DNZ-09-TA-026

From Damngak Dzö
Revision as of 16:38, 26 February 2025 by Mort (talk | contribs)

DNZ-09-TA-026
Wylie title DNZ-09-TA-026.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 9, Text 26, Pages (Folios to )
Author འབྲི་གུང་རིག་འཛིན་ཆོས་ཀྱི་གྲགས་པ་
Citation Drikung Kyabgon Chungtsang, 1st (Chos kyi grags pa). '. In Gdams ngag rin po che'i mdzod, Vol. 9: . Kalimpong: Rigpe Dorje Publications, 2024.
Side notes   Verso: bka' brgyud skor
More details More details
Genre
[edit]
༄༅། །དཔལ་འབྲི་གུང་པའི་ལུགས་ཀྱི་ཆོས་དྲུག་དྲིལ་བའི་གདམས་པ་བཞུགས་སོ། །

གང་གིས་ཆོས་ཀུན་བདེ་བའི་རང་བཞིན་ལས། །འགྲོ་འོང་མེད་དོན་སྟོང་ཉིད་དོན་གཟིགས་པ། །ཛྙཱ་ན་སིདྡྷིར་གྲགས་པའི་དཔལ་མངའ་བ། །བདེ་བའི་འབྱུང་གནས་དེ་ལ་ཕྱག་བྱས་ཏེ། །དེ་ལས་འོངས་པའི་ལམ་སྲོལ་མ་ལོག་ཅིང༌། །མ་འཁྲུལ་དོན་ཟབ་མྱུར་ལམ་སྟོན་བྱེད་པའི། །ཆོས་དྲུག་རྩ་བ་མདོ་ཙམ་བསྟན་འདི་མཚར། ། དེ་ལ་ཐོག་མར་སྟན་བདེ་བ་ལ། རྐང་པ་རྡོ་རྗེ་སྐྱིལ་ཀྲུང༌། ལག་པ་མཉམ་གཞག །དཔུང་པ་ཐད་སོར་བརྒྱང༌། སྒལ་ཚིགས་བསྲང༌། མགྲིན་པ་སྒུར། ལྕེ་ཡ་རྐན་ལ་སྦྱར། མིག་སྣ་རྩེར་ཕབ། དེ་ལྟར་ལུས་གནད་དང་ལྡན་པའི་ངང་ནས། ཐུན་མོང་གི་སྔོན་འགྲོ་བཞི་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུས་དོན་གྲུབ་ཐོབ་པར་འགྱུར་བ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་ནས་ཡང་དག་འབྱོར་བར་ག་ལ་འགྱུར། །འདི་འདྲའི་ལུས་འདི་མི་རྟག་འཆི་བར་ངེས། །གནོད་མང་ རླུང་གིས་བདས་པའི་མར་མེ་བཞིན། །སྐད་ཅིག་མི་རྟག་འཇིག་པའི་ཆོས་ཅན་ཏེ། །འགྲོ་དྲུག་གང་གི་གནས་སུ་སྐྱེས་གྱུར་ཀྱང༌། །བདེ་བའི་གོ་སྐབས་མ་མཆིས་སྡུག་བསྔལ་རྒྱུ། །འདི་དག་དཀར་ནག་རྒྱུ་འབྲས་ལས་ཡིན་ཕྱིར། །ཐར་འདོད་མི་དགེ་སྤངས་ལ་དགེ་བ་བསྒྲུབ། །ཅེས་གསུངས་པའི་དོན་དྲན་པས། གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ཉམས་སུ་བླང་བ་ནི། ཐོག་མར་རྒྱུད་སྣོད་རུང་སྒྲུབ་པ་སྐྱབས་འགྲོའི་ཁྲིད་ནི། སྤྱི་བོར་རིན་ཆེན་སེང་ཁྲི་པད་ཉིའི་སྟེང༌། །རྩ་བའི་བླ་མ་