DNZ-18-TSHA-010-049

From Damngak Dzö
Revision as of 10:22, 29 May 2025 by Jeremi (talk | contribs)

DNZ-18-TSHA-010-049
Wylie title
Location gdams ngag rin po che'i mdzod
Volume 18, Text 10, Subtext 49, Pages (Folios to )
Author འཇམ་མགོན་ཀོང་སྤྲུལ་
Citation
Side notes  
More details More details
Genre
[edit]
(༤༩) །ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་ཁྲིད་ཡིག །ལམ་སྐོར་ཕྱི་མ་ཕྱག་ཆེན་ཡི་གེ་མེད་པའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། བླ་མ་སྤྱི་བོར་བསྒོམ། ཡི་དམ་གསལ་གདབ། སེམས་གང་དུ་སོང་བ་ཞིག་ཏུ་དྲན་པའི་ཐག་པས་གཟུང་ངོ༌། །དེ་ལས་གཞན་དུ་ཤོར་དུ་མི་གཞུག །དེ་ཉིད་བསྐྱང༌། འདས་པ་དང་མ་འོངས་པའི་རྗེས་མི་གཅོད། ཟིན་པར་འགྱུར་རོ། །མ་ཟིན་ན་ཤིང་གི་རྩེ་མོར་འཇོག །ཉི་ཟླའི་སྟེང་དུ་འཇོག །དེས་ཀྱང་མ་ཟིན་ན་སྣ་རྩེ་སྨིན་ཕྲག །ལྟེ་བར་སྤོ་ཞིང་སེམས་བཟུང༌། འདིས་སེམས་ཟིན་པར་འགྱུར་རོ། །སེམས་དྲན་པས་མ་ཟིན་ན་རྣམ་རྟོག་འཁོར་བའི་མཐར་ལྷུང༌། ལྟེངས་ན་ཉན་ཐོས་སུ་འགྱུར་བས། ཀ་བའམ། བུམ་པ་ལ་སོགས་པ་གང་ལ་སེམས་ཐེན་ནེ་འདུག་པ་དེ་ལས་བཏོན་ནས་གཞན་གཅིག་ལ་བཞག །མདོར་ན་གནས་པའི་དབང་ཡང་ཡོད། འཕྲོ་བ་དྲན་པས་ཟིན་ཡོང་བ་ནི་སེམས་ཐུལ་བ་ཡིན་ནོ༑ ༑སྨིག་རྒྱུ་མཐོང༌། འདི་རྒྱ་མཚོ་ཡིན་ནམ་སྙམ་དུ་འཁྲུལ། ཕྱིན་ཙ་ན་ཆུ་མ་ཡིན་སྨིག་རྒྱུ་འདུག་གོ་སྙམ། དྲུང་དུ་སླེབས་ཙ་ན་མ་དམིགས། དེ་བཞིན་རྨི་ལམ་དགྲ་དང་འཐབ་པ་དང༌། གཉེན་དང་མཛའ་བ་ལ་ངེས་ཤེས་བསྐྱེད། ཞེ་སྡང་དྲག་པོ་བྱུང་ན། མི་བདེན་པར་རྟོགས་ནས། ཞེ་སྡང་སེམས་དེ་རང་བཞིན་མེད་པ་སྟེ། ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའོ། །ཡི་གེ་རྣམ་རྟོག་བརྗོད་པ་མེད། བརྗོད་དུ་མེད་པ་ཕྱག་རྒྱ་ཆེན་པོ། མདུན་གྱི་ནམ་མཁར་བླ་མ་ཡི་དམ་ལ་དགྲ་གཉེན་ལུས་འབུལ། དེ་རྣམས་ཀྱང་སེམས། སེམས་སྒྱུ་མ། སྒྱུ་མ་རང་བཞིན་མེད་པ་ལ་བློ་སྦྱང༌། འོག་དམྱལ་བ་བཙོ་བསྲེག་གི་སྡུག་བསྔལ་ཉམས་སུ་མྱོང༌། དེ་སེམས། སེམས་སྒྱུ་མ། སྒྱུ་མ་རང་བཞིན་མེད་པ། ཡང་འོག་གི་སངས་རྒྱས་འབུམ་གཟིགས། སྟེང་གི་སངས་རྒྱས་རྣམ་སྣང༌། ཤར་ལྷོ་ནུབ་བྱང་ཕྱོགས་བཅུའི་ཞིང་ཁམས་བལྟ། མཐོང་ངོ་སྙམ་དུ་བསམ། དེའང་སེམས། སེམས་སྒྱུ་མ༑ སྒྱུ་མ་རང་བཞིན་མེད་པ། ཞེ་སྡང་ལ་སོགས་པ་ཉོན་མོངས་པ་རྣམས་བསྲེ། ཕྱོགས་གཅིག་དཔེར་བརྗོད་ན་ཞེ་སྡང༌། སྒྱུ་མ་རྨི་ལམ་ཞེས་ཡིད་ལ་བྱེད། སྣང་གྲགས་འཁོར་འདས་ཐམས་ཅད་དུས་གཅིག་ཏུ་རང་བཞིན་མེད་པ་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ་རང་ཤུགས་ཀྱིས་རྟོགས་པ་ཡིན་ནོ། །མཉམ་རྗེས་མེད། སྣང་བ་སློབ་དཔོན་དུ་འཆར། ཉོན་མོངས་པ་ལམ་དུ་འགྱུར། རྣམ་རྟོག་ཡེ་ཤེས་སུ་འཆར། འགྲོ་དྲུག་གི་གཡང་ས་བཅད། རིགས་དྲུག་གི་གྲོང་ཁྱེར་འཇོམས། འདྲིས་པའི་མི་དང་འཕྲད་པ་ལ་རྟོག་དཔྱོད་ཀྱི་རྩོལ་སྒྲུབ་མེད་པ་དང་འདྲ་བའི་དུས་ཏེ། དགྲ་དང་རྣམ་རྟོག་ལས་འདས་པ་ཕྱག་རྒྱ་ཆེན་པོ་དེ་ཁོ་ན་ཉིད་ཡི་གེ་མེད་པ་རྟོགས་པར་འགྱུར་རོ། །ཡི་གེ་ཀུན༵་ན་མེད་པའི་གསང༌། །དག༵འ་བའི་སྙིང་པོ་ལྷན་ཅིག་སྐྱེས། །རྣམ་གྲོལ༵་མཆོ༵ག་སྦྱོར་འཁྲིད་ཀྱི་ཚུལ། །ཉུང་ངུའི་སྒོ་ནས་གསལ་བར་བྲིས། །རྗེ་བཙུན་གྲགས་པས་མཛད་པའི་ཁྲིད་དཔེ་ལས་བཏུས་སོ།