གསང་སྔགས་ལམ་རིམ་གྱི་སྙིང་པོ་སེམས་ཉིད་གཅེར་སྟོན་ལག་ཁྲིད་ལྔ་པ།

From Damngak Dzö
DNZ-01-KA-002-006
Wylie title gsang sngags lam rim gyi snying po sems nyid gcer ston lag khrid lnga pa DNZ-01-KA-002.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 1, Text 2, Subtext 6, Pages 38-44 (Folios 9b6 to 12b3)
Author པདྨ་འབྱུང་གནས་
Citation Pad+ma 'byung gnas. Gsang sngags lam rim gyi snying po sems nyid gcer ston lag khrid lnga pa. In Gdams ngag rin po che'i mdzod, Vol. 1: 38-44. Kalimpong: Rigpe Dorje Publications, 2024.
Side notes Recto: mdo sngags lam rim   Verso: rnying ma'i skor
More details More details
Genre Stages of the Path - lam rim
Colophon

།སེམས་ཉིད་གཅེར་སྟོན་གྱི་ལག་ཁྲིད་ལྔ་པ། གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེའི་ཁྲིད་ཆུང༌ ཨྠིྀ།

sems nyid gcer ston gyi lag khrid lnga pa/_gsang sngags lam gyi rim pa rin po che gsal ba'i sgron me'i khrid chung a+thi+-i/

[edit]
༈ །གསང་སྔགས་ལམ་རིམ་གྱི་སྙིང་པོ་སེམས་ཉིད་གཅེར་སྟོན་ལག་ཁྲིད་ལྔ་པ་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གུ་རུ་པདྨ་འབྱུང་གནས་ཀྱིས་མཛད་པའི་མན་ངག །སེམས་ཉིད་གཅེར་སྟོན་གྱི་ལག་ཁྲིད་འདི་ལ་ལྔ་སྟེ། དང་པོ་རང་སེམས་ལྟ་རུ་གཞུག་པ། གཉིས་པ་མ་མཐོང་ན་སེམས་ངོ་བསྟན་པ། གསུམ་པ་མཐོང་བའི་དོན་ངོ་སྤྲོད་པ། བཞི་པ་དེའི་རྒྱབ་སྐྱོར་བ། ལྔ་པ་ལ་བཟླ་བའོ། །དང་པོ་ནི། རང་གི་སེམས་གང་ཡིན་ལྟོས་ལ། ལན་གཅིག་ཁྱེར་ལ་ཤོག །བྱས་པས། སེམས་སྟོང་པ་ཉིད་ལྟ་རྒྱུ་མེད་པ་གཅིག་འདུག་ཟེར་ན། མ་མཐོང་བ་ཡིན། སྣང་བ་ཐམས་ཅད་སེམས་སུ་འདུག་ཟེར་ནའང་། སེམས་ཀྱི་སྤྱི་རིག་ཙམ་མཐོང་བ་ཡིན་གྱིས། ད་ལྟ་བའི་རང་སེམས་ངོས་མ་ཟིན་པ་ཡིན། ནམ་མཁའ་དང་ས་གཞི་རི་བོ་ལ་སོགས་པ་གང་ནས་བཙལ་ཡང་མི་རྙེད་དོ། །གཉིས་པ་སེམས་ངོ་བསྟན་པ་ནི། སེམས་ཀྱི་སྤྱི་རིག་ཙམ་གྱིས་མཐོང་བའི་གོ་མི་ཆོད་དོ། །ད་ལྟ་གང་ཤར་དེ་ངོས་ཟིན་དགོས་པ་ཡིན། ད་ཐབས་སྒྲ་དེ་སེམས་སུ་ཤར་བ་ཡིན་ཏེ། ངས་སེམས་གང་ཡིན་ལྟོས་ཤིག་བྱས་པ་ཁྱོད་ཀྱི་སེམས་སུ་ཤར་བ་ཡིན་ཏེ། ཁྱོད་རང་གང་ཡིན་ལྟ་བ་པོ་དེ་རང་སེམས་ཡིན་ནོ། །བྱས་ལ། མ་དང་བུའི་དཔེས་ངོ་སྤྲད་དོ། །དེ་ཡང་སེམས་ལ་ལྟོས་ཤིག་ཅེས་པའི་སྒྲ་དེས་སེམས་ལ་ཚུར་བལྟས་སམ། སེམས་ཀྱིས་སྒྲ་ཕར་བཟུང་ངམ༑ སྒྲ་སེམས་དབྱེར་མེད་དུ་འདུག་ལྟོས་ཤིག །བྱས་ལ་དྲི། སྔ་མ་གཉིས་པོ་ལྟར་ཟེར་ན། མ་གོ་བ་ཡིན། དབྱེར་མེད་དུ་འདུག་ཟེར་ན། གོ་བ་ཡིན་པས་ངོ་སྤྲད་པར་བྱའོ། །དེ་བཞིན་དུ་གཟུགས་ལ་སོགས་པ་ཡུལ་ལྔ་ཀ་སེམས་སུ་ངོ་སྤྲད་དོ། །གསུམ་པ་མཐོང་བའི་དོན་ངོ་སྤྲོད་པ་ལ་གསུམ་སྟེ། རྣམ་པ་རང་གྲོལ། གཤིས་ཡེ་གྲོལ། ངོ་བོ་གཉིས་མེད་དུ་ངོ་སྤྲད་པའོ། །དང་པོ། གང་ཡིན་ལྟ་བ་པོའི་སེམས་དེ་རང་དུ་འདུག་གམ། གཞན་དུ་འདུག་དྲི། གཞན་དུ་འདུག་ཟེར་ན། མ་གོ་བ་ཡིན། རང་དུ་འདུག་ཟེར་ན། ངོ་མཐོང་བ་ཡིན་པས་ངོ་སྤྲད་དོ། །གཞན་མ་ཡིན་པར་ཐག་བཅད་ལ། རང་སྣང་ལ་གཞུག་པས་རང་གྲོལ་དུ་ཤེས་འགྲོ་བ་ཡིན་ནོ། །རང་དུ་ཤེས་པས་གཞན་འཛིན་གྱི་རྟོག་པ་མི་སྐྱེ་བ་ནི་རང་གྲོལ་གྱི་གནད་ཡིན་ནོ། །གཉིས་པ། ཡེ་གྲོལ་ངོ་སྤྲད་པ་ནི། ལྟ་བ་ལྟར་སྣང་བའི་སེམས་དེ་སྣང་བ་རང་རྒྱུད་དུ་བདེན་པ་གཅིག་འདུག་གམ། ངོ་བོ་སྟོང་པར་འདུག་དྲི། རང་རྒྱུད་དུ་འདུག་ཟེར་ན། མ་གོ་བ་ཡིན། སྟོང་པར་འདུག་ཟེར་ན། ཚུར་བཀུག་ནས་སྟོང་པར་འདུག་གམ། ཡལ་བའི་རྗེས་ལ་སྟོང་པར་འདུག་གམ། དེ་ཀ་རང་སྟོང་པར་འདུག་དྲི། སྔ་མ་གཉིས་པོ་ལྟར་ཟེར་ན། མ་གོ་བ་ཡིན། དེ་ཀ་རང་སྟོང་པར་འདུག་ཟེར་ན། ངོ་བོ་མཐོང་བ་ཡིན་པས་ངོ་སྤྲད་དོ། །སྣང་བ་རང་རྒྱུད་པ་བདེན་པ་མིན་པར་ཐག་བཅད་ལ་སྟོང་པ་ཉིད་ལ་གཞུག་པས་ཡེ་གྲོལ་ཤེས་འགྲོ་བ་ཡིན་ནོ། །སྟོང་པར་ཤེས་པས་སྣང་བ་ལ་བདེན་འཛིན་མི་སྐྱེ། དེ་ཀ་ཡེ་གྲོལ་གྱི་གནད་ཡིན་ནོ། །གསུམ་པ། གཉིས་མེད་ངོ་སྤྲད་པ་ནི། སྟོང་པ་ཅང་མེད་ཅིག་འདུག་གམ། གསལ་རིག་དང་བཅས་པ་གཅིག་འདུག་གམ་དྲི། ཅང་མེད་གཅིག་འདུག་ཟེར་ན། མ་གོ་བ་ཡིན། གསལ་རིག་ཅན་འདུག་ཟེར་ན། གསལ་བ་དང་སྟོང་པ་ཐ་དད་དུ་འདུག་གམ། གཅིག་ཏུ་འདུག་དྲི། ཐ་དད་དུ་འདུག་ཟེར་ན། མ་གོ་བ་ཡིན། གཅིག་ཏུ་འདུག་ཟེར་ན། ངོ་བོ་མཐོང་བ་ཡིན་པས་ངོ་སྤྲད་དོ། ། སྣང་སྟོང་ཐ་དད་དུ་མེད་པར་གཉིས་མེད་ལ་གཞུག་པས་གཉིས་མེད་དུ་ངོ་ཤེས་འགྲོ་བ་ཡིན་ནོ། །གཉིས་མེད་ལ་གནས་པས་གཉིས་འཛིན་གྱི་རྟོག་པ་མི་སྐྱེ། དེ་ཀ་ལ་གཉིས་མེད་རྟོགས་ཟེར་བ་ཡིན་ནོ། །བཞི་པ་རྒྱབ་སྐྱོར་ལ་གསུམ་སྟེ། རང་གྲོལ་གྱི་རྒྱབ་སྐྱོར་བ། རྣམ་པའི་ཆོས་ཐམས་ཅད་ཀྱི་གཤིས་ལ་ཡེ་ཡིན་ཡེ་གྲོལ་ལ་འདའ་བ་མེད་དེ། བྱ་གར་འཕུར་ཡང་ནམ་མཁའ། མི་གར་ཕྱིན་ས་སྟོང་ལས་མི་འདའ་བ་བཞིན་དུ་དང་། ཡེ་གྲོལ་གྱི་རྒྱབ་སྐྱོར་བ། ཆོས་ཐམས་ཅད་ཀྱི་གཤིས་ལ་ཡེ་ཡིན་ཡེ་གྲོལ་ལས་འདའ་ས་མེད་དེ། གསེར་གླིང་ན་གསེར། ཆུ་གླིང་ན་ཆུ་ལས་འདའ་ས་མེད་པ་ལྟ་བུ་དང༌། གཉིས་མེད་ཀྱི་རྒྱབ་སྐྱོར་བ་ལ། ཆོས་ཐམས་ཅད་ཀྱི་ངོ་བོ་ལ་གཉིས་མེད་ལས་འདའ་ས་མེད་དེ། ཆུ་ལ་གཤེར་བ། མེ་ལ་ཚ་བ་ལས་འདའ་ས་མེད་པ་ལྟ་བུ་ནི། ལྟ་བའི་སྐབས་སུ་ཤེས་པར་བྱའོ། །ལྔ་པ། ལ་བཟླ་བ་ལ་གསུམ་སྟེ། ཀ་དག །ལྷུན་གྲུབ། ཀུན་གྱི་བདག་ཉིད་དུ་ལ་བཟླ་བའོ། །དང་པོ་ལ་གསུམ་སྟེ། སེམས་ཀྱི་རྩལ་སྣང་འགག་མེད་དུ་ཤར་བ་ལ་གཞན་གྱི་རྟོག་པ་ཀ་ནས་དག་པ་ནི་ཡེ་ཤེས་ཀ་དག །ཤར་ཚད་ཀྱི་རང་བཞིན་སྟོང་པ་ལ་དངོས་པོ་རང་རྒྱུད་ཀྱིས་བདེན་པ་ཀ་ནས་དག་པ་ནི་དབྱིངས་ཀ་དག །ངོ་བོ་སྣང་སྟོང་གཉིས་མེད་ལ་ཐ་དད་ཀྱི་གཉིས་ཆོས་ཀ་ནས་དག་པ་ནི་གཉིས་མེད་ཀ་དག་གོ །གཉིས་པ་ལྷུན་གྲུབ་ལ་གསུམ་སྟེ། སེམས་ཀྱི་རྩལ་སྣང་སྣ་ཚོགས་སུ་འཆར་བ་ལ་གཞན་ནས་བཙལ་མི་དགོས་ཏེ། སེམས་རང་ཤར་བ་ནི་ཆོས་ཅན་ལྷུན་གྲུབ། ཤར་ཚད་ཀྱི་རང་བཞིན་སྟོང་པ་ལས་གཞན་ནས་བཙལ་མི་དགོས་ཏེ། ཤར་བ་པོ་རང་སྟོང་པ་ནི། ཆོས་ཉིད་ལྷུན་གྲུབ། ངོ་བོ་སྣང་སྟོང་གཉིས་མེད་ལ་བཙལ་མི་དགོས་ཏེ། གང་སྣང་བ་དེ་དག་རང་གཉིས་སུ་མེད་པ་ནི་གཉིས་མེད་ལྷུན་གྲུབ་བོ། །གསུམ་པ་ཀུན་གྱི་བདག་ཉིད་དུ་གནས་པ་ནི། ཆོས་ཐམས་ཅད་ནི་རང་གི་སེམས་ཡིན་ལ། སེམས་ཀྱི་རྣམ་པ་ཅིར་ཡང་མ་འགགས་པ། གཤིས་ཅིར་ཡང་མ་གྲུབ། ངོ་བོ་ཅིར་ཡང་མ་གྲུབ་པ། གཞི་སྟོང་པ། ངོ་བོ་ཅིར་ཡང་མི་རྟོག་པ། དེ་ཆོས་ཐམས་ཅད་ཀྱི་བདག་ཉིད་དོ། །དེ་ཀ་གཞི་སྣང་སྟོང་གཉིས་མེད་ཀྱི་བདག་ཉིད་དུ་བསྟན་ཏེ། རྣམ་པ་ཅིར་ཡང་མ་འགགས་པ། གཞི་སྣང་བ་གཤིས་ཅིར་ཡང་མ་གྲུབ་པ། གཞི་སྟོང་པ་ངོ་བོ་ཅིར་ཡང་མི་རྟོག་པ། གཞི་གཉིས་མེད་ཀྱི་བདག་ཉིད་དོ། །དེ་ཀ་ལྟ་བ་བསྐྱེད་རྫོགས་གཉིས་ཀྱི་བདག་ཉིད་ཀྱང་ཡིན་ཏེ། མ་འགགས་པ་བསྐྱེད་རིམ། མ་གྲུབ་པ་རྫོགས་རིམ། མི་རྟོག་གཉིས་མེད་དོ། །བསྒོམ་པ་ཞི་གནས་ལྷག་མཐོང་གི་བདག་ཉིད་ཀྱང་ཡིན་ཏེ། མ་འགགས་པ་ལྷག་མཐོང༌། མ་གྲུབ་པ་ཞི་གནས་སོ། །མི་རྟོག་པ་གཉིས་མེད་དོ། །འབྲས་བུ་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཀྱང་ཡིན་ཏེ། མ་འགགས་པ་ལོངས་སྐུ། མ་གྲུབ་པ་ཆོས་སྐུ། མི་རྟོག་པ་སྤྲུལ་སྐུའོ། །མཁྱེན་པ་གཉིས་ལྡན་གྱི་ཡེ་ཤེས་ཀྱང་ཡིན་ཏེ། མ་འགགས་པ་ཅི་སྙེད་པ། མ་གྲུབ་པ་ཅི་ལྟ་བ། མི་རྟོག་པ་གཉིས་མེད་དུ་མཁྱེན་པའོ། །སྤངས་རྟོགས་ཕུན་སུམ་ཚོགས་པ་ཡང་ཡིན་ཏེ། མ་འགགས་པ་རྟོགས་པ། མ་གྲུབ་པ་སྤངས་པ་ཕུན་སུམ་ཚོགས་པའོ། །དེ་ལྟར་ཤེས་པས་འཁོར་འདས་སྐྱོན་ཡོན་ལྷ་འདྲེ་ལ་སོགས་པ་མཉམ་པ་ཉིད་དུ་ལ་བཟླ་བ་ཡིན་ཏེ༑ སྣང་བ་མ་འགག་པར་རང་སྣང་དུ་མཉམ། མ་གྲུབ་པ་སྟོང་པར་མཉམ། ངོ་བོ་མི་རྟོག་པར་གཉིས་མེད་དུ་མཉམ་མོ། །དེ་ཙམ་ན་སྣང་ཚད་གཞི་དངོས་པོའི་གནས་ལུགས། ལྟ་བ་བསྐྱེད་རྫོགས་ཀྱི་ཡོ་ལངས། སྒོམ་པ་ཞི་གནས་ལྷག་མཐོང་གི་རང་བཞིན། འབྲས་བུ་སངས་རྒྱས་སྐུ་གསུམ་གྱི་དཀྱིལ་འཁོར་ལས་མི་འདའ་སྟེ། རང་སྣང་རང་ངོ་ཤེས་ནས་གཞན་སྣང་གི་རྟོག་པ་མེད། རང་སྟོང་རང་ངོ་ཤེས་ནས་དངོས་པོ་རང་རྒྱུད་པའི་བདེན་འཛིན་བྲལ། གཉིས་མེད་རང་ངོ་ཤེས་ནས་ཐ་དད་གཉིས་འཛིན་མེད། དེ་ཙམ་ན་སྟོང་པ་རྒྱུ་འབྲས་སུ་འཆར་བ་ཐམས་ཅད་མཁྱེན་པའི་ཁྱད་ཆོས། རྒྱུ་འབྲས་སྟོང་པར་རྟོགས་པས་མཉམ་པ་ཉིད་ཆེན་པོར་ལ་བཟླའོ། །ཆོས་ཐམས་ཅད་སྣང་ཙམ་དུ་ཡོད་པ་ཀུན་རྫོབ་བདེན་པའི་ཕོ་སྒོ། བདེན་མེད་དངོས་སུ་གྲུབ་པ་མེད་པ་དོན་དམ་བདེན་པའི་རང་གཞུང༌། ཆོས་ཐམས་ཅད་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། རྟག་པ་ཡང་མ་ཡིན། ཆད་པ་ཡང་མ་ཡིན། སྐྱོན་ཡེ་དག །ཡོན་ཏན་ཡེ་རྫོགས། མཐའ་ཡེ་བྲལ། གཉིས་མ་གྲུབ་པའི་གཉིས་མེད། ཟུང་མ་རྙེད་པའི་ཟུང་འཇུག །མཐའ་མ་རྙེད་པའི་མཐའ་བྲལ། བཟང་ངན་མ་རྙེད་པའི་ཀུན་ཏུ་བཟང་པོ། བཙལ་མི་དགོས་པའི་ལྷུན་གྲུབ། འཁྲུལ་པ་མེད་པའི་ཀ་དག་གོ །བར་ལག་ཐམས་ཅད་རྨིངས་ནས་འགྱེལ། འགྲམ་རྡོ་ཐམས་ཅད་རྩད་ནས་ཐོན། ཐམ་ཐུམ་ཐམས་ཅད་གཅིག་ཏུ་འདྲེས། འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་ནས་རྣམ་པར་གྲོལ་བ་མིན་པ་གཅིག་ཀྱང་མེད་དོ། །སེམས་ཉིད་གཅེར་སྟོན་གྱི་ལག་ཁྲིད་ལྔ་པ། གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེའི་ཁྲིད་ཆུང༌ ཨྠིྀ།