དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་གཏོར་མའི་ཆོ་ག་དང་བཅས་པ་ཕྲིན་ལས་གཏེར་མཛོད།

From Damngak Dzö
DNZ-12-NA-032
Wylie title dpal ye shes kyi mgon po phyag drug pa'i sgrub thabs gtor ma'i cho ga dang bcas pa phrin las gter mdzod DNZ-12-NA-032.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 12, Text 32, Pages 655-679 (Folios 1a1 to 13a3)
Author ཏཱ་ར་ནཱ་ཐ་
Citation Tāranātha. Dpal ye shes kyi mgon po phyag drug pa'i sgrub thabs gtor ma'i cho ga dang bcas pa phrin las gter mdzod. In Gdams ngag rin po che'i mdzod, Vol. 12: 655-679. Kalimpong: Rigpe Dorje Publications, 2024. DNZ-Shechen-12-NA-029.pdf
Shechen Publications, 1999
Side notes Recto: mgon po'i sgrub thabs   Verso: shangs chos skor
More details More details
Genre Sadhanas - Evocation Ritual - sgrub thabs  ·  Torma-offering Rituals - gtor chog
Deity Ye shes mgon po phyag drug pa
Colophon

།ཅེས་པའང་མཆོག་ཏུ་གྱུར་པའི་དགེ་བའི་བཤེས་གཉེན་མང་པོས་བསྐུལ་བའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་ཉེར་བདུན་པ་ནག་པ་ཟླ་བའི་ཡར་ངའི་ཚེས་བརྒྱད་ལ་ལེགས་པར་སྦྱར་བའོ།།

ces pa'ang mchog tu gyur pa'i dge ba'i bshes gnyen mang pos bskul ba'i ngor/__rgyal khams pa tA ra nA thas rang lo nyer bdun pa nag pa zla ba'i yar nga'i tshes brgyad la legs par sbyar ba'o//

[edit]
༄༅། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་གཏོར་མའི་ཆོ་ག་དང་བཅས་པ་ཕྲིན་ལས་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །

༄༅། །ༀ་སྭ་སྟི། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་གཏོར་མའི་ཆོ་ག་དང་བཅས་པ་ཕྲིན་ལས་གཏེར་མཛོད་ཅེས་བྱ་བ། བླ་མ་མགོན་པོ་དབྱེར་མེད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྤྱན་རས་གཟིགས་དབང་ཐུགས་རྗེས་ཁྲོས་པའི་སྐུ། །མ་རུངས་བདུད་དཔུང་ཕྱེ་མར་འཐག་མཛད་པ། །བླ་མ་མགོན་པོ་དབྱེར་མེད་ཞབས་པད་ལ། །གུས་པས་བཏུད་ནས་སྒྲུབ་ཐབས་མདོ་ཙམ་བྲི། །རྣལ་འབྱོར་པ་དམ་ཚིག་དང་ལྡན་པ་འདི་ཉིད་ཀྱི་བྱིན་རླབས་ཀྱི་རིམ་པ་མཐའ་དག་ལེགས་པར་མནོས་པ་ཞིག་གིས། བྲིས་སྐུ་མཆོད་གཏོར་སོགས་མཚན་ཉིད་ཚང་བར་བཤམས་ལ། བདག་ཉིད་ཡི་དམ་གྱི་རྣལ་འབྱོར་ལ་གནས་པས