DNZ-12-NA-031

From Damngak Dzö
Revision as of 14:12, 31 January 2025 by Jeremi (talk | contribs)

DNZ-12-NA-031
Wylie title DNZ-12-NA-031.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 12, Text 31, Pages (Folios to )
Author འཇམ་མགོན་ཀོང་སྤྲུལ་
Citation
Side notes  
More details More details
Genre
[edit]
ཤངས་ལུགས་མཁའ་འགྲོ་སྡེ་ལྔའི་མཆོད་གཏོར་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། ཤངས་ལུགས་མཁའ་འགྲོ་སྡེ་ལྔའི་མཆོད་གཏོར་འབུལ་བ་དཀྱུས་མ་ཙམ་གྱི་ལག་ལེན་བྱེད་ན། ཟླུམ་གཏོར་ལྔའམ་གཅིག་ལ་མཐེབ་སྐྱུ་བཞིས་མཚན་པ་བཤམས། ཡི་དམ་ལྟར་བྱིན་བརླབས་ལ། རང་གི་མདུན་གྱི་ནམ་མཁར་ཧཱུྃ་ལས་བྱུང་བའི་སྲུང་འཁོར་དང༌། ཆོས་འབྱུང་ནམ་མཁའི་ཁམས་ཀྱི་དབུས་སུ་གཞལ་མེད་ཁང་དངོས་གྲུབ་འབྱུང་བའི་དུར་ཁྲོད་དང་བཅས་པའི་དབུས་སུ་པདྨའི་གདན་ལྔ་ཚོམ༑ དབུས་སུ་ཟླ་བ་ལ་ༀ་ལས་སངས་རྒྱས་མཁའ་འགྲོ་མ་དཀར་མོ་རྣམ་སྣང་གི་དབུ་རྒྱན་ཅན། ཞི་བའི་ཉམས་ལྡན། ཤར་དུ་ཉི་མ་ལ་ཧཱུྃ་ལས་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ་མི་བསྐྱོད་པའི་དབུ་རྒྱན་ཅན། ཁྲོ་བའི་ཉམས་ལྡན༑ ལྷོ་རུ་ཟླ་བ་སེར་པོ་ལ་ཏྲཱཾ་ལས་རིན་ཆེན་མཁའ་འགྲོ་མ་སེར་མོ་རིན་ཆེན་འབྱུང་ལྡན་གྱི་དབུ་རྒྱན་ཅན། དགྱེས་པའི་ཉམས་ལྡན། ནུབ་ཏུ་ཉི་མ་དམར་པོ་ཟེར་དང་བྲལ་བ་ལ་ཧྲཱིཿ ལས་པདྨ་མཁའ་འགྲོ་མ་དམར་མོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། ཆགས་པའི་ཉམས་ལྡན། བྱང་དུ་སྣ་ཚོགས་རྡོ་རྗེ་ལ་ཨ་ལས་སྣ་ཚོགས་མཁའ་འགྲོ་མ་ལྗང་གུ་དོན་གྲུབ་ཀྱི་དབུ་རྒྱན་ཅན། ཁྲོ་ཞིང་བཞད་པ་སོགས་ཉམས་སྣ་ཚོགས་པ། ཐམས་ཅད་ཀྱང་གཡས་ཅང་ཏེའུ་འཁྲོལ་ཞིང༌། གཡོན་པས་ཐོད་པ་བདུད་རྩིས་གང་བ་ཐུགས་ཀར་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན། རློན་པ་ལྔ་བཅུའི་དོ་ཤལ་རུས་པའི་ཕྱག་རྒྱ་ལྔ་དང་བཅས་པ། དབུ་སྐྲ་ནག་པོ་ཕྱེད་

