DNZ-01-KA-002-007

From Damngak Dzö
Revision as of 10:04, 29 May 2025 by Jeremi (talk | contribs)

DNZ-01-KA-002-007
Wylie title
Location gdams ngag rin po che'i mdzod
Volume 1, Text 2, Subtext 7, Pages (Folios to )
Author འཇམ་མགོན་ཀོང་སྤྲུལ་
Citation
Side notes  
More details More details
Genre
[edit]
༈ །གསང་སྔགས་ལམ་གྱི་རིམ་པའི་དོན་ཁྲིད་ངོ་སྤྲོད་དུ་གདབ་པ་རྒད་པོ་མཁར་ཚུགས་དང་རྒན་མོ་མཛུབ་ཚུགས་ཀྱི་གདམས་ངག་བཞུགས་སོ། །ན་མོ་གུ་རུ། སློབ་དཔོན་པདྨ་འབྱུང་གནས་ལ། རྔོག་ཤེས་རབ་རྒྱལ་པོ་ཞེས་བྱ་བ། ལོ་དྲུག་ཅུ་ལོན་པ༑ ཐོས་པ་མ་བྱས་པ། དད་པ་དང་ལྡན་པ་གཅིག་གིས། བྲག་པོ་ཆེའི་དབེན་རྩ་རུ། སློབ་དཔོན་ལོ་གཅིག་བཞུགས་ཏེ། རྔོག་གིས་ཀྱང་ཆོས་ཞུ་མ་བྱས། སློབ་དཔོན་གྱིས་ཀྱང་ཆོས་བཤད་མ་བྱས་པར། ལོ་གཅིག་ན་སློབ་དཔོན་བཞུད་པར་དགོངས་པ་ལ། རྔོག་གིས་གསེར་སྲང་གང་གིས་མཎྜལ་གྱི་མེ་ཏོག་བྱས་ནས་སློབ་དཔོན་ལ་ཕུལ་ཏེ། ཞུས་པ། སློབ་དཔོན་རིན་པོ་ཆེ་ལགས། བདག་ལ་ཐུགས་བརྩེ་བར་དགོངས་འཚལ། བདག་གཅིག་ཏུ་ཐོས་པ་ཆུང༌། གཉིས་སུ་ཤེས་རབ་ཆུང༌། གསུམ་དུ་ན་སོ་རྒས། སློབ་དཔོན་ཆེན་པོ། བདག་ལ་གོ་སླ་བ། སྒྲོ་འདོགས་ཆོད་པ། རྟོགས་པར་སླ་བ། ལྟ་ཁམས་ཆེ་བ། ཉམས་སུ་བླང་སླ་བ། རྒད་པོ་འཆི་ཁ་མའི་གདམས་ངག་ཅིག་ཞུ་འཚལ། ཞུས་པས། སློབ་དཔོན་གྱིས་རྒད་པོའི་སྙིང་གར་ཕྱག་འཁར་བཙུགས་ཏེ་གདམས་པ་ནི་འདིའོ། །ཉོན་ཅིག །རང་རིག་བྱང་ཆུབ་ཀྱི་སེམས་འདི་ལ་ལྟོས་དང༌། གཟུགས་དང་ཁ་དོག་ཏུ་གྲུབ་པ་མེད། ཕྱོགས་དང་རིས་སུ་ཆད་པ་མེད། མཐའ་དང་དབུས་སུ་གྲུབ་པ་མེད། དང་པོ་བྱུང་ས་མེད་དེ་སྟོང༌། བར་དུ་གནས་ས་མེད་དེ་སྟོང༌། ཐ་མ་འགྲོ་ས་མེད་དེ་སྟོང༌། སྟོང་པ་དེ་ག་ངོ་ཤེས་ན། རང་ངོ་རང་གིས་ཤེས་པ་ཡིན། ཆོས་ཀྱི་ཆོས་ཉིད་གོ་བ་ཡིན། སེམས་ཀྱིས་སེམས་མཐོང་བ་ཡིན། དངོས་པོའི་གནས་ལུགས་གཏན་ལ་ཕེབས་པ་ཡིན། རིག་པ་བྱང་ཆུབ་ཀྱི་སེམས་དེ་དངོས་པོ་ཅིར་ཡང་མ་གྲུབ་ཅིང༌། རང་བྱུང་རང་ལ་གནས་པས། གཞན་ནས་བཙལ་དུ་མེད་དེ། ཆོས་ཉིད་དོན་རྟོགས་པར་སླ། ཆོས་ཉིད་ཀྱི་དོན་ལ་རེ་དོགས་ཀྱི་འཛིན་པ་མེད་དེ། སེམས་རྟག་ཆད་ཀྱི་མཐའ་ལས་འདས། སངས་རྒྱ་རྒྱུ་མེད་དེ། སངས་རྒྱས་རང་གི་སེམས། དམྱལ་བར་འགྲོ་རྒྱུ་མེད་དེ། དམྱལ་བ་རང་གི་སེམས། སངས་རྒྱས་ལ་རེ་བ་མེད་དེ། རང་གིས་རང་སངས་རྒྱས། དམྱལ་བར་དོགས་པ་མེད་དེ། རིག་པ་རང་དག །ཆོས་ལ་བྱ་རྒྱུ་མེད་དེ། རིག་པ་ཆོས་ཉིད་རང་གསལ། ལྟ་བ་གནས་ལུགས་ཆེན་པོ་རང་ལ་ཡོད་པས། གཞན་ལ་བཙལ་དུ་མེད་པར་ཐག་བཅད་དོ། །དེ་ལྟར་རྟོགས་ནས་ཉམས་སུ་ལེན་པར་འདོད་ན། རང་གང་ན་འདུག་པ་དེ་ལུས་རི་བོའི་དགོན་གནས་ཡིན་པས། ཕྱི་སྣང་བ་ལ་གང་སྣང་བ་རང་སྣང༌། གསལ་བ་རང་གསལ། སྟོང་པ་རང་སྟོང༌། རང་བྱུང་རང་ཞི། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་བཞག་གོ །དེ་ནས་ཕྱིའི་སྣང་བ་གྲོགས་སུ་ཤར་བས་སྣང་བ་རང་སར་དག །སྣང་བ་རང་སར་དག་པས་སྣང་བ་ལམ་དུ་ཁྱེར་ནས་ཉམས་སུ་བླང་བདེའོ། །ནང་སེམས་ལ་དྲན་པ་ཅི་ཤར་ཅི་འགྱུས་ཀྱང༌། དེའི་ངང་ལ་ངོ་བོ་མེད་དེ་སྟོང་པར་འདུག་པས་འགྱུ་དྲན་རང་སར་དག །སེམས་ལ་གསལ་ཐེབས་ལམ་དུ་སློང་བས་ཉམས་སུ་བླང་བདེའོ། །གསང་བ་ཉོན་མོངས་པ་གང་སྐྱེས་ཀྱང་ཉོན་མོངས་པ་ལ་བལྟས་ན་རྗེས་མེད་དེ། རང་བྱུང་རང་ཞི་ཉོན་མོངས་པ་ལམ་དུ་ཁྱེར་ནས་ཉམས་སུ་བླང་བདེའོ། །དེ་ལྟར་ཉམས་སུ་ལོན་ཙ་ན༑ སྒོམ་པ་ལ་ཐུན་བསྒོམ་བྱར་མེད། ཐམས་ཅད་གྲོགས་སུ་ཤར་ནས་ཉམས་ལ་གསལ་འགྲིབ་མེད། ཆོས་ཉིད་ཀྱི་ཡེ་ཤེས་ལ་རྒྱུན་ཆད་མེད། སྤྱོད་ལམ་ལ་སྤང་བླང་མེད། ཇི་ལྟར་འདུག་ཀྱང་ཆོས་ཉིད་ཀྱི་དོན་དང་འདུ་འབྲལ་མེད་དོ། །དེ་ལྟར་རྟོགས་ཙམ་ན། འབྱུང་བའི་ལུས་རྒས་ཀྱང་བྱང་ཆུབ་ཀྱི་སེམས་ལ་རྒས་རྒྱུ་མེད། དབང་པོ་རྣོ་བརྟུལ་མེད་དོ། །རྣམ་རིག་གི་རྟེན་ལུས་ཞིག་ཀྱང༌། རིག་པ་ཡེ་ཤེས་ཆོས་ཀྱི་སྐུ་ལ་རྒྱུན་ཆད་མེད་པས་མི་འགྱུར་ཞིང་བརྟན་པ་ཐོབ་པས། ཚེ་ལ་རིང་ཐུང་མེད་དོ། །ཆོས་ཉིད་ཀྱི་དོན་ལ་ཕྱོགས་རིས་མེད་པས། དོན་དེ་གོ་བས་ཐོས་པ་ལ་ཆེ་ཆུང་མེད་དོ། །རྒད་པོ་ཡང་དག་པའི་ལམ་དེའི་དོན་ཉམས་སུ་ལོངས་མཛོད་ཅིག །ཉམས་ལེན་རྒྱུད་ལ་འཁོལ་མཛོད། ཚིག་དང་དོན་དུ་མ་བྲལ་བར་མཛོད། བརྩོན་འགྲུས་ཀྱི་གྲོགས་དང་མ་བྲལ་བར་མཛོད། དྲན་པའི་རྩིས་ཟིན་པར་མཛོད། ལོང་གཏམ་དང་འཆལ་གཏམ་ལ་མ་དགའ་བར་མཛོད། ཐ་མལ་གྱི་བློ་དང་བྲལ་བར་མཛོད། བུ་ཚ་བོ་ལ་ཞེན་པ་མ་ཆེ་བར་མཛོད། བཟའ་བཏུང་ལ་སྲེད་པ་མ་ཆེ་བར་མཛོད། ཐ་མལ་པ་ཤི་བ་ལ་སོམས་མཛོད། ཚེ་ལ་ལོང་མེད་བརྩོན་འགྲུས་བསྐྱེད་མཛོད། རྒས་པོ་འཆི་ཁ་མའི་གདམས་ངག་མཛོད་ཅིག །གསུངས་ནས་རྒད་པོའི་སྙིང་ཁར་ཕྱག་འཁར་བཙུགས་ནས་གདམས་པས། རྔོག་ཤེས་རབ་རྒྱལ་པོ་གྲུབ་པ་ཐོབ་བོ། །རྒད་པོ་འཁར་བཙུག་གི་གདམས་པ་སངས་རྒྱས་ངོ་སྤྲོད་ཅེས་བྱ་བ། ཕྱི་རབས་ཀྱི་དོན་དུ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་ཡི་གེར་བཀོད་པའོ། །དགེའོ། ༈ །ན་མོ་གུ་རུ། སློབ་དཔོན་པདྨ་འབྱུང་གནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་ནས། བྲག་དམར་བསམ་ཡས་ན་བཞུགས་པའི་དུས་སུ། དད་ལྡན་བཟའ་དགེ་ལྡན་མ་ཞེས་བྱ་བ། རྒན་མོ་དད་པ་ཆེ་བ། སློབ་དཔོན་ལ་ཤིན་ཏུ་མོས་པ་གཅིག་ཡོད་པ་དེས། གཡོག་མོ་མར་གོང་བཟའ་རིན་ཆེན་མཚོ་ཞེས་བྱ་བ་ལ། ནངས་པར་ཆབ་ཞོ་ཞལ་བུ་རེ་ལ་རྒུན་འབྲུམ་གྱི་ཕྱེ་ཚུམ་རེ་བཏབ་ནས། སློབ་དཔོན་ལ་དྲང་དུ་བཏང་ངོ༌། །དེ་ནས་སློབ་དཔོན་བསམ་ཡས་སུ་བཞུད་པའི་ལམ་ཁར་རྒན་མོས་ཕྱག་དང་བསྐོར་བ་བྱས་ནས་ཞུས་པ། སློབ་དཔོན་ཆེན་པོ་ལགས། སློབ་དཔོན་ནི་བཞུད་ཁ་མ། རྒན་མོ་འཆི་ཁ་མ། བདག་གཅིག་ཏུ་བུད་མེད་ཀྱི་ལུས་ཐོབ་པས་སྐྱེ་བ་དམན། གཉིས་སུ་བློ་དམན་པས་ཤེས་རབ་དང་ཐོས་པ་ཆུང༌། གསུམ་དུ་ན་སོ་རྒས་ཤེས་པ་རྨུགས་ནས་མིག་མི་གསལ་བས། སློབ་དཔོན་ཆེན་པོས་རྒན་མོ་ལ། ཚེགས་ཆུང་བ་གོ་སླ་བ། ཉམས་སུ་བླང་བདེ་བ་དོན་ཆེ་བ། རྒན་མོ་འཆི་ཁ་མའི་གདམས་ངག་གཅིག་ཞུ་འཚལ། ཞུས་པས། སློབ་དཔོན་གྱི་ཞལ་ནས། རྒན་མོ་ཁྱོད་སུ་ཡིན་གསུངས་པས། རྒན་མོས་ཞུས་པ། ཁོལ་མོ་ངན་མ་འདི། ནངས་པར་གྱི་རིགས་ལ། ཆབ་ཞོ་ཞལ་བུ་རེ་འདྲེན་དུ་བཏང་བ་དེ་ལགས། ཞེས་ཞུས་པས། སློབ་དཔོན་གྱི་ཞལ་ནས། ཁྲི་སྲོང་ལྡེའུ་བཙན་བས་ཀྱང་དད་པ་ཆེ་བ་གཅིག་དེ་ཡིན་ཨང་གསུངས་ནས། རྒན་མོ་དཔོན་གཡོག་ལ་གདམས་པ་བཏབ་པ། རྒན་མོ་སྐྱིལ་ཀྲུང་ཆོས་ལ། ལུས་དྲང་པོར་བསྲང་ལ། དར་ཅིག་སེམས་ཀློད་ལ་ཞོག་ཅིག །གསུངས་ནས། སློབ་དཔོན་གྱིས་རྒན་མོའི་སྙིང་གར་མཛུབ་མོ་བཙུགས་ཏེ་གདམས་པ་བཏབ་པ་ནི་འདིའོ། །རྒན་མོ་ཉོན་མཛོད་ཅིག །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་དང༌། ཁམས་གསུམ་གྱི་སེམས་ཅན་གཉིས་ལ་ཁྱད་ཅི་ཡོད་བྱས་ན། སེམས་རྟོགས་མ་རྟོགས་གཉིས་ལས་མེད། སེམས་ཉིད་ཀྱི་དོན་རྟོགས་པས་སངས་རྒྱས། མ་རྟོགས་པས་འཁོར་བར་འཁྱམས་པ་ཡིན། སངས་རྒྱས་ཀྱི་ཡེ་ཤེས་རང་ལ་ཡོད་ཀྱང་ངོ་མ་ཤེས་པ་ཡིན། དེ་ཡང་སངས་རྒྱས་ཀྱི་རྒྱུ་དེ་སེམས་ཅན་ཐམས་ཅད་ལ་ཡོད། སྒོས་དལ་འབྱོར་ཐོབ་པའི་མི་ལ་ཡོད་དེ། དེ་ཡང་སྐྱེས་པ་ལ་སངས་རྒྱས་ཀྱི་རྒྱུ་ཆེ་ལ། བུད་མེད་ལ་སངས་རྒྱས་ཀྱི་རྒྱུ་ཆུང་བ་མེད། དེས་ན་སྐྱེ་བ་བུད་མེད་དུ་སྐྱེས་ཀྱང་འགལ་བ་མེད་དོ་གསུངས། དེ་ལ་ཡེ་ཤེས་དེ་རྟོགས་ཤིང་ཤེས་པར་བྱེད་པ་ལ། སངས་རྒྱས་ཀྱིས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་ཀྱང༌། དེའི་དོན་ཤེས་པར་བྱེད་པ་ལ། བླ་མའི་གདམས་ངག་གི་ཚིག་གསུམ་དུ་འདུས་པས། བློ་དམན་ཞིང་ཤེས་རབ་ཆུང་ཡང་མི་ལྟོ་གསུངས། དེ་ལྟར་ཆོས་ཉིད་ཀྱི་དོན་སངས་རྒྱས་ཀྱི་དགོངས་པ་ཚིག་གསུམ་ནི། ཕྱི་གཟུང་བའི་ཡུལ་དག་པས་སྣང་བ་རང་སར་གྲོལ༑ ནང་འཛིན་པའི་སེམས་དག་པས་འཛིན་མེད་ཀྱི་རིག་པ་རང་སར་གྲོལ། བར་དུ་འོད་གསལ་ཉམས་དགའ་ནས་རང་ངོ་རང་གིས་ཤེས་པའོ། །དེ་ལ་ཕྱི་གཟུང་བའི་ཡུལ་ཇི་ལྟར་དག་ན། རིག་པ་བྱང་ཆུབ་ཀྱི་སེམས་འདི་ལ། རྣམ་རྟོག་གི་བློས་མ་བསླད་པར་རང་གསལ་དུ་སྣང་བ་འདི་ལ་བཞག་པས། ཡུལ་སྣང་བ་ལ་འཛིན་པ་མ་ཞུགས་པས། སྣང་བ་གང་ལྟར་ཡང་དོན་དུ་བདེན་པར་མི་འཛིན་ཏེ། སྣང་བ་གང་ཡིན། ས་རྡོ་རི་བྲག །རྩི་ཤིང་ནགས་ཚལ། ཁྱིམ་དང་མཁར། ནོར་དང་འབྲུ། དགྲ་དང་གཉེན། སྤུན་དང་གྲོགས། བུ་དང་ཁྱོ་ལ་སོགས་པ་གང་ལའང་བདག་ཏུ་འཛིན་པ་མ་ཞུགས། སྣང་ཡང་དོན་དུ་མི་འཛིན་ཅིང་ཞེན་པ་མེད་པ་དེ། ཕྱི་གཟུང་བའི་ཡུལ་དག་པ་བྱ་བ་ཡིན། གཟུང་བའི་ཡུལ་དག་པ་ཟེར་ནའང་མེད་བཞིན་མི་འགྲོ། ཞེན་པ་དང་འཛིན་པ་མེད་པ། གསལ་ལ་སྟོང་པ། དཔེར་ན་མེ་ལོང་ནང་གི་གཟུགས་བརྙན་ལྟར། སྣང་ཡང་གཟུང་རྒྱུ་དང་འཛིན་པ་མེད་དེ། སྟོང་པ་འདྲ་བས་སྣང་ཡང་རང་སར་སྟོང་པའོ། །ནང་འཛིན་པའི་སེམས་དག་པས་རིག་པ་རང་སར་གྲོལ་བའི་མན་ངག་ནི། སེམས་རྣམ་རྟོག་འགྱུ་བྱེད་ཀྱི་དྲན་པ་དང༌། དུག་ལྔ་གང་སྐྱེས་ཀྱང༌། གང་དྲན་པ་དེ་ལ་བློས་མ་བཟུང་བས། འགྱུ་བ་རང་སངས་སུ་འགྲོ་བས་སྟོང་སྟེ། འགྱུ་བྱེད་ཀྱི་སྐྱོན་གྱིས་མ་གོས་པའོ། །ནང་རིག་པ་དྲི་མ་མེད་པ་ཟེར་ནས། བེམ་པོ་ས་རྡོ་ལྟར་འགྲོ་བ་མེད། རིག་པ་ལ་རྟོག་པའི་དྲི་མས་མ་འཛིན་པ་ལ་ཟེར་བ་ཡིན། དཔེར་ན་རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་འདྲ། གསེར་གྱི་གླིང་དུ་ཕྱིན་ཙམ་ན། ས་རྡོའི་མིང་ཡང་མེད་པ་བཞིན་དུ། རང་རིག་པའི་ཡེ་ཤེས་སུ་གྲོལ་ཙམ་ན། རྣམ་རྟོག་གི་མིང་ཡང་མེད་པ་ཡིན། གསུངས། བར་དུ་འོད་གསལ་ཉམས་དགའ་བའི་མན་ངག་ནི། དེ་ཉམས་སུ་བླངས་པའི་དུས་སུ། རང་རིག་པ་དྲི་མ་མེད་པ་ལ་ས་ལེ་སང་ངེ་ཧྲིག་གེ་བ་དེ་