། ནང་མཆོད་བྱིན་རླབས་ཡི་དམ་གྱི་མངོན་རྟོགས་ལྟར་རམ། འོག་ནས་འབྱུང་བའི་གཏོར་མ་བྱིན་རླབས་ལྟར་བྱས་ལ། གནས་ཁང་མཆོད་རྫས་གཏོར་མ་རྣམས་ལ་གཏོར། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་བྱུང་བའི་གཞལ་ཡས་ཁང་གི་དབུས་སུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། མཆོད་པ་བྱིན་རླབས་ཀྱི་སྔགས་དང་། རོལ་མོ་བྱིན་དབབ་སྤྱི་དང་མཐུན་པར་བྱ། གཏོར་མ་བསང་སྦྱང༌། ཡཾ་ལས་རླུང༌། རཾ་ལས་མེ། ཀཾ་ལས་མི་མགའི་སྒྱེད་པུ་གསུམ། ཨ་ལས་ཀ་པཱ་ལ་དུམ་བུ་གསུམ་པ་ཕྱི་དཀར་ལ་ནང་དམར་བ། དབུས་སུ་ན་ལས་མིའི་ཤ །ཤར་དུ་གོ་ལས་བ་ལང་གི་ཤ །ལྷོར་ཀུ་ལས་ཁྱིའི་ཤ །ནུབ་ཏུ་ད་ལས་རྟའི་ཤ །བྱང་དུ་ཧ་ལས་གླང་པོ་ཆེའི་ཤ་རྣམས་ཧཱུྃ་བྷྲཱུྃ་ཨཱཾ་ཛྲ་ཁཾ་རྣམས་ཀྱིས་མཚན་པ། དེ་རྣམས་ཀྱི་སྟེང་དུ་དབུས་སུ་མུ་ལས་དྲི་ཆུ། ཤར་དུ་བི་ལས་དྲི་ཆེན། ལྷོར་ར་ལས་རཀྟ། ནུབ་ཏུ་ཤུ་ལས་བྱང་སེམས། བྱང་དུ་མ་ལས་ཤ་ཆེན་གྱི་དྭངས་མ་རྣམས། བཱཾ་མཱཾ་ལཱཾ་པཱཾ་ཏཱཾ་གྱིས་མཚན་པ་དེ་རྣམས་ཀྱི་སྟེང་དུ་ༀ་དཀར་པོ་མགོ་བོ་ཐུར་དུ་བསྟན་པ། དེའི་སྟེང་དུ་ཨ་ལས་ཟླ་བ། ཧཱུྃ་ལས་རྡོ་རྗེའམ་གྲི་གུག་ཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་འཕྲོས། རླུང་གཡོས། མེ་སྦར། རྫས་རྣམས་ཞུ་ཞིང་ཁོལ་བའི་རླངས་པ་གྱེན་ལ་སོང་བ། ༀ་དང་ཧཱུྃ་ལ་ཕོག་པས་བདུད་རྩིའི་རྒྱུན་འཛག །ཧཱུྃ་གི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཏེ་ཐིམ། ༀ་ཡིག་ཟླ་བ་རྡོ་རྗེའམ་གྲི་གུག་དང་བཅས་པ་ལྷུང་སྟེ། རྡོ་རྗེའམ་གྲི་གུག་གིས་ལན་གསུམ་དུ་དཀྲུགས་ནས། ཐམས་ཅད་ཞུ་བ་གཏོར་མ་ཟག་མེད་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿ ཧཱུྃ་ཧ་ཧོཿ ཧྲཱིཿ ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་ནང་། མི་བཟད་པའི་དུར་ཁྲོད་ཆེན་པོའི་དབུས་སུ་པཾ་ལས་སྣ་ཚོགས་པདྨ་དང་། རཾ་ལས་ཉི་མའི་སྟེང༌དུ་གཾ་དཀར་པོ་འོད་དུ་ཞུ་བ་ལས། དཔལ་ཚོགས་ཀྱི་བདག་པོ་དཀར་པོ་གླང་པོ་ཆེའི་དབུ་ལ་སྤྱན་གསུམ་པ། ཕྱག་གཡས་སའི་སྙིང་པོ་ལ་ཕུག་ལོ་མ་དང་བཅས་པ་ཞལ་དུ་གསོལ་བ། གཡོན་ནེའུ་ལེ་རིན་པོ་ཆེ་སྐྱུག་པ་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ། ཁ་བཤང་བ་སྤུའི་ཁུང་བུ་རྣམས་ནས་ནོར་བུའི་ཆར་འབེབས་པ་ཉལ་སྟབས་སུ་གནས་པ། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་གྲི་གུག་འབར་བ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུག་པ་ཅན་ཚར་བཅད། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