བཅིངས་སུ་གནས་པ། མཆན་ཁུང་གཡོན་དུ་ཐབས་ཀྱི་རང་བཞིན་གྱི་ཁ་ཊྭཱྃ་ག་ལ་རིམ་པ་བཞིན་དུ་འཁོར་ལོ་རྡོ་རྗེ་རིན་པོ་ཆེ་པདྨ་རལ་གྲི་རྣམས་ཀྱིས་མཚན་པ། འོད་ཟེར་སྣ་ལྔ་འབར་བའི་དབུས་ན་བཞུགས་ཤིང༌། རང་མཚུངས་ཀྱི་མཁའ་འགྲོ་མ་གཙོ་མོ་འབུམ་འབུམ་དང་འཁོར་མཁའ་འགྲོ་གྲངས་མེད་པས་ཡོངས་སུ་བསྐོར་བའོ། །དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་སྙིང་ག་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རང་བཞིན་གྱི་གནས་དང་ཕྱོགས་མཚམས་ཐམས་ཅད་ནས་གཙོ་མོ་ཡེ་ཤེས་ཀྱི་མཁའ་འགྲོ་ལྔ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་གྲངས་མེད་པས་བསྐོར་བ་བཛྲ་ས་མཱ་ཛཿ རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་གཡབ་ཅིང༌། ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་ཀཌྜྷ་ཡ། ཨཱ་ཀཌྜྷ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ནཾ། ཧྲ་ད་ཡཾ་ཧཱུྃ་ཧཱུྃ་ཕཊ་ཕཊ། ལན་གསུམ་གྱིས་སྤྱན་དྲངས། ཛཿ ཧཱུྃ་བྃ་ཧོཿ ལན་ལྔ། ཨ?ཾ་ནས། ཤབྡའི་བར་གྱིས་མཆོད། ༀ་ཧཱུྃ་ཏྲཱཾ་ཧྲཱིཿ ཨཱཿ ༀ་ཨཱཿ ཧཱུྃ། ཞེས་ནང་མཆོད་འབུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབས་ལ་ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །གཏོར་ཆོག་ཙམ་ལ་བཟླས་པ་མི་དགོས་ཀྱང༌། སྤྲོ་ན། སྤྱི་དྲིལ་གྱི་སྔགས་ནི། ༀ་ཨཱཿ ༀ་ཧཱུྃ་སྭཱ་ཨཱཿ ཧཱ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བཟླ། དེ་ནས་གཏོར་མ་འབུལ་བ་ནི། ༀ་བུདྡྷ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལ་ༀ་ཕཊ། ༀ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལ་ཧཱུྃ་ཕཊ། ༀ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལ་ཏྲཱཾ་ཕཊ། ༀ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལ་ཧྲཱིཿ ཕཊ། ༀ་བི་ཤྭ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལ་ཨཱཿ ཕཊ། ༀ་སརྦ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལ་ཧོཿ ཕཊ། ཅེས་ལན་གསུམ་སོགས་ཀྱིས་ཕུལ། རྒྱས་པར་ན་ཚིགས་བཅད་དང་བཅས་པ་དང་། བསྡུ་ན་སྔགས་ཙམ་གྱིས་ཕྱི་མཆོད་ནང་མཆོད་གསང་མཆོད་རྣམས་ཕུལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོར་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རིན་ཆེན་མཁའ་འགྲོར་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང༌། །སྣ་ཚོགས་མཁའ་འགྲོར་ཕྱག་འཚལ་བསྟོད། །ཅེས་དེ་ཉིད་ལྔ་པས་བསྟོད། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །ངོ་བོ་མེད་ཅིང་གནས་མེད་པ། །དེལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་བླ་མེད་བྱོས། །འོན་ཀྱང་ སངས་རྒྱས་རིགས་སུ་སྐྱེ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། དམ་ཚིག་པ་རང་ལ་བསྡུ། བདག་སྲུང༌། སྨོན་ལམ། བཀྲ་ཤིས་རྣམས་བྱའོ། །ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་ རིན་འབྱུང་ལས་ཟུར་དུ་བཀོལ་བ་སྟེ་གུ་ཎས་སོ། །དགེ་ལེགས་འཕེལ།། །།