རྡོ་རྗེ་འཆང་གི་སྐུ། །སྔོ་སངས་རྡོར་དྲིལ་བསྣོལ་འཛིན་རིན་ཆེན་བརྒྱན། །ངེས་པ་ལྔ་ལྡན་ལོངས་སྐུའི་ཚུལ་ཅན་ལ། །བརྒྱུད་པའི་བླ་མ་འཁོར་གྱི་ཚུལ་དུ་བཞུགས། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །བདག་སོགས་ནམ་མཁའ་མཉམ་པའི་སེམས་ཅན་རྣམས། །བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་མཆི། །སྨོན་འཇུག་བྱང་ཆུབ་ སེམས་མཆོག་བསྐྱེད་པར་བགྱི། །ལམ་འདིར་ཞུགས་ཏེ་དོན་གཉིས་བསྒྲུབ་ལ་བརྩོན། །བླ་མ་འཁོར་བཅས་དགྱེས་ཚུལ་སྤྱི་བོར་ཐིམ། །གཉིས་པ་སྡིག་སྒྲིབ་དག་པར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། སྤྱི་བོར་པད་ཟླའི་གདན་ལ་རྡོ་རྗེ་སེམས། །སྟོན་ཟླའི་མདོག་ཅན་དར་དང་རིན་ཆེན་བརྒྱན། །རྡོར་དྲིལ་འཛིན་ཅིང་ཐུགས་ཀར་ཟླ་སྟེང་ཧཱུྃ། །ཡིག་བརྒྱའི་སྔགས་ལས་འོད་འཕྲོས་ཕྱོགས་བཅུ་ཡི། །སངས་རྒྱས་བྱང་སེམས་ཐུགས་རྗེ་འོད་བསྡུས་ཐིམ། །སྔགས་ལས་འོད་བྱུང་རང་གི་ཚངས་བུག་ཞུགས། །སྡིག་སྒྲིབ་ཀུན་དག་ཡིག་བརྒྱའི་བཟླས་པར་བརྩོན། །རྡོར་སེམས་ཞལ་ནས་སྡིག་སྒྲིབ་དག་ཅེས་གསུངས། །འོད་ཟེར་དཀར་པོའི་ཚུལ་དུ་རང་ལ་ཐིམ། །གསུམ་པ་ཚོགས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད་ནི། མདུན་དུ་མཎྜལ་དབུས་སུ་རིན་ཆེན་ཁྲིར། །རྩ་བའི་བླ་མ་རྡོ་རྗེ་འཛིན་པའི་སྐུ། །དཀོན་མཆོག་གསུམ་དང་ཡི་དམ་ལྷ་ཚོགས་བསྐོར། །གླིང་བཞི་རི་རབ་ཉི་ཟླའི་རྒྱན་ལྡན་དང༌། །ལུས་ངག་ཡིད་གསུམ་ལྟོས་མེད་མཎྜལ་ཕུལ། །ཚོགས་གཉིས་མྱུར་རྫོགས་བླ་མ་རང་ལ་ཐིམ། །བཞི་པ་བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ནི། མདུན་དུ་རིན་ཆེན་སེང་ཁྲི་པད་ཟླའི་སྟེང༌། །རྩ་བའི་བླ་མ་རྡོ་རྗེ་འཆང་སྔོན་པོ། །རིན་ཆེན་རྒྱན་སྤྲས་ཕྱག་གཉིས་རྡོར་དྲིལ་འཛིན། །ལྷ་རྫས་གོས་ཅན་བརྒྱུད་པའི་བླ་མས་བསྐོར། །གུས་པས་གསོལ་བཏབ་གནས་གསུམ་འོད་ཟེར་འཕྲོས། ། རང་གི་གནས་གསུམ་ཐིམ་པས་སྒྲིབ་གསུམ་དག །དབང་གསུམ་ཐོབ་ཅིང་བླ་མ་འཁོར་དང་བཅས། །འོད་ཞུ་རང་ལ་ཐིམ་པས་ཚིག་དབང་ཐོབ། །དུས་གསུམ་འདུ་འབྲལ་མེད་པའི་ངང་དུ་བཞག །གཉིས་འཛིན་སེམས་ཀྱི་དྲི་མ་སྦྱང་བའི་ཕྱིར། །བསྐྱེད་རིམ་བསྒོམ་ཞིང་བཟླས་པར་བྱ་བ་ནི། །སྟོང་ཉིད་ངང་ལས་ཆོས་འབྱུང་པད་ཉིའི་སྟེང༌། །ཕག་མོ་རྩ་ཞལ་ཆགས་ཚུལ་ཕག་མགོས་མཚན། །དམར་མོ་ཕྱག་གཉིས་གྲི་ཐོད་ཁ་ཊྭཱཾ་འཛིན། ། གཡས་བསྐུམ་གཡོན་བརྐྱང་རིན་ཆེན་རུས་པས་བརྒྱན། །ཐུགས་ཀར་ཉི་སྟེང་བཾ་ལ་སྔགས་ཀྱིས་བསྐོར། །སྐབས་འདིར་བཟླས་པ་ཅུང་ཟད་བྱ་བར་བཤད། །སླར་ཡང་སྟོང་རའི་དབུས་སུ་དྷཱུ་ཏི་སྔོ། །ཚངས་བུག་གསང་གནས་བར་སླེབ་གཡས་གཡོན་དུ། །རོ་རྐྱང་དཀར་དམར་ཡར་སྣེ་སྣ་བུག་སླེབ། །མར་སྣེ་ཆ་དབྱིབས་འདུས་མདོར་ཙཎྜ་ལཱི། །ཨ་ཤད་རྣོ་ཞིང་ཚ་བའི་ངར་ལྡན་གསལ། །ལྟེ་བ་སྙིང་ག་མགྲིན་པ་སྤྱི་བོ་བཞིར། །རྩ་འདབ་རེ་བཞི་བརྒྱད་དང་བཅུ་དྲུག་དང༌། །སོ་གཉིས་ཚངས་བུག་ཀུནྡ་ཧཾ་གི་དབྱིབས། །ཐུར་བསྟན་སྙིང་ག་མགྲིན་པ་ཡབ་ཡུམ་གྱི། །ས་བོན་རྩ་མདུད་ཚུལ་ཅན་གསལ་བ་ལ། །རོ་རྐྱང་རླུང་སྦུད་ཨ་ཤད་སྦར་བ་ཡིས། །གནས་བཞིའི་རྩ་མདུད་བཀྲོལ་ཏེ་ཧཾ་རིག་པས། །དཀར་ཆའི་རྒྱུན་བྱུང་གསང་གནས་བར་དུ་སླེབས། །སླར་ཡང་ལུགས་ལྡོག་བྱ་ཞིང་འབར་འཛག་བྱ། །ལུས་ཀུན་བདེ་བས་ཁྱབ་ཅིང་སྐུ་བསྲིང་བྱ། །ལུས་ཀྱི་ཕྱི་ནང་མེ་ལྕེས་གང་ བསམ་བསྡུ། །རས་གོས་མལ་སྟན་མེ་ཡི་དཀྱིལ་འཁོར་ལ། །ལུས་ཀྱང་མེ་དཔུང་གསང་གནས་ཨ་ཤད་ལས། །འབར་བའི་མེ་ལྕེས་ལུས་ནང་གང་བསམ་ཉལ། །རྫོགས་རིམ་སྟོད་སྨད་འོད་ཞུ་དམིགས་མེད་བཞག །སྐབས་འདིར་འཁྲུལ་འཁོར་བྱ་ཚུལ་གཞུང་ན་གསལ། །སྙིང་གར་དབུ་ནང་པད་སྟེང་རྡོ་རྗེ་འཆང༌། །ནས་ཙམ་ཐུགས་ཀར་ཧཱུྃ་དང་ཐིག་ལེ་ལས། །འོད་འཕྲོས་ལུས་ཀྱི་ཕྱི་ནང་གཏམ་གསལ་ཞིང༌། །གཞི་ལམ་འབྲས་བུའི་འོད་གསལ་མངོན་དུ་གྱུར། །མགྲིན་པར་པད་སྟེང་ཆོན་ཚད་རྡོ་རྗེ་འཆང༌། །ཐུགས་ཀར་ཨ໋་དང་ཨ་ནུ་ཏ་ར་གསལ། །རང་གི་སྟེང་འོག་ནོར་བུའི་རྩེར་ཐིག་ལེ། །དཀར་དམར་ནག་པའི་ངང་དུ་རྨི་ལམ་བཟུང༌། །ཆོས་དང་ཟང་ཟིང་ལས་ཀུན་རྨི་ལམ་དང༌། །སྒྱུ་མ་ཡིན་ཕྱིར་དངོས་པོ་གྲུབ་པ་མེད། །མ་དག་སྒྱུ་ལུས་མེ་ལོང་གཟུགས་བརྙན་བཞིན། །སྟོད་སྨད་དགའ་སྡུག་ཁྱད་པར་མེད་མོད་ཀྱིས། །ཆུ་ཟླ་ལྟ་བུར་མེད་བཞིན་སྣང་བ་རིགས། །ལྷ་སྐུ་སྣང་སྟོང་གྲགས་སྟོང་རིག་སྟོང་སྟེ། །ཡོད་མེད་མཐའ་དག་སྒྱུ་ལུས་འཆིང་བ་གྲོལ། །སླར་ཡང་དྷཱུ་ཏིའི་ནང་དུ་ལྟེ་བར་ཨཱཿ དམར་པོ་སྤྱི་བོར་ཀྵ་དཀར་སྙིང་གར་ཧཱུྃ། །མཐིང་གར་གསལ་བ་སེམས་ཀྱི་ངོ་བོ་ལ། །ཧིག་གི་སྒྲས་བསྐུལ་ཨ་ཡིག་ཧཱུྃ་ལ་ཐིམ། །ཧཱུྃ་ཡང་སྟེང་སྐྱོད་ཀྵ་ཡིག་འཕུལ་བར་བསམ། །སྐབས་འདིར་ཨ་ཧིག་དྲག་པོ་མང་དུ་བརྗོད། །འཇོག་དུས་ཡི་གེ་རང་རང་གནས་སུ་བསྐྱལ། །ལས་སྦྱོར་ཧཱུྃ་ཡིག་བླ་མའི་ཐུགས་ཀར་ཐིམ། ། བར་དོར་ཕྲ་རགས་ཐིམ་པའི་སྣང་བ་སྟེ། །ས་ཆུ་མེ་རླུང་རྣམ་ཤེས་འབྱུང་བ་ཐིམ། །ཟུངས་མི་ཐུབ་ཅིང་རྔུལ་སྐམ་དྲོད་ཆུང་ཞིང༌། །ཕྱིར་དབྱུང་དབུགས་རིང་ནང་དུ་སྡུད་མི་ཐུབ། །སྣང་མཆེད་ཐོབ་གསུམ་ཕྱི་རྟགས་ཟླ་ཉིའི་དབྱིབས། །དཀར་ལམ་དམར་ལམ་ཞེ་སྡང་འདོད་ཆགས་ལས། །གྱུར་པའི་རྟོག་པ་སོ་གསུམ་བཞི་བཅུ་འགགས། །མཆེད་པ་ཐོབ་པར་ཐིམ་ཚེ་ཕྱི་རྟགས་ནི། །མུན་པ་འདྲ་སྟེ་གཏི་མུག་ལས་གྱུར་པའི། །རྟོག་པ་བདུན་འགག་རང་བཞིན་མ་བསྒོམས་པའི། །བདེ་གསལ་སྤྲིན་མེད་ནམ་མཁའ་ལྟ་བུ་འབྱུང༌། །དེ་ཚེ་ཤི་བ་ཤེས་དང་གནས་དང་གྲོགས། །བར་དོར་ཤེས་ཤིང་ཡི་དམ་སྐུ་རུ་བསྒོམ། །ཕོ་མོར་སྐྱེ་ཕྱིར་ཆགས་སྡང་མིག་སེར་འབྱུང༌། །དེ་ཡང་སྒྱུ་མར་ཤེས་པས་རབ་ཏུ་སྤང༌། །དུས་དེར་རྣམ་ཤེས་རླུང་གི་བཞོན་པ་ཅན། །ཡིན་ཕྱིར་ཡི་དམ་བསྒོམ་ཞིང་བླ་མ་དྲན། །འདོད་ཆགས་སྤངས་པས་མངལ་འཇུག་སྐྱེ་གནས་ཁེགས། །བཞི་བཅུ་ཞེ་དགུར་དག་པའི་སྐྱེ་གནས་འགྲུབ། །དེ་ལྟར་རྩ་བའི་ཆོས་བཞི་ཡན་ལག་གཉིས། །དོན་ལྡན་ཡང་དག་བརྩམས་པའི་དགེ་བ་དང༌། །དུས་གསུམ་བསགས་དང་དམིགས་མེད་དགེ་བ་འདི། །ངེས་པ་ལྔ་ལྡན་རྡོ་རྗེ་འཆང་ཆེན་པོའི། །གོ་འཕང་བླ་ན་མེད་པ་ཐོབ་ཕྱིར་བསྔོ། །ཞེས་ཁ་ཏོན་དུའང་བྱ་ཞིང་དོན་བསྒོམས་པས་སངས་རྒྱས་ཀྱི་ཞིང་སྐྱོན་ཐམས་ཅད་དང་བྲལ་བ་ཡོན་ཏན་ཐམས་ཅད་ལྡན་པའི་བདག་ཉིད་དུ་འགྱུར་རོ། །འདིར་སྨྲས་པ། ཟབ་ལམ་ གདམས་པའི་སྙིང་པོ་ཆོས་དྲུག་པོ། །མ་ནོར་བློ་ལྡན་དོན་ལྡན་དོན་ཕྱིར་དུ། །འཇུག་བདེ་ཉུང་ངུར་བྱས་ཏེ་བཀོད་པ་འདི། །ཐར་འདོད་སྐལ་ལྡན་ཡོངས་ཀྱི་ཐུགས་ལ་ཞོག །ཅེས་པ་འདི་ཆོས་དྲུག་ཡིག་ཆ་རྙིང་པ་རྣམས་སོར་བཞག །རང་ཉིད་ཉམས་སུ་བླང་བའི་ཕྱིར་དང༌། གཞན་ཡང་བཀའ་བརྒྱུད་འདི་ཉིད་ཀྱི་ལམ་སྲོལ་འཛིན་པར་འདོད་པ་གང་དག་གི་དོན་དུ། དཔོན་པོ་ཐར་པ་གླིང་པ་དང༌། དགེ་སློང་གླིང་ཆུང་གཉིས་ཀྱིས་བསྐུལ་བ་ལས། ཤཱཀྱའི་དགེ་སློང་ཐབས་ལམ་འདི་ཉིད་ཅུང་ཟད་ཉམས་སུ་ལོན་པ་དྷརྨྨ་ཀཱིརྟིས་ཟླ་དགོན་དུ་སྦྱར་བའོ།། །།མངྒ་ལཾ།། །།