་སྐྱེ་འགྲོའི་རེ་བ་ཚུལ་བཞིན་དུ་སྐོང་བ། སྐུ་མདོག་དུས་མཐའི་སྤྲིན་ལྟར་རབ་ཏུ་གནག་པ། ཞལ་གཅིག་ཕྱག་དྲུག་པ་དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་འདྲིལ་བ། ཁོང་ནས་འཁྲུགས་ཤིང་རྔམ་པའི་ཞལ་དྲག་ཏུ་བཞད་པ། སྨ་ར་དང་སྨིན་མ་དང་། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ། དཔྲལ་བར་སིནྡྷུ་རའི་ཐིག་ལེས་བྱུགས་པ༑ སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་པ། ཕྱག་གཡས་ཀྱི་དང་པོས་རྡོ་རྗེ་གྲི་གུག་དང་། གཡོན་དང་པོས་ཐོད་པ་དགྲ་བགེགས་ཀྱི་ཤ་ཁྲག་གིས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཕྱག་གཡས་བར་པས་ཐོད་སྐམ་གྱི་ཕྲེང་བ། ཐ་མས་ཌཱ་རུ་དྲག་ཏུ་འཁྲོལ་བ། གཡོན་གཉིས་པ་ན་མདུང་རྩེ་གསུམ་པ། ཐ་མ་ན་རྡོ་རྗེའི་ཞགས་པ་ནག་པོ་བསྣམས་པ། ཞབས་གཉིས་སྲིད་གསུམ་རྣམ་པར་གནོན་པའི་ཤུགས་ཅན་མཉམ་པའི་སྟབས་ཀྱིས་བགེགས་ཀྱི་རྒྱལ་པོ་གནོན་ཅིང་བརྫིས་པ། སྟག་ལྤགས་ཀྱི་ཤམ་ཐབས་ལ་དར་ལྗང་གུའི་སྐེ་རགས་བཅིངས་པ། ཀླུ་ཆེན་པའི་རྒྱན་གྱིས་བརྒྱན་པ་སྟེ། སྦྲུལ་སྔོན་པོས་དབུ་སྐྲ་བཅིངས་ཤིང་། དམར་པའི་སྙན་ཆ། ཁྲ་བའི་དཔུང་རྒྱན། དཀར་པའི་མགུལ་རྒྱན། སེར་པའི་ལག་གདུབ། ལྗང་གུའི་དོ་ཤལ། དཀར་པོའི་རྐང་གདུབ་དང་སྐེ་རགས་ཅན། ཕྱག་ཞབས་ཐམས་ཅད་ལ་དྲིལ་བུ་གཡེར་ཁའི་ཕྲེང་བ་དང་ལྡན་པ། སྦོམ་ཐུང་ལྟོ་བ་རྒྱས་ཤིང་ཡན་ལག་ཧྲགས་པ། བཟོད་པར་དཀའ་བའི་གཟི་བརྗིད་མཐའ་ཡས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་རྒྱན་དྲུག་གིས་མཛེས་པ། རིན་པོ་ཆེའི་དབུ་རྒྱན་ཅན༑ ཧ་ཧ་དང་ཧཱུྃ་ཧཱུྃ་ཕཊ་ཕཊ་ལ་སོགསཔ་འཇིགས་པའི་ང་རོ་འབྲུག་ལྟར་སྒྲོགས་པས་བདུད་དང་དགྲ་བགེགས་ཐམས་ཅད་རླག་པར་མཛད་པ། བསྐལ་པའི་མེ་ལྟ་བུའི་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང་༑ ཙནྡན་གྱི་སྡོང་པོ་ལ་སྐུ་རྒྱབ་བརྟེན་པའོ། །དེའི་གཡོན་དུ་ཁྲག་ཞག་འཁྲུགས་པའི་རྒྱ་མཚོའི་དབུས་སུ་བྷྱོ་ལས་དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ་སྐུ་མདོག་ནག་མོ་རྔམ་ཞིང་ཁྲོས་པ། ཕྱག་གཡས་ཀྱིས་བདུད་ཀྱི་ཁྲམ་ཤིང་ནག་པོ་ཕྱར་ཞིང་། གཡོན་ནད་ཀྱི་རྐྱལ་པ་འཛིན་པ། ཆིབས་ཀྱི་སྔ་ལོང་ལ་ཤོ་རྡེའུ་དཀར་ནག་དང་། བྷྱང་དམར་ཁྲེས་པོ། ཕྱི་ལོང་ལ་མཚོན་གྱི་གྲུ་གུ་སྟེ་སྤྲུལ་པའི་མཚོན་ཆ་ལྔ་དང་བཅས་པ། སྤྱན་གསུམ་མཆེ་གཙིགས་ཁྲོ་གཉེར་བསྡུས་པ། དབུ་སྐྲ་གྱེན་དུ་འཁྱིལ་ཞིང་སྤྱི་བོར་རྨ་བྱའི་མདོགས་ཀྱིས་བརྒྱན་པ། ལྟེ་བ་ནས་ཉི་མ་དང་སྤྱི་གཙུག་ནས་ཟླ་བ་འཆར་བ། དྲེའུ་རྟ་རྐང་གསུམ་ལ་