིན་སྐྱེ་མེད་སྟོང་པར་གནས༔ རོལ་པ་འགག་མེད་སྣང་བ་འཆར༔ ངོ་བོ་གཉིས་མེད་མཐའ་བྲལ་ལོ༔ ངོ་མ་ཤེས་ལ་ལོག་པར་བརྟགས༔ ཉོན་མོངས་ལྔ་དང་ལས་གསུམ་གྱིས༔ རིགས་དྲུག་ལུས་བླངས་སྡུག་བསྔལ་མྱོང༔ མ་རིག་ནས་བརྩམ་རྒ་ཤིས་འཁོར༔ ཡིན་ཚུལ་ཅིར་ཡང་མ་ངེས་པས༔ སྣང་ཚུལ་ཅིར་ཡང་འཆར་བར་བྱེད༔ སྣང་ཚད་སེམས་ཉིད་རང་སྣང་ཡིན༔ རང་གྲོལ་རྟོགས་པ་བལྟ་བའོ༔ སོ་མ་རང་ཐང་ལྷུག་པར་བཞག༔ རྟོག་མེད་རང་གསལ་རྗེན་པར་འཆར༔ སྣང་སེམས་དབྱེར་མེད་ངོ་བོ་གཅིག༔ གསལ་སྟོང་དབྱེར་མེད་བསྒོམ་པ་ཡིན༔ རྐྱེན་སྣང་ཕྲ་རགས་མཐོ་དམན་ཀུན༔ རྟོག་པ་སེམས་ཀྱི་ཆོ་འཕྲུལ་ཡིན༔ ཞུམ་དང་ཁེངས་པ་མེད་པ་རུ༔ ཞེན་མེད་རང་གྲོལ་སྤྱོད་པ་ཡིན༔ གང་བྱེད་རང་སོ་ངང་ལ་གནས༔ དེ་ཡི་ངོ་བོ་རང་གསལ་བ༔ དེ་ཀ་སྟོང་པ་ཉིད་ཡིན་ཏེ༔ སྟོང་པ་འགག་པ་མེད་པ་ཡིན༔ མ་གྲུབ་མི་རྟོག་མི་འགག་པ༔ རྣམ་དག་ལྷུན་གྲུབ་བདེན་གསུམ་དང༔ ལྟ་སྒོམ་སྤྱོད་པ་འབྲས་བུའི་ཆོས༔ ཤེས་བྱ་ཀུན་ལྡན་ལ་ཟློ་ཡིན༔ ༈ ༔ངེས་པ་གཉིས་ཟད་ གཞིའི་ངེས་པ་ཟད་དེ་གནས་ལུགས་མངོན་དུ་གྱུར། ལམ་གྱི་ངེས་པ་ཟད་དེ་ལམ་མཐར་ཕྱིན་པའོ། །སྐུ་རུ་སྨིན༔ ཇི་ལྟ་ཇི་སྙེད་མཁྱེན་གསུམ་རྒྱས༔ རྟེན་ཅན་རྟེན་མེད་ངོ་བོ་ཉིད༔ གཅིག་དང་དུ་མ་བྲལ་བར་བཞུགས༔ ༈ ༔དགེ་བ་འདི་ཡི་བསོད་ནམས་ཀྱིས༔ ནམ་མཁའ་མཉམ་པའི་སེམས་ཅན་རྣམས༔ ཡང་དག་དོན་དང་རབ་མཇལ་ནས༔ རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག༔ རིན་ཆེན་སྤུངས་པ་རྫོགས་སོ༔ ༈ ཕྱི་བཤད་རིན་ཆེན་སྤུངས་པའི་བསྡུས་དོན་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱི་བཤད་རིན་པོ་ཆེ་སྤུངས་པ་འདི་ལ་དོན་གསུམ་སྟེ། ཀླད་ཀྱི་དོན་དང༌། གཞུང་གི་དོན་དང༌། མཇུག་གི་དོན་ནོ། །དང་པོ་ལ་གཉིས་ཏེ། བཅོམ་ལྡན་འདས་དཔལ་ ཕྱག་འཚལ་བ་དང༌། བཤད་པར་དམ་བཅའ་བའོ། །དེ་ལ་བཞི་སྟེ། ཤེས་བྱའི་ ཤེས་བྱ་ལ་བརྟགས་པ་དང༌། ཐར་པའི་ ཐར་པའི་ལམ་ལ་འཇུག་པ་དང༌། འབྲས་བུ་རྣམ་མཁྱེན་ འབྲས་བུ་ཐོབ་ཚུལ། མན་ངག་གི་མཚན་ རིན་ཆེན་སྤུངས་པ་ བསྟན་པའོ། །གཉིས་པ་གཞུང་དོན་ལ་གསུམ། དྲང་དོན་རྒྱུད་བསྐུལ་གྱི་གདམས་པ་དང༌། ཐུན་མོང་གི་མན་ངག་དང༌། ཁྱད་པར་རྫོགས་པ་ཆེན་པོའི་གདམས་ངག་གོ །དང་པོ་ལ་དྲུག་སྟེ། བླ་མ་བསྟེན་པ་དང༌། དལ་འབྱོར་བརྟག་པ་དང༌། མི་རྟག་པ་བསྒོམ་ཚུལ་དང༌། བདག་འཛིན་གཞོམས་པ་དང༌། སྡུག་བསྔལ་བསམ་པ་དང༌། རྒྱུ་འབྲས་དཔྱད་པའོ། །དང་པོ་ལ་བཞི། མཚན་ཉིད་དྲུག་ བླ་མའི་མཚན་ཉིད་དང༌། འདུ་ཤེས་བཞི་ བསྟེན་ཐབས་དང༌། སྣོད་ཀྱི་ མཉན་ཚུལ་དང༌། མཐོང་ལུགས་ མཐོང་ལུགས་སམ་བཀུར་ཐབས་སོ། །གཉིས་པ་དལ་འབྱོར་བརྟགས་པ་ལ་བཞི། དལ་འབྱོར་མི་ལུས་ དལ་འབྱོར་ངོས་བཟུང་བ་དང༌། ཤིན་ཏུ་དཀོན་ ཐོབ་པར་དཀའ་བར་བསམ་པ་དང༌། དོན་མེད་སྟོང་ལོག་ ཡལ་བར་མི་དོར་བ་དང༌། གཏན་གྱི་སོ་ནམ་ དོན་ཡོད་པར་བྱ་བའོ། །གསུམ་པ་མི་རྟག་པ་བསྒོམ་པ་ལ་བཞི། ཕྱིའི་མི་རྟག་ ཕྱིའི་མི་རྟག་པ་ལྔ་དང༌། ནང་གི་མི་རྟག་ ནང་གི་མི་རྟག་པ་གསུམ་དང༌། ཚུལ་བདུན་བསྟན་ཚུལ་ཇི་ལྟར་བསྒོམ་པ་དང༌། ཕན་ཡོན་ལྔ་ལྡན་ ཕན་ཡོན་གྱི་སྒོ་ནས་འབད་པའོ། །བཞི་པ་བདག་འཛིན་གཞོམ་པ་ལ་བཞི། ཡུལ་དང་དུས་དང་ གང་ལ་བདག་ཏུ་འཛིན་པ་དང༌། སྐྱེ་བོ་མུ་སྟེགས་ གང་གིས་བདག་ཏུ་འཛིན་པ་དང༌། གང་ཟག་དང་ཆོས་ཀྱི་བདག་ ཇི་ལྟར་བདག་ཏུ་འཛིན་པ་དང༌། བདག་འཛིན་མ་གྲུབ་ བདག་འཛིན་བཀག་ལ་བདག་མེད་དུ་བསྟན་པའོ། །ལྔ་པ་སྡུག་བསྔལ་བསམ་པ་ལ་བཞི། རྩ་བའི་སྡུག་བསྔལ་ རྩ་བའི་སྡུག་བསྔལ་བཞི་བསྟན་པ་དང༌། ཡན་ལག་སྡུག་བསྔལ་ ཡན་ལག་གི་སྡུག་བསྔལ་དྲུག་བསྟན་པ་དང༌། ཉིང་ལག་གི་སྡུག་བསྔལ་ ཉིང་ལག་གི་སྡུག་བསྔལ་གྲངས་ལས་འདས་པར་བསྟན་པ། སྡུག་བསྔལ་དེ་དག་སེམས་སུ་ངོ་སྤྲད་པའོ། །དྲུག་པ་རྒྱུ་འབྲས་དཔྱད་པ་ལ་བཞི། དགེ་སྡིག་ རྒྱུ་ངོས་བཟུང་བ་དང༌། འབྲས་བུ་བདེ་སྡུག་ འབྲས་བུ་སྐྱེ་ཚུལ་བསྟན་པ་དང༌། དགེ་སྡིག་སོ་མཚམས་དབྱེ་བ་དང༌། སྡིག་པ་སྟོབས་བཞི་ སྡིག་པ་བཤགས་པའོ། ༈ །སྤྱི་དོན་གཉིས་པ་ཐུན་མོང་སྤྱིའི་གདམས་ངག་ལ་ལྔ་སྟེ། སྐྱབས་འགྲོ་བྱ་བ་དང་། སེམས་བསྐྱེད་པ་དང་། སྡོམ་པ་བཟུང་བ་དང་། བྱང་སེམས་བསྒོམ་པ་དང་། བསླབ་པ་གསུམ་ལ་བློ་སྦྱོང་བའོ། །དང་པོ་ནི། སངས་རྒྱས་ཆོས་དང་ སྐྱབས་འགྲོ་བྱ་བ་དང༌། གཉིས་པ་ནི། སངས་རྒྱས་ཐོབ་འདོད་ སེམས་བསྐྱེད་པ་དང་། གསུམ་པ་སྡོམ་པ་བཟུང་བ་ལ་བཞི། སྡིག་པ་རྣམ་གསུམ་ སོ་ཐར་སྡོམ་པ་དང༌། དགེ་བ་རྣམ་གསུམ་ བྱང་སེམས་སྡོམ་པ་དང༌། གནས་ལུགས་རང་ངོ་གསང་སྔགས་ཀྱི་སྡོམ་པ་དང༌༑ སྡོམ་གསུམ་སངས་རྒྱས་ སྡོམ་གསུམ་སངས་རྒྱས་ཀྱི་བསྟན་པར་བསྟན་པའོ། །བཞི་པ་བྱང་སེམས་བསྒོམ་པ་ལ་བཞི། བྱམས་པའི་སེམས་ བྱམས་པ་དང༌། སྙིང་རྗེའི་སེམས་ སྙིང་རྗེ་དང༌། བྱང་ཆུབ་ཀྱི་སེམས་ བྱང་ཆུབ་ཀྱི་སེམས་བསྒོམ་པ། དེ་གསུམ་སངས་རྒྱས་ཀྱི་ཐུགས་དགོངས་སུ་བསྟན་པའོ། །ལྔ་པ་བསླབ་པ་སྦྱངས་པ་ལ་བཞི། གནོད་སྦྱོར་ལོག་པ་ ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ཕན་འདོགས་ཞུགས་པ་ ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དང༌། ཐབས་ཤེས་ཟུང་འཇུག་ ལྷག་པ་ཤེས་རབ་ཀྱི་བསླབ་པ་དང༌། བསླབ་པ་སྡེ་སྣོད་གསུམ་ དེ་གསུམ་སྡེ་སྣོད་གསུམ་དུ་བསྟན་པའོ། ༈ །སྤྱི་དོན་གསུམ་པ་ཁྱད་པར་རང་གི་མན་ངག་ལ་གསུམ་སྟེ། གཞི་དང༌། ལམ་དང༌། འབྲས་བུའོ། །དང་པོ་ལ་གཉིས་ཏེ། གནས་ལུགས་དང༌། འཁྲུལ་ལུགས་སོ། །གནས་ལུགས་ལ་བཞི་སྟེ། རང་བྱུང་ངོ་བོ་ཉིད་ རང་བྱུང་ངོ་བོ་ཉིད། རང་བཞིན་སྐྱེ་མེད་ རང་བཞིན་སྐྱེ་མེད། རོལ་པ་འགགས་མེད་ རོལ་པ་འགགས་མེད་དང༌། ངོ་བོ་གཉིས་མེད་ ངོ་བོ་མཐའ་བྲལ་དུ་བསྟན་པའོ། །འཁྲུལ་ལུགས་ལ། ངོ་མ་ཤེས་ རྒྱུ་དང༌། ཉོན་མོངས་ རྐྱེན་དང༌། རིགས་དྲུག་ལུས་ འབྲས་བུ་དང༌། མ་རིག་ནས་རྩ་བ་ འཁོར་ཚུལ་ལོ། །གཉིས་པ་ལམ་གྱི་མན་ངག་ལ་ལྔ་སྟེ། མཐའ་ལ་མི་གནས་པའི་ལྟ་བ་དང༌། རིག་པ་རང་ལུགས་ཀྱི་བསྒོམ་པ་དང༌། འཁྲུལ་པ་རང་གྲོལ་གྱི་སྤྱོད་པ་དང་། འགྱུར་མེད་གནད་དུ་བཏང་བ་དང༌། ལ་ཟླའི་མན་ངག་གོ །དང་པོ་ལྟ་བ་ལ་བཞི་སྟེ། ཡིན་ཚུལ་ཅིར་ཡང་ གནས་ལུགས་དང༌། སྣང་ཚུལ་ཅིར་ཡང་ འཆར་ལུགས་དང༌། སྣང་ཚད་སེམས་ཉིད་ ཡིན་ལུགས་དང༌། རང་གྲོལ་རྟོགས་པ་ གྲོལ་ལུགས་སོ། །གཉིས་པ་བསྒོམ་པ་ལ་བཞི་སྟེ། སོ་མ་རང་བབས་ སེམས་ཀྱི་བཞག་ཐབས་དང༌། རྟོག་མེད་རང་གསལ་ ཉམས་ཀྱི་སྐྱེ་ཚུལ་དང༌། སྣང་སེམས་དབྱེར་མེད་ སྣང་བ་བསྒོམ་དུ་ངོ་སྤྲད་པ་དང༌། གསལ་སྟོང་དབྱེར་མེད་ རྟོག་པ་བསྒོམ་དུ་ལ་བཟླ་བའོ། །གསུམ་པ་སྤྱོད་པ་ལ་བཞི་སྟེ། རྐྱེན་སྣང་ ཉམས་སྣང་ངོས་བཟུང་བ། རྟོག་པ་ལ་སེམས་ དེ་སེམས་སུ་བསྟན་པ་དང༌། ཞུམ་དང་ཁེངས་པ་ རོ་སྙོམས་པ་དང༌། ཞེན་མེད་རང་གྲོལ་ ཞེན་མེད་བསྐྱང་བའོ། །བཞི་པ་ལམ་གནད་དུ་བཏང་བ་ལ་བཞི་སྟེ། གང་བྱེད་རང་སོ་ གནས་པས་སོ་གཟུང་བ་དང༌། དེའི་ངོ་བོ་ གསལ་བས་མདངས་འདོན་པ་དང༌། དེ་མ་སྟོང་ སྟོང་པར་རྒྱས་གདབ་པ་དང༌། སྟོང་པ་འགག་པ་ དབྱེར་མེད་དུ་གནད་ལ་དབབ་པའོ། །ལྔ་པ་ལ་བཟླ་བ་ལ་བཞི་སྟེ། མ་གྲུབ་པའི་ གནས་ལུགས་ངོ་སྤྲོད་པ་དང་། རྣམ་དག་ལྷུན་གྲུབ་ དེ་གཞི་རུ་ལ་བཟླ་བ་དང༌། དེའི་ངོ་བོ་ ལམ་དང་འབྲས་བུ་ལ་ལ་བཟླ་བ་དང༌། ཤེས་བྱ་ཀུན་ལྡན་ ཤེས་བྱ་ཀུན་ལྡན་དུ་ལ་བཟླ་བའོ། །གསུམ་པ་འབྲས་བུ་ལ་བཞི་སྟེ། ངེས་པ་གཉིས་ རྟེན་སྐུ་བསྟན་པ་དང༌། ཇི་ལྟ་ཇི་སྙེད་ བརྟེན་པ་ཡེ་ཤེས་པ་དང༌། རྟེན་ཅན་རྟེན་མེད་ འགྲོ་དོན་མཛད་ཚུལ་དང༌། གཅིག་དང་དུ་མ་ དགོངས་པ་གཞུག་ལུགས་སོ། །མཇུག་གི་དོན་ལ་གཉིས་ཏེ། དགེ་བ་འདི་ དགེ་བ་བསྔོ་བ་དང༌། རིན་ཆེན་སྤུངས་པ་ མཚན་རྫོགས་ཚུལ་ལོ། །ཕྱི་བཤད་རིན་ཆེན་སྤུངས་པའི་བསྡུས་དོན་རྫོགས་སོ།། ༈ །།ནང་བཤད་གསང་སྔགས་ལམ་རིམ་གྱི་ལོ་རྒྱུས་བཞུགས་སོ༑ ༑ན་མོ་རཏྣ་གུ་རུ། གསང་སྔགས་ལམ་རིམ་འདི་མཛད་པ་པོ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཡིན་ཏེ། ཨོ་རྒྱན་པདྨ་འབྱུང་གནས་ཀྱིས། ཞེས་པས། དེ་ནི་སྐུ་ཆེ་བའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་ཞིང་། མན་ངག་རྩོམ་པའི་ཚད་དུ་ཕྱིན་པའོ། །དང་པོ་ནི། ནུབ་ཕྱོགས་ཨོ་རྒྱན་དུ་སྐུ་མེ་ཏོག་པདྨོ་ལས་བརྫུས་ནས་བྱོན་པས་མངལ་གྱི་སྒྲིབ་གཡོགས་མེད་དེ། སྐྱེ་འཆི་དབང་དུ་འདུས་པས་སྐུ་ལ་འདས་གྲོང་མི་མངའ་འོ། །གསུང་གི་ཆེ་བ་ཆོས་ཀྱི་སྒོ་མོ་སྣ་ཚོགས་སུ་སྟོན་ཅིང་ངག་ལ་ནུས་པ་ཐོབ་པས་དྲེགས་པ་ཅན་ཐམས་ཅད་བཀའ་ཉན་པ་ལ་སོགས་པའོ། །ཐུགས་ཀྱི་ཆེ་བ་ཤེས་བྱའི་དཀྱིལ་འཁོར་མ་ལུས་པར་མཁྱེན་ཅིང་ཟག་པ་མེད་པའི་དགོངས་པ་དང་ལྡན་ཏེ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་བཞུགས་པ་ནི་མཁྱེན་པ་གཉིས་དང་ལྡན་ནོ། །སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་ལྡན་ཏེ། དགོས་འདོད་འབྱུང་ཞིང་རེ་བ་སྐོང་བས་ཡོན་ཏན་གྱི་ཆེ་བའོ། །ཉོན་མོངས་པ་དང་རྣམ་པར་རྟོག་པ་ཐམས་ཅད་རང་སར་ཞི། ཚེ་དང་ནུས་པ་ཕྱོགས་མེད་དུ་རྒྱས་ཏེ། མི་དང་མི་མ་ཡིན་པ་ཐམས་ཅད་དབང་དུ་འདུས་ཤིང༌། ལོག་ལྟ་གདུག་པ་ཅན་ཐམས་ཅད་ཚར་གཅོད་པ་ནི་ཕྲིན་ལས་ཀྱི་ཆེ་བའོ། །དེ་དག་ནི་ཆེ་བའི་ལོ་རྒྱུས་ཟུར་ཙམ་བརྗོད་ཀྱིས། རྒྱས་པར་གཞན་དུ་བལྟའོ། །གཉིས་པ་མན་ངག་རྩོམ་པར་མཐར་ཕྱིན་པ་ནི། རབ་ཆོས་ཉིད་བདེན་པའི་དོན་མཐོང་བ་སྟེ་དངོས་པོའི་གནས་ལུགས་ཇི་བཞིན་རྟོགས་པའོ། །འབྲིང་ཡི་དམ་ལྷའི་ཞལ་གཟིགས་པ་སྟེ་ལོངས་སྤྱོད་རྫོགས་པ་སྐུའི་ཞིང་ཁམས་མངོན་སུམ་གཟིགས་ཤིང༌། ཡི་དམ་ཐམས་ཅད་ཀྱི་ཞལ་མཐོང༌། ཐ་མ་མཚན་མའི་ལས་ལ་གཉེར་ཐོབ་པ་སྟེ། ཞི་རྒྱས་དབང་དྲག་གི་ལས་ཐམས་ཅད་ཐོགས་པ་མེད་པར་གྲུབ་བོ། །དེ་ལྟ་བུའི་བླ་མ་སྤྲུལ་སྐུ་པདྨ་འབྱུང་གནས་ཀྱིས་མཛད་པའོ། ། ཨྠིྀ། གདམས་ངག་རིན་པོ་ཆེ་གསལ་བའི་སྒྲོན་མ་འདི། དུས་གསུམ་སངས་རྒྱས་ཀུན་གྱི་གཤེགས་ཤུལ། སྡེ་སྣོད་ཀུན་གྱི་ལྡེ་མིག ༑རྒྱུད་ལུང་ཀུན་གྱི་སྙིང་པོ། མན་ངག་གནད་ཀྱི་ཉིང་ཁུ། ངེས་དོན་གནད་ཀྱི་ཊཱི་ཀ །སངས་རྒྱས་ཀུན་གྱི་ཐུགས་དགོངས། རྡོ་རྗེ་སེམས་དཔའི་གསང་ལམ། མུན་པ་སེལ་བའི་སྒྲོན་མེ། འཛུར་ས་མེད་པའི་འཕྲང་དགུགས། སངས་རྒྱས་ལག་ཏུ་གཏོད་པ། འཁོར་བ་དོང་ནས་སྤྲུགས་པའི་གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ་ཞེས་བགྱི་བ་སྟོན་པར་བགྱིད་དོ། ༈ །གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། མནྟྲ་སྱ་པ་ཐ་ཀྲ་མ་ནཱ་མ། བོད་སྐད་དུ། གསང་སྔགས་ལམ་གྱི་རིམ་པ་ཞེས་བྱ་བ། རྩ་བ་གསུམ་ལ་གུས་པས་ཕྱག་འཚལ་ལོ། །གཟུང་འཛིན་ གཉིས་བཅོམ་ མཁྱེན་པ་ གཉིས་ལྡན་ རྟག་ཆད་ གཉིས་འདས་ གཞི་དང་འབྲས་བུའི་ གཉིས་དཔལ་མཆོག །སངས་རྒྱས་ཀྱི་དགོངས་པ་ མ་ལུས་འདུས་ཤིང་ སྤྱོད་ཡུལ་ ཡང་དག་ འཁྲུལ་པའི་ ཟོལ་མེད་པ། །བཅོམ་ལྡན་བདེ་གཤེགས་དྲུག་པ་ཀུན་བཟང་ལ། །གུས་གདུང་དད་པའི་སྒོ་ནས་ཕྱག་འཚལ་ལོ། ༈ །བདག་ཉིད་རྣལ་འབྱོར་ཨོ་རྒྱན་པད་འབྱུང་གིས། །རྡོ་རྗེ་ཐེག་པ་ཚེ་གཅིག་ཐོབ་བྱེད་ལམ། ཕྱི་རབས་རྣལ་འབྱོར་ལས་ལྡན་དོན་ཆེད་དུ། ཉམས་ལེན་ལམ་རིམ་རིན་ཆེན་སྒྲོན་མེ་བྲི། ༈ །གནས་ལུགས་འཁྲུལ་ལུགས་ངོ་ཡིས་བཟུང་བ་ནི༔ གཉིས་མེད་ལྷུན་གྲུབ་ཀ་དག་ཡེ་སངས་རྒྱས༔ སྙིང་པོ་མ་རིག་ལས་ཉོན་ལོག་སྡུག་བསྔལ༔ ༈ ཕུན་སུམ་ཚོགས་ལྔས་བསྒྲུབ་གཞི་བཟུང་བ་ནི༔ བྲག་ནགས་དུར་ཁྲོད་ཕུག་སོགས་སྐྱོན་ཡོན་བརྩི༔ དད་གུས་དབང་དམ་ཤེས་རབ་གདིང་དང་ལྡན༔ ཚེས་སྐར་གཟའ་བཟང་ཡར་ངོའི་སྔ་གོང་འཇུག༔ ཟས་སྨན་མཆོད་སྐོང་སྒྲུབ་པའི་རྫས་རྣམས་གསོས༔ མ་དྲེད་རྩེ་གཅིག་དཀའ་ཐུབ་མཐར་འདོན་ནོ༔ ༈ རྣལ་འབྱོར་སྲུང་བའི་འཁོར་ལོའི་རིམ་པ་ནི༔ ལུས་ཅན་རྣམས་ཀྱིས་བྱང་ཆུབ་མཆོག་ཐོབ་བསྒོམ༔ ལྷ་མཚན་རྡོ་རྗེ་འཁོར་ལོའི་མཚན་མས་བསྲུང༔ ལུས་ངག་སེམས་གསུམ་སྐུ་གསུང་ཐུགས་ཡིག་བསམ༔ སྤྱན་རས་འཇམ་དཔལ་གང་ཡིན་ཡི་དམ་བསྒོམ༔ རྡོ་རྗེ་ས་ར་གུར་དང་མདའ་མེ་བསྒོམ༔ བྱ་བྱེད་ངོ་བོ་མི་དམིགས་ངང་བཞག་གོ༔ ༈ གནད་ལྔའི་སྒོ་ནས་ལམ་ལ་འཇུག་པ་ནི༔ ཐུན་མོང་ཁྱད་པར་བླ་མེད་གསུམ་སྐྱབས་འགྲོ༔ དཀར་དམར་ནག་གསུམ་བརྒྱ་བཟླས་མཆོད་དང་བསྐང༔ དལ་འབྱོར་ལས་འབྲས་མི་རྟག་ཉེས་དམིགས་བསྒོམ༔ སྒྲུབ་དང་མཆོད་པའི་མཎྜལ་གཉིས་སུ་འབུལ༔ སྣ་ཚོགས་ལམ་ཁྱེར་གཏོར་མས་ཚོགས་གཉིས་བསགས༔ རྒྱུན་གཏོར་གསུམ་བདུན་བཅུ་གཅིག་ལ་སོགས་བཏང༔ རྣམ་དག་བདུན་དང་ཕྱི་ནང་གསང་མཆོད་དབུལ༔ དེ་རྣམས་གསང་སྔགས་ལམ་གྱི་སྔོན་འགྲོ་ཡིན༔ ༈ བསླབ་པ་གསུམ་ལ་ལམ་གཞི་བཅའ་བ་ནི༔ མི་མཐུན་སྤོང་སེམས་མཉམ་འཇོག་རང་ངོ་ཤེས༔ ཤཱི་ལ་ས་མཱ་ཏི་པྲཛྙ་ཤིཀྵ་ཎ༔ སྣོད་སྦྱོར་ལོག་ཞུགས་ཁྱད་པར་ཐབས་ཀྱིས་ཟིན༔ བདེན་པའི་དོན་མཐོང་གོམས་འདྲིས་དེ་མི་འདའ༔ གཉེན་པོའི་དབང་གིས་བརྒྱད་ཁྲི་བཞི་སྟོང་གསུངས༔ སེམས་གསུམ་སྒོ་ནས་ལམ་ལ་གཟུད་པ་ནི༔ ཡིད་འོང་ཕ་མར་ཤེས་ཤིང་བདེ་ལྡན་བསྒོམ༔ སེམས་ཅན་ཕ་མ་སྡུག་བསྔལ་བྲལ་བར་བསམ༔ སངས་རྒྱས་ཐོབ་འདོད་བསམ་པ་ལེན་དང་སྒྲུབ༔ སེམས་གསུམ་སྡེ་གསུམ་བསླབ་གསུམ་ཉམས་གསུམ་ཐུགས༔ ༈ ཁྱད་པར་གསང་སྔགས་ལམ་གྱི་ངོ་བོ་ནི༔ བུམ་གསང་ཡེ་ཤེས་བདེ་ཆེན་དབང་བཞི་བསྐུར༔ ༈ ཕྱི་ནང་སྣོད་བཅུད་གཞལ་ཡས་ལྷ་རུ་བསྐྱེད༔ སྐྱེ་འགགས་གཉིས་མེད་རང་བྱུང་མཐའ་ལས་འདས༔ ༈ གནད་གསུམ་གཅུན་པས་རྟོག་མེད་རང་གསལ་འཆར༔ ༈ སོ་སྤྱི་བོགས་གསང་ཡང་དག་ཁོ་ན་སྤྱོད༔ ༈ མཉམ་རྗེས་བཟའ་བཅའ་བསྲུང་བའི་དམ་ལྔ་དབོག༔ དེ་རྣམས་གསང་སྔགས་ལམ་གྱི་ངོ་བོ་ཡིན༔ ༈ རྣལ་འབྱོར་ལྔ་ཡིས་ཉམས་སུ་བླང་བ་ནི༔ རྟོག་མེད་ཆོས་སྐུར་ཉལ་ལ་འཆི་རྟོག་སྦྱང༔ འགག་མེད་ལོངས་སྐུར་ལངས་ཏེ་སྐྱེ་རྟོག་སྦྱང༔ དབང་བཞིས་བདུད་རྩིར་བརླབས་ལ་བཟའ་བཏུང་རོལ༔ སྣ་ཚོགས་ཐབས་ཀྱིས་བཟུང་ལ་ལམ་དུ་བཏང༔ དྲོད་སྲོད་སྐྱེས་ཤར་འདའ་ཀ་བར་དོ་བསྟིམ༔ ༈ ལམ་དེའི་གེགས་བཞིའི་སྐྱོན་བསལ་བསྟན་པ་ནི༔ བྱིང་རྒོད་ཉམས་གསུམ་བཅོས་ལ་ལམ་དུ་བཏང༔ ནད་ཀྱི་གཞི་རྒྱུ་རྐྱེན་འབྲས་ངོས་བཟུང་བཅོས༔ སྤྲོས་བྲལ་ངང་བཞག་རྒྱུན་ཆད་སྐྱེ་དང་སེལ༔ གནོད་པའི་ཟས་བཟའ་འཁྲིག་བཅད་ལྟོས་མེད་བསྐྱུར༔ དཀར་དམར་ནག་པོའི་ཧཱུྃ་འཕྲོས་སྟེང་འོག་གདོན༔ རང་ལས་གཞན་མེད་ཡ་ང་ཁུ་འཕྲིག་བཅད༔ དམ་ཉམས་གྲོགས་གནས་ཟས་ཀྱི་གྲིབ་བཞི་བསལ༔ ༈ ལམ་དེའི་བོགས་འདོན་གནད་དུ་གཏོང་བ་ནི༔ སྐྱོན་གྱི་རྩ་བ་བདག་འཛིན་བློ་ཡིས་བཏང༔ ཡོན་ཏན་གཞི་མ་ཉམས་ལེན་དྲག་པོ་བྱ༔ རང་གི་ལམ་ལ་བོགས་མེད་གཞན་གྱིས་འདོན༔ ཉོན་མོངས་གནད་ཀྱིས་གཟུང་ལ་ལམ་དུ་བཏང༔ རྣམ་རྟོག་ལམ་དུ་བཏང་ལ་བོགས་སུ་འདོན༔ དེ་རྣམས་ལམ་གྱི་ཆ་རྐྱེན་ཡན་ལག་ཡིན༔ ༈ ལམ་དེ་མཐར་ཕྱིན་མངོན་གྱུར་འབྲས་བུ་ནི༔ སྐུ་ལྔ་གསུང་ལྔ་ཐུགས་ཡོན་ཕྲིན་ལས་ལྔ༔ རྟེན་ཅན་རྟེན་མེད་ངོ་བོ་ཉིད་དོན་བྱེད༔ གཅིག་དང་ཐ་དད་གཉིས་སུ་མེད་པར་བཞུགས༔ གཟིགས་ཚུལ་གྲུབ་དང་མ་གྲུབ་བདེན་བརྫུན་བརྟག༔ ༈ ཚེ་འདིར་སངས་རྒྱས་ཐོབ་བྱེད་ཉེ་བའི་ལམ༔ རང་མཚན་མངོན་དུ་སྟོན་པ་ངེས་པའི་ཆོས༔ ཐབས་དང་ཤེས་རབ་གཉིས་ལྡན་ཤིང་རྟའི་སྲོལ༔ ཕམ་བྱེད་རྒྱལ་འགྱུར་བླ་མེད་ཐེག་མཆོག་གོ༔ ༈ འདི་སྦྱར་དགེ་བ་དྲི་མེད་རྣམ་དག་གིས༔ ལུས་ཅན་ཐམས་ཅད་སྨིན་གྲོལ་ལམ་ཞུགས་ཏེ༔ རང་ཆས་ཤེས་རྟོག་སྒྲིབ་དག་ཉེས་ཟད་ནས༔ ཡང་དག་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག༔ གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ་ཞེས་བྱ་བ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་སོ༔ ༈ ནང་བཤད་གསང་སྔགས་ལམ་རིམ་ས་བཅད་བཞུགས་སོ། །དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ནང་བཤད་གསང་སྔགས་ལམ་གྱི་རིམ་པ་འདི་ལ་དོན་གསུམ་སྟེ། ཀླད་ཀྱི་དོན་དང༌། གཞུང་གི་དོན་དང༌། མཇུག་གི་དོན་ནོ། །དང་པོ་ལ་གཉིས་ཏེ། གཉིས་བཅོམ་གཉིས་ལྡན་ ཕྱག་འཚལ་བ་དང༌། བདག་ཉིད་རྣལ་འབྱོར་ རྩོམ་པར་དམ་བཅའ་བའོ། །གཞུང་དོན་ལ་གསུམ་སྟེ། གཞི། ལམ། འབྲས་བུའོ། །གཞུང་གི་སྤྱི་དོན་དང་པོ་ལ་གཉིས་ཏེ། གནས་ལུགས་ གནས་ལུགས་དང་། སྙིང་པོ་མ་རིག་ འཁྲུལ་ལུགས་སོ། །གཞུང་གི་སྤྱི་དོན་གཉིས་པ་ལ་གསུམ་སྟེ༑ ལམ་གྱི་སྔོན་དུ་འགྲོ་བ་དང༌། ལམ་རང་གི་ངོ་བོ་དང༌། ལམ་གྱི་ཆ་རྐྱེན་བསྟན་པའོ། །དང་པོ་ལ་གསུམ་སྟེ། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་དང༌། བསྲུང་བའི་འཁོར་ལོའི་རིམ་པ་བསྟན་པ་དང༌། གནད་ལྔའི་སྒོ་ནས་ལམ་ལ་འཇུག་པར་བསྟན་པའོ། །དང་པོ་ལ་ལྔ་སྟེ། ཕུན་སུམ་ཚོགས་ལྔས་ གནས་གང་དུ་དང༌། དད་གུས་ གང་ཟག་གང་གིས་དང༌། ཚེས་སྐར་ དུས་གང་ལ་དང༌། ཟས་སྨན་ རྫས་གང་བསགས་པ་དང༌། མ་དྲེད་རྩེ་གཅིག་ ཐབས་ཇི་ལྟར་བསྒྲུབ་པའོ༑ ༑གཉིས་པ་སྲུང་འཁོར་ལ་དྲུག་སྟེ། རྣལ་འབྱོར་སྲུང་བའི་ བྱང་ཆུབ་སེམས་ཀྱི་སྲུང་བ་དང༌། ལྷ་མཚན་རྡོ་རྗེ་ མཚོན་ཆ་ལྔའི་སྲུང་བ་དང༌། ལུས་ངག་ཡིད་ ཡི་གེ་གསུམ་གྱི་སྲུང་བ་དང༌། སྤྱན་རས་འཇམ་དཔལ་ ཞི་དྲག་གསུམ་བརྩེགས་ཀྱི་སྲུང་བ་དང༌། རྡོ་རྗེ་ར་བ་ རང་བྱུང་ལྷུན་གྱིས་གྲུབ་པའི་སྲུང་བ་དང༌། བྱ་བྱེད་ དོན་དམ་མཚན་མ་མེད་པའི་སྲུང་བའོ། །གསུམ་པ་གནད་ལྔས་ཐེག་ཆེན་ལམ་དུ་འཇུག་པ་ལ་ལྔ་སྟེ། གནས་ལྔའི་ སྐྱབས་འགྲོས་ཆོས་ཀྱི་གཞི་གཏིང་བ་དང༌། དཀར་དམར་ནག་ ཡིག་བརྒྱས་སྒྲིབ་པ་སྦྱང་བ་དང༌། དལ་འབྱོར་ལས་འབྲས་ ལས་འབྲས་མི་རྟག་པ་སྒོམ་པ་ལ་བློ་སྦྱངས་པ་དང༌། སྒྲུབ་དང་མཆོད་ མཎྜལ་དང་ སྒྲུབ་དང་མཆོད་ གཏོར་མ་བཏང་བས་ཚོགས་བསགས་པ་དང༌། རྣམ་དག་བདུན་ མཆོད་པ་ཕུལ་ལ་ཚོགས་ཡོངས་སུ་སྤེལ་བའོ། །གཉིས་པ་ལམ་རང་གི་ངོ་བོ་ལ་གཉིས་ཏེ། ཐུན་མོང་སྤྱི་ཡི་ལམ་དང༌། ཁྱད་པར་གསང་སྔགས་ཀྱི་ལམ་མོ། །དང་པོ་ལ་གཉིས་ཏེ། བསླབ་པ་གསུམ་ལ་ལམ་གྱི་གཞི་བཅའ་བ་དང་། སེམས་གསུམ་གྱིས་ལམ་གྱི་ཁ་བསྒྱུར་བའོ། །དང་པོ་ལ་ལྔ་སྟེ། བསླབ་པ་གསུམ་ ངོ་བོ་ངོས་བཟུང་བ་དང༌། ཤཱི་ལ་ས་མཱ་ མཚོན་བྱའི་སྒྲ་དོན་བཤད་པ་དང༌། གནོད་སྦྱོར་ལོག་ མཚན་ཉིད་ཀྱི་རང་ལྡོག་བསྟན་པ་དང༌། བདེན་པའི་དོན་མཐོང་ མཚན་གཞི་སྐྱེ་ཚུལ་དང༌། གཉེན་པོའི་དབང་གིས་ གཉེན་པོའི་སྒོ་ནས་རྣམ་གྲངས་སུ་འགྱུར་ཚུལ་ལོ། །གཉིས་པ་སེམས་གསུམ་གྱིས་ལམ་གྱི་ཁ་བསྒྱུར་བ་ལ་བཞི་སྟེ། སེམས་གསུམ་སྒོ་ནས་ བྱམས་པ་དང༌། སེམས་ཅན་ སྙིང་རྗེ་དང༌། སངས་རྒྱས་ཐོབ་འདོད་ བྱང་ཆུབ་ཀྱི་སེམས་དང༌། སེམས་གསུམ་སྡེ་གསུམ་ དེ་དག་སྡེ་སྣོད་གསུམ་དུ་ངོས་བཟུང་ལ་བསླབ་པ་གསུམ་དུ་བསྟན་པའོ། །གཉིས་པ་གསང་སྔགས་རང་གི་ལམ་ལ་ལྔ་སྟེ། ཁྱད་པར་གསང་སྔགས་ རྒྱུད་སྨིན་པར་བྱེད་པ་དབང་དང༌༑ ཕྱི་ནང་ སྨིན་པ་གྲོལ་བར་བྱེད་པ་ལ་ལྟ་བ་དང༌། གནད་གསུམ་གཅུན་པས་ ལྟ་བ་གོམས་པར་བྱེད་པ་ལ་བསྒོམ་པ་དང༌། སོ་སྤྱིའི་བོགས་ དེ་དང་མི་འབྲལ་ཞིང་རྩལ་སྦྱོང་བ་ལ་སྤྱོད་པ་དང༌། མཉམ་རྗེས་བཟའ་བཅའ་ དེ་དག་ལས་མི་འདའ་བར་བྱེད་པ་ལ་དམ་ཚིག་གོ །གཉིས་པ་ལྟ་བ་ལ་གཉིས་ཏེ། ཕྱི་ནང་སྣོད་བཅུད་ བསྐྱེད་རིམ་སྦྱང་བ་དང༌། སྐྱེ་འགག་གཉིས་མེད་ རྫོགས་རིམ་བསྟན་པའོ། །གསུམ་པ་དེའི་ཆ་རྐྱེན་བསྟན་པ་ལ་གསུམ་སྟེ། རྣལ་འབྱོར་ལྔའི་ལམ་ཉམས་ལེན་གྱི་གནད་བསྟན་པ་དང༌། གེགས་སེལ་བཞིས་ལམ་གྱི་རྐྱེན་བསལ་བ་དང༌། བོགས་འདོན་བཞིས་ལམ་མཐར་འདོན་པའོ། །དང་པོ་ལ་ལྔ་སྟེ། རྟོག་མེད་ ཉལ་བའི་རྣལ་འབྱོར་དང༌། འགག་མེད་ ལྡང་བའི་རྣལ་འབྱོར་དང༌། དབང་བཞིས་ ཟ་བའི་རྣལ་འབྱོར་དང༌། སྣ་ཚོགས་ རྒྱུན་གྱི་རྣལ་འབྱོར་དང༌། དྲོད་སྲོད་ དུས་གནད་ཀྱི་རྣལ་འབྱོར་རོ། །གཉིས་པ་ལམ་གྱི་གེགས་བསལ་བ་ལ་བཞི་སྟེ། བྱིང་རྒོད་ ཏིང་ངེ་འཛིན་ཉམས་ཀྱི་གེགས་བསལ་བ་དང༌། ནད་ཀྱི་ ལུས་ན་ཚ་སྡུག་བསྔལ་གྱི་གེགས་བསལ་བ་དང༌། རང་ལས་གཞན་མེད་ སེམས་རྣམ་རྟོག་ལྷ་འདྲེའི་གེགས་བསལ་བ་དང༌། དམ་ཉམས་ རྐྱེན་སྣང་གློ་བུར་གྲིབ་ཀྱི་གེགས་བསལ་བའོ། །གསུམ་པ་ལམ་གྱི་བོགས་འདོན་པ་ལ་གསུམ་སྟེ། ལམ་དེའི་ བོགས་མི་འབྱུང་བའི་སྐྱོན་བསལ་བ་དང༌། ཡོན་ཏན་ འབྱུང་བའི་གཞི་བཅའ་བ་དང༌། བོགས་ཇི་ལྟར་འདོན་པའི་ཐབས་སོ། །དེ་ལ་གཉིས་ཏེ། རང་ལ་གནས་པ་དེ་ལ་བོགས་འདོན་པ་དང༌། སྔར་མེད་གསར་དུ་སྐྱེས་པའི་ཉོན་མོངས་པ་རྣམ་རྟོག་བོགས་སུ་འདོན་པའོ། །དེ་ལ་གཉིས་ཏེ། ཉོན་མོངས་ ཉོན་མོངས་བོགས་སུ་འདོན་པ་དང༌། རྣམ་རྟོག་ རྣམ་རྟོག་བོགས་སུ་འདོན་པའོ། །གཞུང་གི་སྤྱི་དོན་གསུམ་པ་ཉམས་སུ་བླངས་ནས་མཐར་ཕྱིན་པའི་འབྲས་བུ་ལ་བཞི་སྟེ། སྐུ་ལྔ་ འབྲས་ཆོས་ངོས་བཟུང་བ་དང༌། རྟེན་ཅན་རྟེན་མེད་ འགྲོ་དོན་བྱེད་ཚུལ་དང༌། གཅིག་དང་ཐ་དད་ དགོངས་པ་ལ་བཞུགས་ལུགས་དང༌། གཟིགས་ཚུལ་ གདུལ་བྱ་ལ་ཐུགས་རྗེས་འཛིན་ཚུལ་ལ་གཞན་གྱི་ལོག་རྟོག་དགག་པའོ༑ ༑སྤྱི་དོན་གསུམ་པ་མཇུག་གི་དོན་ལ་གསུམ་སྟེ། ཚེ་འདིར་ ཆོས་ཀྱི་ཆེ་བ་བསྟན་པ་དང༌། འདི་སྦྱར་དགེ་བ་ དགེ་བ་ཐམས་ཅད་མཁྱེན་པར་བསྔོ་ཞིང༌། གསང་སྔགས་ལམ་གྱི་རིམ་ མཚན་རྫོགས་ཚུལ་དང་བཅས་པ་བསྟན་པའོ། །ནང་བཤད་གསང་སྔགས་ལམ་རིམ་གྱི་བསྡུས་དོན་རྫོགས་སོ། ༈ །གསང་སྔགས་ལམ་རིམ་གྱི་སྙིང་པོ་སེམས་ཉིད་གཅེར་སྟོན་ལག་ཁྲིད་ལྔ་པ་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གུ་རུ་པདྨ་འབྱུང་གནས་ཀྱིས་མཛད་པའི་མན་ངག །སེམས་ཉིད་གཅེར་སྟོན་གྱི་ལག་ཁྲིད་འདི་ལ་ལྔ་སྟེ། དང་པོ་རང་སེམས་ལྟ་རུ་གཞུག་པ། གཉིས་པ་མ་མཐོང་ན་སེམས་ངོ་བསྟན་པ། གསུམ་པ་མཐོང་བའི་དོན་ངོ་སྤྲོད་པ། བཞི་པ་དེའི་རྒྱབ་སྐྱོར་བ། ལྔ་པ་ལ་བཟླ་བའོ། །དང་པོ་ནི། རང་གི་སེམས་གང་ཡིན་ལྟོས་ལ། ལན་གཅིག་ཁྱེར་ལ་ཤོག །བྱས་པས། སེམས་སྟོང་པ་ཉིད་ལྟ་རྒྱུ་མེད་པ་གཅིག་འདུག་ཟེར་ན། མ་མཐོང་བ་ཡིན། སྣང་བ་ཐམས་ཅད་སེམས་སུ་འདུག་ཟེར་ནའང་། སེམས་ཀྱི་སྤྱི་རིག་ཙམ་མཐོང་བ་ཡིན་གྱིས། ད་ལྟ་བའི་རང་སེམས་ངོས་མ་ཟིན་པ་ཡིན། ནམ་མཁའ་དང་ས་གཞི་རི་བོ་ལ་སོགས་པ་གང་ནས་བཙལ་ཡང་མི་རྙེད་དོ། །གཉིས་པ་སེམས་ངོ་བསྟན་པ་ནི། སེམས་ཀྱི་སྤྱི་རིག་ཙམ་གྱིས་མཐོང་བའི་གོ་མི་ཆོད་དོ། །ད་ལྟ་གང་ཤར་དེ་ངོས་ཟིན་དགོས་པ་ཡིན། ད་ཐབས་སྒྲ་དེ་སེམས་སུ་ཤར་བ་ཡིན་ཏེ། ངས་སེམས་གང་ཡིན་ལྟོས་ཤིག་བྱས་པ་ཁྱོད་ཀྱི་སེམས་སུ་ཤར་བ་ཡིན་ཏེ། ཁྱོད་རང་གང་ཡིན་ལྟ་བ་པོ་དེ་རང་སེམས་ཡིན་ནོ། །བྱས་ལ། མ་དང་བུའི་དཔེས་ངོ་སྤྲད་དོ། །དེ་ཡང་སེམས་ལ་ལྟོས་ཤིག་ཅེས་པའི་སྒྲ་དེས་སེམས་ལ་ཚུར་བལྟས་སམ། སེམས་ཀྱིས་སྒྲ་ཕར་བཟུང་ངམ༑ སྒྲ་སེམས་དབྱེར་མེད་དུ་འདུག་ལྟོས་ཤིག །བྱས་ལ་དྲི། སྔ་མ་གཉིས་པོ་ལྟར་ཟེར་ན། མ་གོ་བ་ཡིན། དབྱེར་མེད་དུ་འདུག་ཟེར་ན། གོ་བ་ཡིན་པས་ངོ་སྤྲད་པར་བྱའོ། །དེ་བཞིན་དུ་གཟུགས་ལ་སོགས་པ་ཡུལ་ལྔ་ཀ་སེམས་སུ་ངོ་སྤྲད་དོ། །གསུམ་པ་མཐོང་བའི་དོན་ངོ་སྤྲོད་པ་ལ་གསུམ་སྟེ། རྣམ་པ་རང་གྲོལ། གཤིས་ཡེ་གྲོལ། ངོ་བོ་གཉིས་མེད་དུ་ངོ་སྤྲད་པའོ། །དང་པོ། གང་ཡིན་ལྟ་བ་པོའི་སེམས་དེ་རང་དུ་འདུག་གམ། གཞན་དུ་འདུག་དྲི། གཞན་དུ་འདུག་ཟེར་ན། མ་གོ་བ་ཡིན། རང་དུ་འདུག་ཟེར་ན། ངོ་མཐོང་བ་ཡིན་པས་ངོ་སྤྲད་དོ། །གཞན་མ་ཡིན་པར་ཐག་བཅད་ལ། རང་སྣང་ལ་གཞུག་པས་རང་གྲོལ་དུ་ཤེས་འགྲོ་བ་ཡིན་ནོ། །རང་དུ་ཤེས་པས་གཞན་འཛིན་གྱི་རྟོག་པ་མི་སྐྱེ་བ་ནི་རང་གྲོལ་གྱི་གནད་ཡིན་ནོ། །གཉིས་པ། ཡེ་གྲོལ་ངོ་སྤྲད་པ་ནི། ལྟ་བ་ལྟར་སྣང་བའི་སེམས་དེ་སྣང་བ་རང་རྒྱུད་དུ་བདེན་པ་གཅིག་འདུག་གམ། ངོ་བོ་སྟོང་པར་འདུག་དྲི། རང་རྒྱུད་དུ་འདུག་ཟེར་ན། མ་གོ་བ་ཡིན། སྟོང་པར་འདུག་ཟེར་ན། ཚུར་བཀུག་ནས་སྟོང་པར་འདུག་གམ། ཡལ་བའི་རྗེས་ལ་སྟོང་པར་འདུག་གམ། དེ་ཀ་རང་སྟོང་པར་འདུག་དྲི། སྔ་མ་གཉིས་པོ་ལྟར་ཟེར་ན། མ་གོ་བ་ཡིན། དེ་ཀ་རང་སྟོང་པར་འདུག་ཟེར་ན། ངོ་བོ་མཐོང་བ་ཡིན་པས་ངོ་སྤྲད་དོ། །སྣང་བ་རང་རྒྱུད་པ་བདེན་པ་མིན་པར་ཐག་བཅད་ལ་སྟོང་པ་ཉིད་ལ་གཞུག་པས་ཡེ་གྲོལ་ཤེས་འགྲོ་བ་ཡིན་ནོ། །སྟོང་པར་ཤེས་པས་སྣང་བ་ལ་བདེན་འཛིན་མི་སྐྱེ། དེ་ཀ་ཡེ་གྲོལ་གྱི་གནད་ཡིན་ནོ། །གསུམ་པ། གཉིས་མེད་ངོ་སྤྲད་པ་ནི། སྟོང་པ་ཅང་མེད་ཅིག་འདུག་གམ། གསལ་རིག་དང་བཅས་པ་གཅིག་འདུག་གམ་དྲི། ཅང་མེད་གཅིག་འདུག་ཟེར་ན། མ་གོ་བ་ཡིན། གསལ་རིག་ཅན་འདུག་ཟེར་ན། གསལ་བ་དང་སྟོང་པ་ཐ་དད་དུ་འདུག་གམ། གཅིག་ཏུ་འདུག་དྲི། ཐ་དད་དུ་འདུག་ཟེར་ན། མ་གོ་བ་ཡིན། གཅིག་ཏུ་འདུག་ཟེར་ན། ངོ་བོ་མཐོང་བ་ཡིན་པས་ངོ་སྤྲད་དོ། ། སྣང་སྟོང་ཐ་དད་དུ་མེད་པར་གཉིས་མེད་ལ་གཞུག་པས་གཉིས་མེད་དུ་ངོ་ཤེས་འགྲོ་བ་ཡིན་ནོ། །གཉིས་མེད་ལ་གནས་པས་གཉིས་འཛིན་གྱི་རྟོག་པ་མི་སྐྱེ། དེ་ཀ་ལ་གཉིས་མེད་རྟོགས་ཟེར་བ་ཡིན་ནོ། །བཞི་པ་རྒྱབ་སྐྱོར་ལ་གསུམ་སྟེ། རང་གྲོལ་གྱི་རྒྱབ་སྐྱོར་བ། རྣམ་པའི་ཆོས་ཐམས་ཅད་ཀྱི་གཤིས་ལ་ཡེ་ཡིན་ཡེ་གྲོལ་ལ་འདའ་བ་མེད་དེ། བྱ་གར་འཕུར་ཡང་ནམ་མཁའ། མི་གར་ཕྱིན་ས་སྟོང་ལས་མི་འདའ་བ་བཞིན་དུ་དང་། ཡེ་གྲོལ་གྱི་རྒྱབ་སྐྱོར་བ། ཆོས་ཐམས་ཅད་ཀྱི་གཤིས་ལ་ཡེ་ཡིན་ཡེ་གྲོལ་ལས་འདའ་ས་མེད་དེ། གསེར་གླིང་ན་གསེར། ཆུ་གླིང་ན་ཆུ་ལས་འདའ་ས་མེད་པ་ལྟ་བུ་དང༌། གཉིས་མེད་ཀྱི་རྒྱབ་སྐྱོར་བ་ལ། ཆོས་ཐམས་ཅད་ཀྱི་ངོ་བོ་ལ་གཉིས་མེད་ལས་འདའ་ས་མེད་དེ། ཆུ་ལ་གཤེར་བ། མེ་ལ་ཚ་བ་ལས་འདའ་ས་མེད་པ་ལྟ་བུ་ནི། ལྟ་བའི་སྐབས་སུ་ཤེས་པར་བྱའོ། །ལྔ་པ། ལ་བཟླ་བ་ལ་གསུམ་སྟེ། ཀ་དག །ལྷུན་གྲུབ། ཀུན་གྱི་བདག་ཉིད་དུ་ལ་བཟླ་བའོ། །དང་པོ་ལ་གསུམ་སྟེ། སེམས་ཀྱི་རྩལ་སྣང་འགག་མེད་དུ་ཤར་བ་ལ་གཞན་གྱི་རྟོག་པ་ཀ་ནས་དག་པ་ནི་ཡེ་ཤེས་ཀ་དག །ཤར་ཚད་ཀྱི་རང་བཞིན་སྟོང་པ་ལ་དངོས་པོ་རང་རྒྱུད་ཀྱིས་བདེན་པ་ཀ་ནས་དག་པ་ནི་དབྱིངས་ཀ་དག །ངོ་བོ་སྣང་སྟོང་གཉིས་མེད་ལ་ཐ་དད་ཀྱི་གཉིས་ཆོས་ཀ་ནས་དག་པ་ནི་གཉིས་མེད་ཀ་དག་གོ །གཉིས་པ་ལྷུན་གྲུབ་ལ་གསུམ་སྟེ། སེམས་ཀྱི་རྩལ་སྣང་སྣ་ཚོགས་སུ་འཆར་བ་ལ་གཞན་ནས་བཙལ་མི་དགོས་ཏེ། སེམས་རང་ཤར་བ་ནི་ཆོས་ཅན་ལྷུན་གྲུབ། ཤར་ཚད་ཀྱི་རང་བཞིན་སྟོང་པ་ལས་གཞན་ནས་བཙལ་མི་དགོས་ཏེ། ཤར་བ་པོ་རང་སྟོང་པ་ནི། ཆོས་ཉིད་ལྷུན་གྲུབ། ངོ་བོ་སྣང་སྟོང་གཉིས་མེད་ལ་བཙལ་མི་དགོས་ཏེ། གང་སྣང་བ་དེ་དག་རང་གཉིས་སུ་མེད་པ་ནི་གཉིས་མེད་ལྷུན་གྲུབ་བོ། །གསུམ་པ་ཀུན་གྱི་བདག་ཉིད་དུ་གནས་པ་ནི། ཆོས་ཐམས་ཅད་ནི་རང་གི་སེམས་ཡིན་ལ། སེམས་ཀྱི་རྣམ་པ་ཅིར་ཡང་མ་འགགས་པ། གཤིས་ཅིར་ཡང་མ་གྲུབ། ངོ་བོ་ཅིར་ཡང་མ་གྲུབ་པ། གཞི་སྟོང་པ། ངོ་བོ་ཅིར་ཡང་མི་རྟོག་པ། དེ་ཆོས་ཐམས་ཅད་ཀྱི་བདག་ཉིད་དོ། །དེ་ཀ་གཞི་སྣང་སྟོང་གཉིས་མེད་ཀྱི་བདག་ཉིད་དུ་བསྟན་ཏེ། རྣམ་པ་ཅིར་ཡང་མ་འགགས་པ། གཞི་སྣང་བ་གཤིས་ཅིར་ཡང་མ་གྲུབ་པ། གཞི་སྟོང་པ་ངོ་བོ་ཅིར་ཡང་མི་རྟོག་པ། གཞི་གཉིས་མེད་ཀྱི་བདག་ཉིད་དོ། །དེ་ཀ་ལྟ་བ་བསྐྱེད་རྫོགས་གཉིས་ཀྱི་བདག་ཉིད་ཀྱང་ཡིན་ཏེ། མ་འགགས་པ་བསྐྱེད་རིམ། མ་གྲུབ་པ་རྫོགས་རིམ། མི་རྟོག་གཉིས་མེད་དོ། །བསྒོམ་པ་ཞི་གནས་ལྷག་མཐོང་གི་བདག་ཉིད་ཀྱང་ཡིན་ཏེ། མ་འགགས་པ་ལྷག་མཐོང༌། མ་གྲུབ་པ་ཞི་གནས་སོ། །མི་རྟོག་པ་གཉིས་མེད་དོ། །འབྲས་བུ་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཀྱང་ཡིན་ཏེ། མ་འགགས་པ་ལོངས་སྐུ། མ་གྲུབ་པ་ཆོས་སྐུ། མི་རྟོག་པ་སྤྲུལ་སྐུའོ། །མཁྱེན་པ་གཉིས་ལྡན་གྱི་ཡེ་ཤེས་ཀྱང་ཡིན་ཏེ། མ་འགགས་པ་ཅི་སྙེད་པ། མ་གྲུབ་པ་ཅི་ལྟ་བ། མི་རྟོག་པ་གཉིས་མེད་དུ་མཁྱེན་པའོ། །སྤངས་རྟོགས་ཕུན་སུམ་ཚོགས་པ་ཡང་ཡིན་ཏེ། མ་འགགས་པ་རྟོགས་པ། མ་གྲུབ་པ་སྤངས་པ་ཕུན་སུམ་ཚོགས་པའོ། །དེ་ལྟར་ཤེས་པས་འཁོར་འདས་སྐྱོན་ཡོན་ལྷ་འདྲེ་ལ་སོགས་པ་མཉམ་པ་ཉིད་དུ་ལ་བཟླ་བ་ཡིན་ཏེ༑ སྣང་བ་མ་འགག་པར་རང་སྣང་དུ་མཉམ། མ་གྲུབ་པ་སྟོང་པར་མཉམ། ངོ་བོ་མི་རྟོག་པར་གཉིས་མེད་དུ་མཉམ་མོ། །དེ་ཙམ་ན་སྣང་ཚད་གཞི་དངོས་པོའི་གནས་ལུགས། ལྟ་བ་བསྐྱེད་རྫོགས་ཀྱི་ཡོ་ལངས། སྒོམ་པ་ཞི་གནས་ལྷག་མཐོང་གི་རང་བཞིན། འབྲས་བུ་སངས་རྒྱས་སྐུ་གསུམ་གྱི་དཀྱིལ་འཁོར་ལས་མི་འདའ་སྟེ། རང་སྣང་རང་ངོ་ཤེས་ནས་གཞན་སྣང་གི་རྟོག་པ་མེད། རང་སྟོང་རང་ངོ་ཤེས་ནས་དངོས་པོ་རང་རྒྱུད་པའི་བདེན་འཛིན་བྲལ། གཉིས་མེད་རང་ངོ་ཤེས་ནས་ཐ་དད་གཉིས་འཛིན་མེད། དེ་ཙམ་ན་སྟོང་པ་རྒྱུ་འབྲས་སུ་འཆར་བ་ཐམས་ཅད་མཁྱེན་པའི་ཁྱད་ཆོས། རྒྱུ་འབྲས་སྟོང་པར་རྟོགས་པས་མཉམ་པ་ཉིད་ཆེན་པོར་ལ་བཟླའོ། །ཆོས་ཐམས་ཅད་སྣང་ཙམ་དུ་ཡོད་པ་ཀུན་རྫོབ་བདེན་པའི་ཕོ་སྒོ། བདེན་མེད་དངོས་སུ་གྲུབ་པ་མེད་པ་དོན་དམ་བདེན་པའི་རང་གཞུང༌། ཆོས་ཐམས་ཅད་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། རྟག་པ་ཡང་མ་ཡིན། ཆད་པ་ཡང་མ་ཡིན། སྐྱོན་ཡེ་དག །ཡོན་ཏན་ཡེ་རྫོགས། མཐའ་ཡེ་བྲལ། གཉིས་མ་གྲུབ་པའི་གཉིས་མེད། ཟུང་མ་རྙེད་པའི་ཟུང་འཇུག །མཐའ་མ་རྙེད་པའི་མཐའ་བྲལ། བཟང་ངན་མ་རྙེད་པའི་ཀུན་ཏུ་བཟང་པོ། བཙལ་མི་དགོས་པའི་ལྷུན་གྲུབ། འཁྲུལ་པ་མེད་པའི་ཀ་དག་གོ །བར་ལག་ཐམས་ཅད་རྨིངས་ནས་འགྱེལ། འགྲམ་རྡོ་ཐམས་ཅད་རྩད་ནས་ཐོན། ཐམ་ཐུམ་ཐམས་ཅད་གཅིག་ཏུ་འདྲེས། འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་ནས་རྣམ་པར་གྲོལ་བ་མིན་པ་གཅིག་ཀྱང་མེད་དོ། །སེམས་ཉིད་གཅེར་སྟོན་གྱི་ལག་ཁྲིད་ལྔ་པ། གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེའི་ཁྲིད་ཆུང༌ ཨྠིྀ། ༈ །གསང་སྔགས་ལམ་གྱི་རིམ་པའི་དོན་ཁྲིད་ངོ་སྤྲོད་དུ་གདབ་པ་རྒད་པོ་མཁར་ཚུགས་དང་རྒན་མོ་མཛུབ་ཚུགས་ཀྱི་གདམས་ངག་བཞུགས་སོ། །ན་མོ་གུ་རུ། སློབ་དཔོན་པདྨ་འབྱུང་གནས་ལ། རྔོག་ཤེས་རབ་རྒྱལ་པོ་ཞེས་བྱ་བ། ལོ་དྲུག་ཅུ་ལོན་པ༑ ཐོས་པ་མ་བྱས་པ། དད་པ་དང་ལྡན་པ་གཅིག་གིས། བྲག་པོ་ཆེའི་དབེན་རྩ་རུ། སློབ་དཔོན་ལོ་གཅིག་བཞུགས་ཏེ། རྔོག་གིས་ཀྱང་ཆོས་ཞུ་མ་བྱས། སློབ་དཔོན་གྱིས་ཀྱང་ཆོས་བཤད་མ་བྱས་པར། ལོ་གཅིག་ན་སློབ་དཔོན་བཞུད་པར་དགོངས་པ་ལ། རྔོག་གིས་གསེར་སྲང་གང་གིས་མཎྜལ་གྱི་མེ་ཏོག་བྱས་ནས་སློབ་དཔོན་ལ་ཕུལ་ཏེ། ཞུས་པ། སློབ་དཔོན་རིན་པོ་ཆེ་ལགས། བདག་ལ་ཐུགས་བརྩེ་བར་དགོངས་འཚལ། བདག་གཅིག་ཏུ་ཐོས་པ་ཆུང༌། གཉིས་སུ་ཤེས་རབ་ཆུང༌། གསུམ་དུ་ན་སོ་རྒས། སློབ་དཔོན་ཆེན་པོ། བདག་ལ་གོ་སླ་བ། སྒྲོ་འདོགས་ཆོད་པ། རྟོགས་པར་སླ་བ། ལྟ་ཁམས་ཆེ་བ། ཉམས་སུ་བླང་སླ་བ། རྒད་པོ་འཆི་ཁ་མའི་གདམས་ངག་ཅིག་ཞུ་འཚལ། ཞུས་པས། སློབ་དཔོན་གྱིས་རྒད་པོའི་སྙིང་གར་ཕྱག་འཁར་བཙུགས་ཏེ་གདམས་པ་ནི་འདིའོ། །ཉོན་ཅིག །རང་རིག་བྱང་ཆུབ་ཀྱི་སེམས་འདི་ལ་ལྟོས་དང༌། གཟུགས་དང་ཁ་དོག་ཏུ་གྲུབ་པ་མེད། ཕྱོགས་དང་རིས་སུ་ཆད་པ་མེད། མཐའ་དང་དབུས་སུ་གྲུབ་པ་མེད། དང་པོ་བྱུང་ས་མེད་དེ་སྟོང༌། བར་དུ་གནས་ས་མེད་དེ་སྟོང༌། ཐ་མ་འགྲོ་ས་མེད་དེ་སྟོང༌། སྟོང་པ་དེ་ག་ངོ་ཤེས་ན། རང་ངོ་རང་གིས་ཤེས་པ་ཡིན། ཆོས་ཀྱི་ཆོས་ཉིད་གོ་བ་ཡིན། སེམས་ཀྱིས་སེམས་མཐོང་བ་ཡིན། དངོས་པོའི་གནས་ལུགས་གཏན་ལ་ཕེབས་པ་ཡིན། རིག་པ་བྱང་ཆུབ་ཀྱི་སེམས་དེ་དངོས་པོ་ཅིར་ཡང་མ་གྲུབ་ཅིང༌། རང་བྱུང་རང་ལ་གནས་པས། གཞན་ནས་བཙལ་དུ་མེད་དེ། ཆོས་ཉིད་དོན་རྟོགས་པར་སླ། ཆོས་ཉིད་ཀྱི་དོན་ལ་རེ་དོགས་ཀྱི་འཛིན་པ་མེད་དེ། སེམས་རྟག་ཆད་ཀྱི་མཐའ་ལས་འདས། སངས་རྒྱ་རྒྱུ་མེད་དེ། སངས་རྒྱས་རང་གི་སེམས། དམྱལ་བར་འགྲོ་རྒྱུ་མེད་དེ། དམྱལ་བ་རང་གི་སེམས། སངས་རྒྱས་ལ་རེ་བ་མེད་དེ། རང་གིས་རང་སངས་རྒྱས། དམྱལ་བར་དོགས་པ་མེད་དེ། རིག་པ་རང་དག །ཆོས་ལ་བྱ་རྒྱུ་མེད་དེ། རིག་པ་ཆོས་ཉིད་རང་གསལ། ལྟ་བ་གནས་ལུགས་ཆེན་པོ་རང་ལ་ཡོད་པས། གཞན་ལ་བཙལ་དུ་མེད་པར་ཐག་བཅད་དོ། །དེ་ལྟར་རྟོགས་ནས་ཉམས་སུ་ལེན་པར་འདོད་ན། རང་གང་ན་འདུག་པ་དེ་ལུས་རི་བོའི་དགོན་གནས་ཡིན་པས། ཕྱི་སྣང་བ་ལ་གང་སྣང་བ་རང་སྣང༌། གསལ་བ་རང་གསལ། སྟོང་པ་རང་སྟོང༌། རང་བྱུང་རང་ཞི། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་བཞག་གོ །དེ་ནས་ཕྱིའི་སྣང་བ་གྲོགས་སུ་ཤར་བས་སྣང་བ་རང་སར་དག །སྣང་བ་རང་སར་དག་པས་སྣང་བ་ལམ་དུ་ཁྱེར་ནས་ཉམས་སུ་བླང་བདེའོ། །ནང་སེམས་ལ་དྲན་པ་ཅི་ཤར་ཅི་འགྱུས་ཀྱང༌། དེའི་ངང་ལ་ངོ་བོ་མེད་དེ་སྟོང་པར་འདུག་པས་འགྱུ་དྲན་རང་སར་དག །སེམས་ལ་གསལ་ཐེབས་ལམ་དུ་སློང་བས་ཉམས་སུ་བླང་བདེའོ། །གསང་བ་ཉོན་མོངས་པ་གང་སྐྱེས་ཀྱང་ཉོན་མོངས་པ་ལ་བལྟས་ན་རྗེས་མེད་དེ། རང་བྱུང་རང་ཞི་ཉོན་མོངས་པ་ལམ་དུ་ཁྱེར་ནས་ཉམས་སུ་བླང་བདེའོ། །དེ་ལྟར་ཉམས་སུ་ལོན་ཙ་ན༑ སྒོམ་པ་ལ་ཐུན་བསྒོམ་བྱར་མེད། ཐམས་ཅད་གྲོགས་སུ་ཤར་ནས་ཉམས་ལ་གསལ་འགྲིབ་མེད། ཆོས་ཉིད་ཀྱི་ཡེ་ཤེས་ལ་རྒྱུན་ཆད་མེད། སྤྱོད་ལམ་ལ་སྤང་བླང་མེད། ཇི་ལྟར་འདུག་ཀྱང་ཆོས་ཉིད་ཀྱི་དོན་དང་འདུ་འབྲལ་མེད་དོ། །དེ་ལྟར་རྟོགས་ཙམ་ན། འབྱུང་བའི་ལུས་རྒས་ཀྱང་བྱང་ཆུབ་ཀྱི་སེམས་ལ་རྒས་རྒྱུ་མེད། དབང་པོ་རྣོ་བརྟུལ་མེད་དོ། །རྣམ་རིག་གི་རྟེན་ལུས་ཞིག་ཀྱང༌། རིག་པ་ཡེ་ཤེས་ཆོས་ཀྱི་སྐུ་ལ་རྒྱུན་ཆད་མེད་པས་མི་འགྱུར་ཞིང་བརྟན་པ་ཐོབ་པས། ཚེ་ལ་རིང་ཐུང་མེད་དོ། །ཆོས་ཉིད་ཀྱི་དོན་ལ་ཕྱོགས་རིས་མེད་པས། དོན་དེ་གོ་བས་ཐོས་པ་ལ་ཆེ་ཆུང་མེད་དོ། །རྒད་པོ་ཡང་དག་པའི་ལམ་དེའི་དོན་ཉམས་སུ་ལོངས་མཛོད་ཅིག །ཉམས་ལེན་རྒྱུད་ལ་འཁོལ་མཛོད། ཚིག་དང་དོན་དུ་མ་བྲལ་བར་མཛོད། བརྩོན་འགྲུས་ཀྱི་གྲོགས་དང་མ་བྲལ་བར་མཛོད། དྲན་པའི་རྩིས་ཟིན་པར་མཛོད། ལོང་གཏམ་དང་འཆལ་གཏམ་ལ་མ་དགའ་བར་མཛོད། ཐ་མལ་གྱི་བློ་དང་བྲལ་བར་མཛོད། བུ་ཚ་བོ་ལ་ཞེན་པ་མ་ཆེ་བར་མཛོད། བཟའ་བཏུང་ལ་སྲེད་པ་མ་ཆེ་བར་མཛོད། ཐ་མལ་པ་ཤི་བ་ལ་སོམས་མཛོད། ཚེ་ལ་ལོང་མེད་བརྩོན་འགྲུས་བསྐྱེད་མཛོད། རྒས་པོ་འཆི་ཁ་མའི་གདམས་ངག་མཛོད་ཅིག །གསུངས་ནས་རྒད་པོའི་སྙིང་ཁར་ཕྱག་འཁར་བཙུགས་ནས་གདམས་པས། རྔོག་ཤེས་རབ་རྒྱལ་པོ་གྲུབ་པ་ཐོབ་བོ། །རྒད་པོ་འཁར་བཙུག་གི་གདམས་པ་སངས་རྒྱས་ངོ་སྤྲོད་ཅེས་བྱ་བ། ཕྱི་རབས་ཀྱི་དོན་དུ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་ཡི་གེར་བཀོད་པའོ། །དགེའོ། ༈ །ན་མོ་གུ་རུ། སློབ་དཔོན་པདྨ་འབྱུང་གནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་ནས། བྲག་དམར་བསམ་ཡས་ན་བཞུགས་པའི་དུས་སུ། དད་ལྡན་བཟའ་དགེ་ལྡན་མ་ཞེས་བྱ་བ། རྒན་མོ་དད་པ་ཆེ་བ། སློབ་དཔོན་ལ་ཤིན་ཏུ་མོས་པ་གཅིག་ཡོད་པ་དེས། གཡོག་མོ་མར་གོང་བཟའ་རིན་ཆེན་མཚོ་ཞེས་བྱ་བ་ལ། ནངས་པར་ཆབ་ཞོ་ཞལ་བུ་རེ་ལ་རྒུན་འབྲུམ་གྱི་ཕྱེ་ཚུམ་རེ་བཏབ་ནས། སློབ་དཔོན་ལ་དྲང་དུ་བཏང་ངོ༌། །དེ་ནས་སློབ་དཔོན་བསམ་ཡས་སུ་བཞུད་པའི་ལམ་ཁར་རྒན་མོས་ཕྱག་དང་བསྐོར་བ་བྱས་ནས་ཞུས་པ། སློབ་དཔོན་ཆེན་པོ་ལགས། སློབ་དཔོན་ནི་བཞུད་ཁ་མ། རྒན་མོ་འཆི་ཁ་མ། བདག་གཅིག་ཏུ་བུད་མེད་ཀྱི་ལུས་ཐོབ་པས་སྐྱེ་བ་དམན། གཉིས་སུ་བློ་དམན་པས་ཤེས་རབ་དང་ཐོས་པ་ཆུང༌། གསུམ་དུ་ན་སོ་རྒས་ཤེས་པ་རྨུགས་ནས་མིག་མི་གསལ་བས། སློབ་དཔོན་ཆེན་པོས་རྒན་མོ་ལ། ཚེགས་ཆུང་བ་གོ་སླ་བ། ཉམས་སུ་བླང་བདེ་བ་དོན་ཆེ་བ། རྒན་མོ་འཆི་ཁ་མའི་གདམས་ངག་གཅིག་ཞུ་འཚལ། ཞུས་པས། སློབ་དཔོན་གྱི་ཞལ་ནས། རྒན་མོ་ཁྱོད་སུ་ཡིན་གསུངས་པས། རྒན་མོས་ཞུས་པ། ཁོལ་མོ་ངན་མ་འདི། ནངས་པར་གྱི་རིགས་ལ། ཆབ་ཞོ་ཞལ་བུ་རེ་འདྲེན་དུ་བཏང་བ་དེ་ལགས། ཞེས་ཞུས་པས། སློབ་དཔོན་གྱི་ཞལ་ནས། ཁྲི་སྲོང་ལྡེའུ་བཙན་བས་ཀྱང་དད་པ་ཆེ་བ་གཅིག་དེ་ཡིན་ཨང་གསུངས་ནས། རྒན་མོ་དཔོན་གཡོག་ལ་གདམས་པ་བཏབ་པ། རྒན་མོ་སྐྱིལ་ཀྲུང་ཆོས་ལ། ལུས་དྲང་པོར་བསྲང་ལ། དར་ཅིག་སེམས་ཀློད་ལ་ཞོག་ཅིག །གསུངས་ནས། སློབ་དཔོན་གྱིས་རྒན་མོའི་སྙིང་གར་མཛུབ་མོ་བཙུགས་ཏེ་གདམས་པ་བཏབ་པ་ནི་འདིའོ། །རྒན་མོ་ཉོན་མཛོད་ཅིག །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་དང༌། ཁམས་གསུམ་གྱི་སེམས་ཅན་གཉིས་ལ་ཁྱད་ཅི་ཡོད་བྱས་ན། སེམས་རྟོགས་མ་རྟོགས་གཉིས་ལས་མེད། སེམས་ཉིད་ཀྱི་དོན་རྟོགས་པས་སངས་རྒྱས། མ་རྟོགས་པས་འཁོར་བར་འཁྱམས་པ་ཡིན། སངས་རྒྱས་ཀྱི་ཡེ་ཤེས་རང་ལ་ཡོད་ཀྱང་ངོ་མ་ཤེས་པ་ཡིན། དེ་ཡང་སངས་རྒྱས་ཀྱི་རྒྱུ་དེ་སེམས་ཅན་ཐམས་ཅད་ལ་ཡོད། སྒོས་དལ་འབྱོར་ཐོབ་པའི་མི་ལ་ཡོད་དེ། དེ་ཡང་སྐྱེས་པ་ལ་སངས་རྒྱས་ཀྱི་རྒྱུ་ཆེ་ལ། བུད་མེད་ལ་སངས་རྒྱས་ཀྱི་རྒྱུ་ཆུང་བ་མེད། དེས་ན་སྐྱེ་བ་བུད་མེད་དུ་སྐྱེས་ཀྱང་འགལ་བ་མེད་དོ་གསུངས། དེ་ལ་ཡེ་ཤེས་དེ་རྟོགས་ཤིང་ཤེས་པར་བྱེད་པ་ལ། སངས་རྒྱས་ཀྱིས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་ཀྱང༌། དེའི་དོན་ཤེས་པར་བྱེད་པ་ལ། བླ་མའི་གདམས་ངག་གི་ཚིག་གསུམ་དུ་འདུས་པས། བློ་དམན་ཞིང་ཤེས་རབ་ཆུང་ཡང་མི་ལྟོ་གསུངས། དེ་ལྟར་ཆོས་ཉིད་ཀྱི་དོན་སངས་རྒྱས་ཀྱི་དགོངས་པ་ཚིག་གསུམ་ནི། ཕྱི་གཟུང་བའི་ཡུལ་དག་པས་སྣང་བ་རང་སར་གྲོལ༑ ནང་འཛིན་པའི་སེམས་དག་པས་འཛིན་མེད་ཀྱི་རིག་པ་རང་སར་གྲོལ། བར་དུ་འོད་གསལ་ཉམས་དགའ་ནས་རང་ངོ་རང་གིས་ཤེས་པའོ། །དེ་ལ་ཕྱི་གཟུང་བའི་ཡུལ་ཇི་ལྟར་དག་ན། རིག་པ་བྱང་ཆུབ་ཀྱི་སེམས་འདི་ལ། རྣམ་རྟོག་གི་བློས་མ་བསླད་པར་རང་གསལ་དུ་སྣང་བ་འདི་ལ་བཞག་པས། ཡུལ་སྣང་བ་ལ་འཛིན་པ་མ་ཞུགས་པས། སྣང་བ་གང་ལྟར་ཡང་དོན་དུ་བདེན་པར་མི་འཛིན་ཏེ། སྣང་བ་གང་ཡིན། ས་རྡོ་རི་བྲག །རྩི་ཤིང་ནགས་ཚལ། ཁྱིམ་དང་མཁར། ནོར་དང་འབྲུ། དགྲ་དང་གཉེན། སྤུན་དང་གྲོགས། བུ་དང་ཁྱོ་ལ་སོགས་པ་གང་ལའང་བདག་ཏུ་འཛིན་པ་མ་ཞུགས། སྣང་ཡང་དོན་དུ་མི་འཛིན་ཅིང་ཞེན་པ་མེད་པ་དེ། ཕྱི་གཟུང་བའི་ཡུལ་དག་པ་བྱ་བ་ཡིན། གཟུང་བའི་ཡུལ་དག་པ་ཟེར་ནའང་མེད་བཞིན་མི་འགྲོ། ཞེན་པ་དང་འཛིན་པ་མེད་པ། གསལ་ལ་སྟོང་པ། དཔེར་ན་མེ་ལོང་ནང་གི་གཟུགས་བརྙན་ལྟར། སྣང་ཡང་གཟུང་རྒྱུ་དང་འཛིན་པ་མེད་དེ། སྟོང་པ་འདྲ་བས་སྣང་ཡང་རང་སར་སྟོང་པའོ། །ནང་འཛིན་པའི་སེམས་དག་པས་རིག་པ་རང་སར་གྲོལ་བའི་མན་ངག་ནི། སེམས་རྣམ་རྟོག་འགྱུ་བྱེད་ཀྱི་དྲན་པ་དང༌། དུག་ལྔ་གང་སྐྱེས་ཀྱང༌། གང་དྲན་པ་དེ་ལ་བློས་མ་བཟུང་བས། འགྱུ་བ་རང་སངས་སུ་འགྲོ་བས་སྟོང་སྟེ། འགྱུ་བྱེད་ཀྱི་སྐྱོན་གྱིས་མ་གོས་པའོ། །ནང་རིག་པ་དྲི་མ་མེད་པ་ཟེར་ནས། བེམ་པོ་ས་རྡོ་ལྟར་འགྲོ་བ་མེད། རིག་པ་ལ་རྟོག་པའི་དྲི་མས་མ་འཛིན་པ་ལ་ཟེར་བ་ཡིན། དཔེར་ན་རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་འདྲ། གསེར་གྱི་གླིང་དུ་ཕྱིན་ཙམ་ན། ས་རྡོའི་མིང་ཡང་མེད་པ་བཞིན་དུ། རང་རིག་པའི་ཡེ་ཤེས་སུ་གྲོལ་ཙམ་ན། རྣམ་རྟོག་གི་མིང་ཡང་མེད་པ་ཡིན། གསུངས། བར་དུ་འོད་གསལ་ཉམས་དགའ་བའི་མན་ངག་ནི། དེ་ཉམས་སུ་བླངས་པའི་དུས་སུ། རང་རིག་པ་དྲི་མ་མེད་པ་ལ་ས་ལེ་སང་ངེ་ཧྲིག་གེ་བ་དེ་ཉམས་སུ་བླངས་པས། བདེ་བ་གསལ་ལ་མི་རྟོག་པ་གསུམ། ཞེན་འཛིན་དང་བློ་ཡིས་མ་བསླད་པའི་ཉམས་གཅིག་འོང་བས། དེ་སངས་རྒྱས་དགོངས་པ་ཡིན་པས་རང་ངོ་རང་གིས་ཤེས་པའོ། །དཔེར་ན་རང་གི་ཡིན་པ་ལ་འདི་ངའི་ཡིན་ཆེད་དུ་བསྒོམ་མི་དགོས། མ་ཡིན་སྙམ་པའི་རྣམ་པར་རྟོག་པ་གང་ཡང་མི་འཆར་རོ། །དཔེ་དེ་དང་འདྲ་བར་རང་གི་རིག་པ་ཆོས་ཉིད་ཡིན་པར་རང་གིས་ངོ་ཤེས་ཙམ་ན། འཁོར་བའི་ཆོས་ཐམས་ཅད་ཆོས་ཉིད་སྟོང་པ་ཉིད་ཡིན་སྙམ་དུ་བསྒོམ་མི་དགོས། མ་བསྒོམས་ཀྱང་ཆོས་ཉིད་ཀྱི་དོན་དང་མི་འབྲལ་ཏེ། མ་བསྒོམས་པའི་བསྒོམ་པ་བྱ་བ་ཡིན་ནོ། །གསུངས། ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པ་དེ། ཡེ་ཤེས་ཀྱི་བུ། རིག་པ་ཆོས་ཀྱི་དབྱིངས་ངོ་ཤེས་པས་རང་ངོ་རང་གིས་ཤེས་པ་བྱ་བ་ཡིན་ནོ། །དུས་དེ་ཙམ་ན། སྐྱེ་བ་ལ་མཐོ་དམན་མེད། བྱ་བ་ལ་ཆེ་ཆུང་མེད། བློ་ལ་རྣོ་རྟུལ་མེད། ཤེས་རབ་ལ་ཆེ་ཆུང་མེད། ཐོས་པ་ལ་མང་ཉུང་མེད། ན་སོ་ལ་རྒས་གཞོན་མེད། ཤེས་པ་ལ་གསལ་མི་གསལ་མེད༑ ཚེགས་ཆུང་ལ་གོ་སླ་བ། ཉམས་ལེན་བདེ་ལ་དོན་ཆེ་བ། འཆི་བ་ལ་ཉམས་མི་ང་བ། རྒན་མོ། དེ་ལྟར་ཉམས་སུ་ལེན་མཛོད། ཚེ་ལ་ལོང་མེད་པས་རྩོལ་བ་བསྐྱེད་མཛོད། བུ་ཁྱོའི་ཁོལ་པོར་གླག་མེད་ལོ་སྟོང་བྱེད་པ་ལས༑ རིག་པ་སྐད་ཅིག་བསྒོམ་པས་སྐྱེད་ཆེ། བླ་མས་གདམས་པའི་བརྒྱག་མྱུར་དུ་ཐོན། ཚེ་འདིའི་བྱ་བ་ལ་ཟིན་དུས་མེད་པས་སྒོམ་སྒྲུབ་མཐར་ཕྱུང་མཛོད། རྒན་མོ་འཆི་ཁ་མི་འཚེར་བའི་སུན་མར་གདམས་པ་འདི་ཐོང་མཛོད། ཅེས་གསུངས་ཏེ། རྒན་མོའི་སྙིང་གར་ཕྱག་མཛུབ་བཙུགས་ནས་གདམས་པ་བཏབ་པས། མིང་ཡང་རྒན་མོ་མཛུབ་བཙུག་གི་གདམས་པ་ཞེས་བྱའོ། །རྒན་མོ་དཔོན་གཡོག་གཉིས་གྲོལ་ཏེ་གྲུབ་པ་ཐོབ་བོ། །ཕྱི་རབས་ཀྱི་དོན་དུ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་ཡི་གེར་བཀོད་པའོ། །རྒན་མོ་མཛུབ་བཙུག་གི་གདམས་ངག་རྫོགས་སོ། ༈ །དེ་ལྟར་ཕྱི་ནང་གི་ལམ་གྱི་རིམ་པ་འདི་དག་སློབ་དཔོན་ཆེན་པོ་པདྨ་སཾ་བྷཱ་བའི་རྡོ་རྗེའི་གསུང་འཁྲུལ་མེད། ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་ར་དང༌། གནུབས་སངས་རྒྱས་ཡེ་ཤེས་ནས་བཀའ་མའི་བརྒྱུད་པ་བར་མ་ཆད་པ་དང་། གཏེར་ཁ་གོང་འོག་གཉིས་དང༌། གཏེར་ཆེན་རྡོ་རྗེ་གླིང་པ་བཅས་ཀྱི་གཏེར་བྱོན་རྣམས་ཚིག་དོན་འདྲ་བར་བཞུགས་པས་ཤིན་ཏུ་ཡིད་ཆེས་པའི་གནས་སུ་བཟུང་བར་བྱའོ། །འདི་དག་ལ་རང་འགྲེལ་དང༌། གདམས་པའི་ཆ་ལག་སོགས་ཀྱང་རྒྱས་པར་བཞུགས་སོ། །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།

[edit]

There are 7 subtexts included in this text

1
21-26
ཕྱི་ཆོས་མདོ་སྔགས་ཐུན་མོང་གི་ལམ་རིམ་རིན་ཆེན་སྤུངས་པ།
phyi chos mdo sngags thun mong gi lam rim rin chen spungs pa
Text page
View PDF
པདྨ་འབྱུང་གནས་ (Pad+ma 'byung gnas)
2
26-30
ཕྱི་བཤད་རིན་ཆེན་སྤུངས་པའི་བསྡུས་དོན།
phyi bshad rin chen spungs pa'i bsdus don
Text page
View PDF
པདྨ་འབྱུང་གནས་ (Pad+ma 'byung gnas)
3
30-31
ནང་བཤད་གསང་སྔགས་ལམ་རིམ་གྱི་ལོ་རྒྱུས།
nang bshad gsang sngags lam rim gyi lo rgyus
Text page
View PDF
པདྨ་འབྱུང་གནས་ (Pad+ma 'byung gnas)
4
31-35
གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ།
gsang sngags lam gyi rim pa rin po che gsal ba'i sgron me
Text page
View PDF
པདྨ་འབྱུང་གནས་ (Pad+ma 'byung gnas)
5
35-38
ནང་བཤད་གསང་སྔགས་ལམ་རིམ་ས་བཅད།
nang bshad gsang sngags lam rim sa bcad
Text page
View PDF
པདྨ་འབྱུང་གནས་ (Pad+ma 'byung gnas)
6
38-44
གསང་སྔགས་ལམ་རིམ་གྱི་སྙིང་པོ་སེམས་ཉིད་གཅེར་སྟོན་ལག་ཁྲིད་ལྔ་པ།
gsang sngags lam rim gyi snying po sems nyid gcer ston lag khrid lnga pa
Text page
View PDF
པདྨ་འབྱུང་གནས་ (Pad+ma 'byung gnas)
7
44-52
གསང་སྔགས་ལམ་གྱི་རིམ་པའི་དོན་ཁྲིད་ངོ་སྤྲོད་དུ་གདབ་པ་རྒད་པོ་མཁར་ཚུགས་དང་རྒན་མོ་མཛུབ་ཚུགས་ཀྱི་གདམས་ངག།
gsang sngags lam gyi rim pa'i don khrid ngo sprod du gdab pa rgad po mkhar tshugs dang rgan mo mdzub tshugs kyi gdams ngag
Text page
View PDF
པདྨ་འབྱུང་གནས་ (Pad+ma 'byung gnas)