ཕྱག་རྒྱའི་ལམ་གྱི་ཁྲིད་ཡིག།

From Damngak Dzö
DNZ-18-TSHA-010-048
Wylie title phyag rgya'i lam gyi khrid yig DNZ-18-TSHA-010.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 18, Text 10, Subtext 48, Pages 318-321 (Folios 60b2 to 62a6)
Author ཀུན་དགའ་གྲོལ་མཆོག་
Citation Kun dga' grol mchog. Phyag rgya'i lam gyi khrid yig. In Gdams ngag rin po che'i mdzod, Vol. 18: 318-321. Kalimpong: Rigpe Dorje Publications, 2024.
Side notes Recto: zab khrid   Verso: jo nang khrid brgya skor
More details More details
Genre Contemplative Guide Books and Instructional Manuals - khrid yig
Colophon

རྗེ་བཙུན་གྲགས་པས་མཛད་པའི་ཁྲིད་དཔེ་ལས་བཏུས་སོ།

rje btsun grags pas mdzad pa'i khrid dpe las btus so/

[edit]
(༤༨) །ཕྱག་རྒྱའི་ལམ་གྱི་ཁྲིད་ཡིག །ལམ་སྐོར་ཕྱི་མ་ཕྱག་རྒྱའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས་ལུས་སྐྱིལ་ཀྲུང་བཅའ། ལག་པ་གཉིས་པུས་མོ་ལ་བཀབ། མིག་སྣ་རྩེར་དབབ། འོག་རླུང་དྲག་ཏུ་འཐེན་ལ་ཧཱུཾ་དལ་ལ་རིང་བ་ཁོག་པ་ནས་དྲང་ཞིང་མནན། དེའི་དུས་སུ་མཁལ་རྐེད་ན་བ་བྱུང་ན། ལྟོ་བ་སྐྱོད་ཅིང་རླུང་གྱེན་དུ་དྲངས། དར་ལ་སོགས་པ་འབོལ་པོས་སྐེད་པ་བསྡམ། མགོ་བོ་ན་ན་མགོ་བོ་བསྐྱོད། རོ་སྟོད་ན་ན་རོ་སྟོད་གསིག །དེ་ལྟ་བུ་ཞག་བདུན་ནམ༑ ཟླ་བ་ཕྱེད་དམ། ཞག་ཉི་ཤུ་རྩ་གཅིག་སྦྱངས་ན། ཐུར་སེལ་ཅི་རིགས་པ་ལ་དབང་ཐོབ་པར་འགྱུར་རོ། །དེའི་བར་ལ་ཐོག་མར་ལྟ་བ་བསྐྱང་བར་བྱ་སྟེ་ལྟ་བ་ནི་དངོས་པོའི་གནས་ལུགས་ལ་ཁྱབ་ཅིང༌། འདུས་བྱས་ཀྱི་རྐྱེན་གྱིས་མི་འཇིག་པ། དུས་གསུམ་དུ་འགྱུར་བ་མེད་པ། ཤེས་བྱའི་གནས་ཐམས་ཅད་ཀྱི་རང་བཞིན་ཤེས་པ་སྟེ་མཚན་ཉིད་བཞི་ལྡན། དེའང་ཉམས་སུ་ལེན་ན། ཆོས་ཐམས་ཅད་རང་གི་སེམས་ཀྱི་ངོ་བོར་གསལ་ཞིང་མ་འགགས་པ་བརྟགས་ན་སྟོང་པ་སྟེ། གསལ་སྟོང་དབྱེར་མེད་ཅེས་བྱ་བའམ། གསལ་བ་དེ་ཉིད་རང་གིས་རིག་ཅིང་ཉམས་སུ་མྱོང་བ་ལ་བརྟགས་ན་སྟོང་པ་སྟེ། རིག་སྟོང་དབྱེར་མེད་ཅེས་བྱ་བའམ། ལུས་བདེ་བ་ཆེན་པོར་སྐྱེ་ལ་སྣང་བ་ཐམས་ཅད་བདེ་བ་ཆེན་པོར་སྐྱེ་ཞིང༌། དེ་ཡང་བརྟགས་ན་སྟོང་པའི་བདེ་སྟོང་དབྱེར་མེད་ཅེས་བྱ་བར་ཤེས་པར་བྱས་ལ། དང་པོར་ཐོས་བསམ་གྱི་ཚུལ་གྱིས། དེ་ནས་ཤུགས་འབྱུང་བའི་ཚུལ་གྱིས་བསྐྱང་ཞིང་རླུང་སྦྱང་བར་བྱའོ། །དེ་ལྟར་རླུང་འབྱོངས་པ་དེས་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བསྒྲུབས་པ་ལ། བདག་དང་རིག་མ་ཡི་དམ་གྱི་ང་རྒྱལ་བརྟན་ནས། རྡོ་རྗེ་པད་མ་བསྣོལ་མར་བྱིན་གྱིས་བརླབས་ཏེ༑ སྒྲུབ་པ་པོས་ཡུམ་གྱི་པདྨ་ཨེ་ལས་ཆོས་ཀྱི་འབྱུང་གནས། དེའི་ནང་དུ་ཨ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་དང་བཅས་པ་ལ་ཨས་མཚན་པ་བསྐྱེད་ལ་སྔགས་ཀྱིས་བརྟན་པར་བྱ། ཡབ་ཀྱི་རྡོ་རྗེ་རྩེ་ལྔ་པ་ལ་ཧཱུཾ་གིས་མཚན་པར་བསྐྱེད། ༀ་ལས་ནོར་བུ། སྭཱ་ལས་རིན་པོ་ཆེའི་ཏོག །བུ་གར་ཧཱུཾ་མཐིང་ནག་མགོ་ཐུར་དུ་ལྟ་བ། ཕཊ་དམར་ནག་མགོ་གྱེན་དུ་བལྟ་བ་གཉིས་རྩེ་སྤྲད་པར་བསྒོམས་ལ་སྔགས་ཀྱིས་བརྟན་པར་བྱའོ༑ ༑འདོད་པ་ཐ་མལ་པའི་འདོད་ཆགས་འདི་ཉིད་ལམ་དུ་བྱས་ལ། རིམ་གྱིས་ཐ་མལ་པའི་འདོད་ཆགས་དེ་ཉིད་སྙིང་རྗེ་ཆེན་པོས་བསྐུལ་ཞིང་ཀུན་ནས་བསླངས་པའི་བྱང་ཆུབ་ཀྱི་སེམས་སུ་བསྒྱུར། སེམས་ཅན་གྱིས་རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ་སྙམ་པའོ། །མན་ངག་གནད་ཀྱིས་ཟིན་པ་ལ་ལྔ། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་དབབ་པ་དང༌། བཟུང་ཞིང་བདེ་བ་བསྒོམ་པ་དང༌། ལྡོག་པ་དང་ཁྱབ་པར་བྱ་བ་དང༌། མི་ཉམས་པར་བསྲུང་བའོ། །དེ་ལ་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་ཚུལ་གྱིས་བསྒོམ་པ་ནི་བྱང་ཆུབ་ཀྱི་སེམས་དབབ་པ། བྱང་ཆུབ་ཀྱི་སེམས་ནོར་བུའི་དབུས་སུ་ཕབ་སྟེ། གཟུང་བའི་ཐབས་གསུམ་གྱིས་མི་ཉམས་པར་བྱ། མིག་གཉིས་གྱེན་དུ་བགྲད་ལ། ལྕེ་རྐན་ལ་སྦྱར། སྟེང་རླུང་མནན། འོག་སྒོ་ནས་མར་འཕུལ་ཤེས་པ་གཏད། རིལ་བ་ཞབས་ཚགས་ཅན་གྱི་དཔེ་དང་འདྲ། ཕཊ་གྱེན་ལྟ་ཧཱུཾ་ཐུར་ལྟ་དེས་འདྲེན་པར་བསམ་ཞིང༌། ཧཱུཾ་དལ་ལ་རིང་བ་ཉི་ཤུ་རྩ་གཅིག་ལ་སོགས་པས་དྲང་བར་བྱའོ། །འོག་རླུང་ཅུང་ཟད་བསྐུམ། མིག་ཕྱེ་ལ་དབུགས་དལ་ལ་ཡུན་རིང་བས་དྲང་ངོ༌། །སྣ་བུག་གཉིས་ཀ་ནས་ཕྱིར་བུས་པས་ལུས་ཐམས་ཅད་ལ་བདེ་སྟོང་གི་ཏིང་ངེ་འཛིན་གྱིས་ཁྱབ་པར་འགྱུར་ཏེ། མས་བརྟན་གྱི་དགའ་བ་བཅུ་དྲུག་གི་ཚུལ་ཉམས་སུ་བླང༌། རྡོ་རྗེའི་རྩེ་མོ་ཉིད་ནས་བཟློག་ན་འགྱུར་བ་རྣམ་དྲུག་གིས་བཟློག་པར་བྱ་སྟེ། རྐང་ལག་གི་མཐེ་བོང་བཞི་བསྐུམ་ཞིང་བསྐྱེད་པ་དང༌། ལྟོ་བ་ཚིགས་པ་ལ་སྦྱར་བ་དང༌། ལྕེ་ཕུགས་སུ་བཟློག་པ་དང༌། ངག་ཏུ་ཧཱུྃ་རིང་པོའི་རྗེས་ལ་ཧིག་ཅེས་བརྗོད་པ་དང༌། ཏིང་ངེ་འཛིན་གྱི་ཧཱུཾ་གིས་ཕཊ་དྲངས་ལ་སྤྱི་གཙུག་ཏུ་བསྐྱལ་བར་བྱ་སྟེ། དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ལྷག་མ་ལུས་པར་སྲིད་པས་ལན་གཉིས་དང་གསུམ་གྱི་བར་དུ་དྲང་བར་བྱའོ། །དེ་ནས་ཁྱབ་པར་བྱ་བ་ལ། ལུས་པོ་ལ་མ་བཀྲམ་ན་ནད་ལ་སོགས་པར་འགྱུར་བས་ཁྱབ་པར་བྱ་བ་ནི། མགོ་བོ་སྤྲུག་པ་དང༌། རོ་སྟོད་གསིག་པ་དང༌། རྐེད་པ་གཅུ་བ་དང༌། ལག་པ་གཡབ་པ་དང༌། བྲོ་འཁྲབ་པ་དང༌། འོ་དོད་བོས་པ་ལ་སོགས་པས་ཁྱབ་པར་བྱ་སྟེ། དེ་ནི་གནས་སུ་བསྐྱལ་བ་ཡིན་ནོ། །དེ་ལྟར་ཉན་ཐོས་བཞིན་ཕྱག་རྒྱ་མི་སྤང་སྟེ། སྤངས་ན་ཐིག་ལེ་མི་རྒྱས་ཏེ། བ་མ་བཞོས་ན་ཞོ་སྐམ་པ་དང་འདྲའོ། །དེས་ན་བ་བཞིན་དུ་བཞོས་ན་ཐིག་ལེ་འཕེལ་ཏེ། ཐིག་ལེ་ལས་སངས་རྒྱས་འབྱུང་བ་ཡིན་ནོ། །ཕལ་པ་བཞིན་དུ་བྱང་ཆུབ་ཀྱི་སེམས་དོར་བར་མི་བྱ་སྟེ༑ དོར་ན་རྒྱུད་ནས་གསུངས་པའི་ཉེས་པ་ཐམས་ཅད་འབྱུང་ངོ༌། །དེས་ན་ཐིག་ལེ་དབབ་བཟློག་གི་སྒོ་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱ་བའི་བསམ་པས་ཆགས་པ་དོར་ཞིང་ལུས་ཐམས་ཅད་ཐིག་ལེས་གང་བདེ་སྟོང་གི་ཏིང་ངེ་འཛིན་རྒྱུན་མི་འཆད་པ་འབྱུང་ངོ༌། །ཕྱག་རྒྱའི་རིགས་ཀུན༵་དག༵འ་བའི་རྟེན། །སྨིན་གྲོལ༵་མཆོ༵ག་བསྐྲུན་ལུགས་གཉིས་ལས། །འདིར་ནི་ཡེ་ཤེས་ཕྱག་རྒྱ་ཙམ། །ལམ་དུ་འཁྱེར་ཚུལ་ཡི་གེར་བྲིས། །རྗེ་བཙུན་གྲགས་པས་མཛད་པའི་ཁྲིད་དཔེ་ལས་བཏུས་སོ།