ཉམས་སུ་བླངས་པས། བདེ་བ་གསལ་ལ་མི་རྟོག་པ་གསུམ། ཞེན་འཛིན་དང་བློ་ཡིས་མ་བསླད་པའི་ཉམས་གཅིག་འོང་བས། དེ་སངས་རྒྱས་དགོངས་པ་ཡིན་པས་རང་ངོ་རང་གིས་ཤེས་པའོ། །དཔེར་ན་རང་གི་ཡིན་པ་ལ་འདི་ངའི་ཡིན་ཆེད་དུ་བསྒོམ་མི་དགོས། མ་ཡིན་སྙམ་པའི་རྣམ་པར་རྟོག་པ་གང་ཡང་མི་འཆར་རོ། །དཔེ་དེ་དང་འདྲ་བར་རང་གི་རིག་པ་ཆོས་ཉིད་ཡིན་པར་རང་གིས་ངོ་ཤེས་ཙམ་ན། འཁོར་བའི་ཆོས་ཐམས་ཅད་ཆོས་ཉིད་སྟོང་པ་ཉིད་ཡིན་སྙམ་དུ་བསྒོམ་མི་དགོས། མ་བསྒོམས་ཀྱང་ཆོས་ཉིད་ཀྱི་དོན་དང་མི་འབྲལ་ཏེ། མ་བསྒོམས་པའི་བསྒོམ་པ་བྱ་བ་ཡིན་ནོ། །གསུངས། ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པ་དེ། ཡེ་ཤེས་ཀྱི་བུ། རིག་པ་ཆོས་ཀྱི་དབྱིངས་ངོ་ཤེས་པས་རང་ངོ་རང་གིས་ཤེས་པ་བྱ་བ་ཡིན་ནོ། །དུས་དེ་ཙམ་ན། སྐྱེ་བ་ལ་མཐོ་དམན་མེད། བྱ་བ་ལ་ཆེ་ཆུང་མེད། བློ་ལ་རྣོ་རྟུལ་མེད། ཤེས་རབ་ལ་ཆེ་ཆུང་མེད། ཐོས་པ་ལ་མང་ཉུང་མེད། ན་སོ་ལ་རྒས་གཞོན་མེད། ཤེས་པ་ལ་གསལ་མི་གསལ་མེད༑ ཚེགས་ཆུང་ལ་གོ་སླ་བ། ཉམས་ལེན་བདེ་ལ་དོན་ཆེ་བ། འཆི་བ་ལ་ཉམས་མི་ང་བ། རྒན་མོ། དེ་ལྟར་ཉམས་སུ་ལེན་མཛོད། ཚེ་ལ་ལོང་མེད་པས་རྩོལ་བ་བསྐྱེད་མཛོད། བུ་ཁྱོའི་ཁོལ་པོར་གླག་མེད་ལོ་སྟོང་བྱེད་པ་ལས༑ རིག་པ་སྐད་ཅིག་བསྒོམ་པས་སྐྱེད་ཆེ། བླ་མས་གདམས་པའི་བརྒྱག་མྱུར་དུ་ཐོན། ཚེ་འདིའི་བྱ་བ་ལ་ཟིན་དུས་མེད་པས་སྒོམ་སྒྲུབ་མཐར་ཕྱུང་མཛོད། རྒན་མོ་འཆི་ཁ་མི་འཚེར་བའི་སུན་མར་གདམས་པ་འདི་ཐོང་མཛོད། ཅེས་གསུངས་ཏེ། རྒན་མོའི་སྙིང་གར་ཕྱག་མཛུབ་བཙུགས་ནས་གདམས་པ་བཏབ་པས། མིང་ཡང་རྒན་མོ་མཛུབ་བཙུག་གི་གདམས་པ་ཞེས་བྱའོ། །རྒན་མོ་དཔོན་གཡོག་གཉིས་གྲོལ་ཏེ་གྲུབ་པ་ཐོབ་བོ། །ཕྱི་རབས་ཀྱི་དོན་དུ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་ཡི་གེར་བཀོད་པའོ། །རྒན་མོ་མཛུབ་བཙུག་གི་གདམས་ངག་རྫོགས་སོ།