ཆིབས་པ། སྲིན་པའི་ཡ་མགལ་ལ་སྒའི་སྔ་རུ་བྱས་ཤིང་མ་མགལ་ལ་ཕྱི་རུ་བྱས་པ། གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་བ་ལང་གི་ཀོ་བས་སྨད་གཡོགས་པ། རེ་ལྡེའི་ཤམ་ཐབས་དང་གོས་ནག་གསོལ་བ། རུས་པའི་རྒྱན་དང་མི་མགའི་དབུ་རྒྱན་དང་དོ་ཤལ། སྙན་གཡས་པ་ལ་དུག་སྦྲུལ། གཡོན་པ་ལ་སེང་གེས་བརྒྱན་པ། མེ་དཔུང་དང་རླུང་ནག་འཚུབས་མར་འཚུབས་པའི་དབུས་ན་བཞུགས་ཤིང་། འཁོར་ཤ་ཟ་དང་། མ་མོ་མཁའ་འགྲོ་འབུམ་སྡེས་བསྐོར་བའོ། །གཙོ་བའི་མདུན་དུ་ཀྵ་ལས་གནོད་སྦྱིན་ཀྵེ་ཏྲ་པཱ་ལ་སྐུ་མདོག་མཐིང༌ནག་ཁ་གདངས་ཤིང་མཆེ་བ་གཙིགས་ནས་དགྲ་ལ་འོ་དོད་འབོད་པ། ཤངས་ནས་དུས་མཐའི་རླུང་ལྡངས་པ། ཕྱག་གཡས་པས་གྲི་གུག་ནམ་མཁའ་ལ་ཕྱར་བས་ལྷ་དང་ལྷ་མིན་ཐམས་ཅད་སྐྲག་པར་བྱེད་པ། གཡོན་ཐོད་ཁྲག་དགྲ་བགེགས་ཀྱི་སྙིང་དང་བཅས་པ་གཙོ་བའི་ཞལ་དུ་སྟོབ་པ། དོམ་ནག་སྨྱོན་པ་ལ་ཆིབས་པ། འཁོར་གནོད་སྦྱིན་གདུག་པའི་ཚོགས་ཀྱིས་བསྐོར་བ། གཡས་སུ་ཧཱུྃ་ལས་དབང་ཕྱུག་ཛཱི་ན་མི་ཏྲ། སྐུ་མདོག་དམར་ནག་སྲིན་པོ་ཁྲོས་པའི་གཟུགས་ཅན། ཞལ་ནས་དུག་དང་ཁྲག་གི་ཆར་འབེབས་པ། ཕྱག་གཡས་ཌཱ་མ་རུ་དྲག་ཏུ་འཁྲོལ་ཞིང་། གཡོན་སྡིགས་མཛུབ་ཀྱི་རྩེ་ལ་མེ་འབར་བ། འཁོར་གཟའ་དང་སྲིན་པའི་ཚོགས་ཀྱིས་བསྐོར་བ། རྒྱབ་ཏུ་ཊཾ་ལས་གཤིན་རྗེ་ཊཱཀྐི་རཱ་ཛ་སྐུ་མདོག་ནག་པོ་མིའི་ཤ་ཁྲག་ལ་ཆེས་རྔམ་པ། ཕྱག་གཡས་རྒྱུ་མའི་ཞགས་པ་དགྲ་ལ་འཕེན་ཅིང་༑ གཡོན་སྡིགས་མཛུབ་གནོད་བྱེད་ལ་སྡིགས་པ། གཤིན་རྗེའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། གསུམ་ཀའང་རུས་པའི་རྒྱན་གྱིས་བརྒྱན་ཅིང་། སྟག་ལྤགས་ཀྱི་ཤམ་ཐབས་ཅན། གཡོན་དུ་ཧཱུྃ་ལས་བདུད་མགོན་ཆེན་པོ་ཏྲཀྴད་སྐུ་མདོག་དུས་མཐའི་སྤྲིན་ལྟར་གནག་པ། ཕྱག་གཡས་རུ་མཚོན་མདུང་དམར་རྩེ་གསུམ་པ་དགྲ་བའི་སྙིང་ཁར་བསྣུན་པ། གཡོན་ཐོད་པ་ཁྲག་གིས་གང་བ་ཞལ་དུ་གསོལ་བ། ཡ་སོས་མ་མཆུ་མནན་ཅིང་མཆེ་བ་གཙིགས་པ། དར་ནག་གི་འཇོལ་བེར་མུན་པའི་གཡུང་དྲུང་རིས་དང་། སག་ཏིའི་ལྷམ་ཡུ་རིང་གསོལ་བ། གསེར་གྱི་སྐེ་རགས་བཅིངས་པ། བདུད་རྟ་ནག་པོ་རྟིང་དཀར་ལ་ཆིབས་པ། འཁོར་ལྷ་དང་བདུད་དམག་གི་ཚོགས་དཔག་ཏུ་མེད་པས་བསྐོར་བ། བཞི་ཀའང་དམར་ལ་ཟླུམ་པའི་སྤྱན་གསུམ་དགྲ་བགེགས་ལ་སྡང་མིག་ཏུ་ལྟ་བ། མི་བཟད་པའི་མཆེ་བ་རྣམ་པ་བཞི་གཙིགས་པ། གཏུམ་ཞིང་ཁྲོས་ལ་ཆེར་འཁྲུགས་པ། འཇིགས་རུང་མི་སྡུག་པའི་རྣམ་པ་ཅན་སྨ་ར་དང་སྨིན་མ་དང་དབུ་སྐྲ་དམར་སེར་མེ་ལྟར་འབར་བ། ཐོད་སྐམ་གྱི་དབུ་རྒྱན་དང་། མི་མགོ་ཁྲག་འཛག་པའི་དོ་ཤལ་ཅན། མེ་རླུང་དྲག་ཏུ་འཚུབས་པའི་ཀློང་དཀྱིལ་དུ་བཞུགས་པའོ། །དེའི་ཕྱི་རོལ་དུ་ཤར་དུ་བརྒྱ་བྱིན་སེར་པོ་གླང་པོ་ཆེ་ལ་ཞོན་པ་རྡོ་རྗེ་འཛིན་པ། ཤར་ལྷོར་མེ་ལྷ་དམར་པོ་ར་སྐྱེས་ལ་ཞོན་པ་བགྲང་ཕྲེང་འཛིན་པ། ལྷོར་གཤིན་རྗེ་སྔོན་པོ་མ་ཧེ་ལ་ཞོན་པ་དབྱུག་ཐོ་འཛིན་པ། ལྷོ་ནུབ་ཏུ་སྲིན་པོ་སྨུག་ནག་རོ་ལངས་ལ་ཞོན་པ་རལ་གྲི་འཛིན་པ། ནུབ་ཏུ་ཆུ་ལྷ་དཀར་པོ་ཆུ་སྲིན་ལ་ཞོན་པ་སྦྲུགས་ཞགས་འཛིན་པ། ནུབ་བྱང་དུ་རླུང་ལྷ་ལྗང་གུ་ཤ་བ་ལ་ཞོན་པ་བ་དན་འཛིན་པ། བྱང་དུ་གནོད་སྦྱིན་སེར་པོ་རྟ་ལ་ཞོན་པ་ནོར་བུས་མཚན་པའི་བེ་ཅོན་འཛིན་པ། བྱང་ཤར་དུ་འབྱུང་པོ་དཀར་པོ་གླང་ལ་ཞོན་པ་རྩེ་གསུམ་འཛིན་པ་ལྷ་མོ་གཽང་ལ་འཁྱུད་པ། སྟེང་དུ་ཚངས་པ་སེར་པོ་ངང་པ་ལ་ཞོན་པ་བུམ་པ་འཛིན་པ། འོག་ཏུ་ས་བདག་ནག་པོ་ཕག་པ་ལ་ཞོན་པ་རིན་པོ་ཆེ་འབར་བ་འཛིན་པ། ཐམས་ཅད་ཀྱང་རང་རང་གི་རིགས་མཚུངས་འབུམ་འབུམ་གྱིས་ཡོངས་སུ་བསྐོར་བ་ཕྱག་གཡོན་པས་གཙོ་བོ་ལ་འདུད་པའོ། །གཞན་ཡང་མ་ཧཱ་དེ་བ་ལ་སོགས་པ་ལྷ་ཆེན་པོ་བརྒྱད། ནོར་རྒྱས་ལ་སོགས་པ་ཀླུ་ཆེན་པོ་བརྒྱད། ཉི་མ་ལ་སོགས་པ་གཟའ་ཆེན་པོ་བརྒྱད། དྲག་པོ་ལ་སོགས་ལ་འཇིགས་བྱེད་ཆེན་པོ་དགུ། སྨིན་དྲུག་ལ་སོགས་པ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད། ཡུལ་འཁོར་སྲུང་ལ་སོགས་པ་རྒྱལ་པོ་ཆེན་པོ་བཞི་སྟེ། གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་པོ་ཐམས་ཅད་ཀྱང་འཁོར་བྱེ་བ་བྱེ་བའི་ཚོགས་ཀྱིས་བསྐོར་བ། དེའི་ཕྱི་རོལ་དུ་འཁོར་དམ་ཅན་རྒྱ་མཚོའི་དམག་ཚོགས་ལྷ་མ་སྲིན་སྡེ་བརྒྱད་རྣམས་ཤ་ལ་དགའ་བ་ཁྲག་ལ་རོལ་པ། སྙིང་རྗེ་མེད་པ། ཁ་གདངས་པ། མིག་རྩ་དམར་བ། མཆེ་བ་གཙིགས་པ། བཞིན་བསྡུས་པ། གཏུམ་ཞིང་འཇིགས་ལ་མི་སྡུག་པའི་རྣམ་པ་ཅན། ལག་ན་གདུག་པའི་མཚོན་ཆ་སྣ་ཚོགས་པ་ཐོགས་པ། སྐད་ཅིག་ལ་སྐྱེ་འགྲོ་ཐམས་ཅད་ཀྱི་སྲོག་དབུགས་སྡུད་པ། གནོད་སྦྱིན་དང་། སྲིན་པོ་དང་། ཤ་ཟ་དང་། གཤིན་རྗེ་དང་། བདུད་དང་། མ་མོའི་ཆ་ལུགས་ཅན། ས་གཞི་བར་སྣང་ནམ་མཁའི་དབྱིངས་ཐམས་ཅད་ཡོངས་སུ་གཡོ་བ། ཐམས་ཅད་ཀྱང་སྒྲུབ་པ་པའི་རེ་འདོད་ཚུལ་བཞིན་དུ་སྐོང་བར་མཛད་པའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ཨ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཤར་ལྷོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། ཙནྡན་གྱི་ཤིང་རྐང་གཅིག་པའི་དྲུང་ནས། མྱུང་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྟེང་ན་རྩ་བརྒྱུད་ཀྱི་བླ་མ། གཡས་ན་དཔའ་བོ་ངར་དང་བཅས་ཤིང་། གཡོན་ན་དཔའ་མོ་འཛུམ་དང་བཅས་པ། བཀའ་སྡོད་ཞིང་སྐྱོང་ཕོ་ཉ་དམ་ཅན་རྒྱ་མཚོའི་དམག་ཚོགས་དང་བཅས་པ་ཐམས་ཅད་སྐད་ཅིག་དེ་ཉིད་ལ་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་སི་ལི་ལི་ཁྲོ་ལོ་ལོ་འུར་འུར་ཆེམ་ཆེམ་དུ་བྱོན་པར་གྱུར། །ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མ་ཧཱ་ཀཱ་ལ་ཆེ། །དཔལ་ལྡན་མགོན་པོ་འཁོར་དང་བཅས། །དཀྱིལ་འཁོར་གནས་འདིར་གཤེགས་སུ་གསོལ། །ཀྵེ་ཏྲ་པཱ་ལ་ལ་སོགས་པ། །འཁོར་གྱི་བཀའ་ཉན་གནོད་སྦྱིན་ཚོགས། །བསྟན་པ་སྲུང་བར་ཞལ་བཞེས་པའི། །དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ། །དཀྱིལ་འཁོར་གནས་འདིར་གཤེགས་ནས་ཀྱང༌། །རྒྱན་གྱི་གཏོར་མ་འདི་བཞེས་ལ༑ ༑རྟགས་དང་མཚན་མ་བསྟན་པ་དང༌། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ༀ་བཛྲ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཀྵ། ཀྵ་རིང་པོ་ཉི་ཤུ་རྩ་གཅིག་བརྗོད། དེ་ནས་ཀྵ་གྱི་གནས་སུ་ཨེ་ཧྱི་ཧེ་བཅུག་པ་དང༌། བཛྲ་ས་མཱ་ཛཿ བཅུག་པ་ལན་གསུམ་གསུམ་བརྗོད་པས། མྱུར་མཛད་འཁོར་བཅས་སྤྱན་དྲངས། ཧཱུྃ། རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །བྱིན་གྱིས་བརླབ་པའི་གནས་འདི་རུ། །བསྟན་པ་བསྲུང་ཕྱིར་བཞུགས་སུ་གསོལ། །ཛཿ ཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། པདྨ་ཀ་མ་ལཱ་ཡ་སྟྭཾ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །ལྷ་རྫས་བཟང་པའི་མཆོད་ཡོན་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ༀ་ཤྲཱི་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ། ཞབས་བསིལ༴ པདྱཾ༴ མེ་ཏོག༴ པུཥྤེ༴ བདུག་སྤོས༴ དྷཱུ་པེ༴ སྣང་གསལ༴ ཨཱ་ལོ་ཀེ༴ དྲི་ཆབ༴ གནྡྷེ༴ ཞལ་ཟས༴ ནཻ་ཝི་དྱ༴ རོལ་མོ༴ ཤབྡ༴ སྙིང་པའི་མཐར་འབྲུ་གསུམ་བཏགས་ལ་ནང་མཆོད་འབུལ། ཆོས་དབྱིངས་ངང་ལས་མ་གཡོས་ཀྱང༌། །གདུག་པ་འདུལ་ཕྱིར་ཁྲོས་པའི་སྐུ། །བསྟན་པའི་རུ་ཏྲ་འཇོམས་མཛད་པ། །ནག་པོ་ཆེ་ལ་ཕྱག་འཚལ་བསྟོད། །དེ་ནས་རྒྱུན་གྱི་ཉམས་ལེན་གཏོར་ཆོག་ཙམ་བྱ་བར་འདོད་ན། འོག་གི་གཏོར་མ་འབུལ་བ་མན་ཆད་བྱས་པས་ཀྱང་རུང་ལ། ཡང་བླ་མ་མགོན་པོ་དབྱེར་མེད་དང༌། གྲིབ་སེལ་དང་། གནད་དབབ་ཀྱི་བཀའ་ལེགས་པར་ཐོབ་ཅིང༌། དེ་དག་གི་དོན་ཉམས་སུ་ལེན་པར་འདོད་ན། དམིགས་པ་དང་གནད་རྒྱས་པ་རྣམས་མན་ངག་ལྟར་ཤེས་པར་བྱས་ལ། དང་པོ་བླ་མ་མགོན་པོའི་གསོལ་འདེབས་ནི། མགོན་པའི་དབུ་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་སྐུ་མདོག་སེར་པོ་ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པ། ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་ཐུགས་ཀར་གཏོད་ཅིང༌། གཡོན་གསེར་གྱི་དྲིལ་བུ་དཀུར་བརྟེན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྡོ་རྗེ་འཆང་ནས་བརྩམས་ཏེ་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་ངོ་བོར་གྱུར་པ། བླ་མའི་སྐུ་ལས་འོད་འཕྲོས། མགོན་པོ་ལ་ཕོག །མགོན་པོ་འོད་དང་བདེ་བའི་རང་བཞིན་དུ་འུར་འུར། སིལ་སིལ་གར་མཛད། མགོན་པོ་ལས་འོད་འཕྲོས། བླ་མའི་སྐུ་ལ་ཐིམ་པས། བླ་མ་འོད་དང་བདེ་བའི་རང་བཞིན་དུ་གྱུར། དྲིལ་བུ་གཡེར་ཁའི་སྒྲ་སིལ་སིལ༑ ཁྲོལ་ཁྲོལ་གར་མཛད། བླ་མ་ཉིད་མགོན་པོ། མགོན་པོ་ཉིད་བླ་མ། བླ་མ་དང་མགོན་པོ་དབྱེར་མེད་པར་གྱུར། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་མགོན་པོ་དབྱེར་མེད་ལ་གསོལ་བ་འདེབས་སོ། །མགོན་པོ་བླ་མ་དབྱེར་མེད་ལ་གསོལ་བ་འདེབས་སོ། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ། །ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་འདེབས་སོ། །དཔལ་ལྡན་ཤ་བ་རི་དབང་ཕྱུག་ལ་གསོལ་བ༴ མངའ་བདག་མཻ་ཏྲི་པ་ཆེན་པོ་ལ༴ གྲུབ་ཆེན་རཱ་ཧུ་ལ་ཆེན་པོ་ལ༴ མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ༴ མཉམ་མེད་རིན་ཆེན་བརྩོན་འགྲུས་ལ༴ རྟོགས་ལྡན་ཞང་སྒོམ་ཆོས་སེང་ལ༴ དབོན་སྟོན་སྐྱེར་སྒང་པ་ཆེན་པོ་ལ༴ གཉན་སྟོན་སྦས་པའི་རྣལ་འབྱོར་ལ༴ འགྲོ་མགོན་སངས་རྒྱས་སྟོན་པ་ལ༴ མཁས་གྲུབ་ཤངས་སྟོན་ཆོས་རྗེ་ལ༴ ཁྱུང་པོ་ཚུལ་ཁྲིམས་མགོན་པོ་ལ༴ བྱ་བྲལ་རི་ཁྲོད་རས་ཆེན་ལ༴ མཁྱེན་ལྡན་ཤངས་པ་དཀར་པོ་ལ༴ མཉམ་མེད་སངས་རྒྱས་དཔལ་བཟང་ལ༴ གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལ༴ རྒྱ་སྒོམ་ལེགས་པ་རྒྱལ་མཚན་ལ༴ རྗེ་བཙུན་ཀུན་དགའ་གྲོལ་མཆོག་ལ༴ ཆོས་སྐུ་ལྷ་དབང་གྲགས་པ་ལ༴ རྗེ་བཙུན་ཏཱ་ར་ནཱ་ཐ་ལ༴ རྒྱལ་ཚབ་རིན་ཆེན་རྒྱ་མཚོ་ལ༴ རྒྱལ་ཚབ་ཡེ་ཤེས་རྒྱ་མཚོ་ལ༴ མཁས་གྲུབ་བློ་གྲོས་རྣམ་རྒྱལ་ལ༴ ཆོས་རྗེ་ངག་དབང་ཕྲིན་ལས་ལ༴ ཆོས་རྗེ་ཀུན་བཟང་དབང་པོ་ལ༴ རིག་འཛིན་ཚེ་དབང་ནོར་བུ་ལ༴ བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་ལ༴ བསྟན་འཛིན་ཆོས་ཀྱི་ཉི་མ་ལ༴ བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ་ལ༴ པདྨ་ཉིན་བྱེད་དབང་པོ་ལ་གསོལ་བ་འདེབས་སོ། །ན་མོ་བུདྡྷ་ཡ། ན་མོ་གུ་རུ་ཧེ། བཛྲ་བཱི་ར་བཱི་རི་ཎེ། ཤྲཱི་ཌཱ་ཀ་ཌཱ་ཀི་ནཱི། ཛོ་ག་ཛོ་གི་ནཱི། སརྦ་བུདྡྷ་བོ་དྷཱི་ས་ཏྭ་ཡ་ཤ་རཱ་ཎཱི། གཙྪ་མི། ཀྱཻ། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རྩ་བ་དང་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །དཔའ་བོ་དང་དཔའ་མོ་རྣལ་འབྱོར་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་ཡེ་ཤེས་ལ་སྒྲིབ་པ་མི་མངའ་བ། ཐུགས་རྗེ་ལ་ཕྱི་བཤོལ་མི་མངའ་བ། མཐུ་དང་ནུས་པ་ལ་ཐོགས་པ་མི་མངའ་བ། བྱིན་རླབས་ལ་རྒྱང་རིང་ཐུང་མི་མངའ་བ་ཁྱེད་རྣམས་ཀྱིས་སྐུའི་སྒོ་ནས་བྱིན་གྱིས་རློབས་ཤིག །གསུང་གི་སྒོ་ནས་བྱིན་གྱིས་རློབས་ཤིག །ཐུགས་ཀྱི་སྒོ་ནས་བྱིན་གྱིས་རློབས་ཤིག །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པའི་སྒོ་ནས་བྱིན་གྱིས་རློབས་ཤིག ༑ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག །མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག །འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག །བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་དད་པས་གསོལ་འདེབས་ཀྱིས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་བསལ་བ་དང༌། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །གཉིས་པ་གྲིབ་སེལ་ནི། མགོན་པའི་དབུ་གཙུག་ཏུ་རྩ་བའི་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཕྱག་གཡས་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་པ། གཡོན་པས་མཉམ་བཞག་གི་སྟེང་དུ་ཐོད་པ་བདུད་རྩིས་གང་བ། ཞབས་སྐྱིལ་ཀྲུང་དུ་བཞུགས་པ། སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས། སྟེང་གི་ནམ་མཁའ་ལ་འཁོད་པར་གྱུར། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ལན་ཉི་ཤུ་རྩ་གཅིག་བཟླས་པའི་མཐར། རྡོ་རྗེ་འཆང་དང་དཔལ་ལྡན་ཤ་བ་རི། །རྒྱལ་བ་མཻ་ཏྲི་གྲུབ་ཆེན་རཱ་ཧུ་ལ། །ཨ་མི་དེ་བ་ལོ་ཀེ་ཤྭ་ར་དང༌། །ཧ་ཡ་གྲཱི་བ་པདྨ་འབྱུང་གནས་དཔལ། །ཁྱུང་པོ་ཛོ་ཀི་རཏྣ་བཱིརྱ་དང༌། །དྷརྨ་ས་ཧ་དྷརྨ་པྲཛྙཱ་དང༌། །བཱིརྱ་ས་ཧ་ཤངས་སྟོན་ཆོས་རྗེ་སོགས། །རིན་ཆེན་བརྒྱུད་པའི་བླ་མ་དགོངས་སུ་གསོལ། །འགྲོ་བའི་རེ་སྐོང་ཡོན་ཏན་རབ་རྫོགས་པའི། །བརྒྱུད་ལྡན་བླ་མ་དུས་གསུམ་སངས་རྒྱས་ལ། །དག་པ་གཉིས་ལྡན་ཆོས་སྐུར་མ་རྟོགས་པ། །འཇིག་རྟེན་རྟོག་བཅས་དབང་གྱུར་མཐོལ་ལོ་བཤགས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དང༌། །ཕྱི་ནང་གསང་བའི་ལྷ་རྣམས་དགོངས་སུ་གསོལ། །བདག་ཅག་ཐེག་མཆོག་སྔགས་ཀྱི་སྒོར་ཞུགས་ནས། །རྩ་བ་ཡན་ལག་འགལ་ཉམས་མཐོལ་ལོ་བཤགས། །མཐུ་སྟོབས་ནུས་པ་ཕྲིན་ལས་ཕུན་ཚོགས་ཤིང༌། །སྐད་ཅིག་དྲན་པས་བར་ཆད་ཐམས་ཅད་སེལ། །འདུ་འབྲལ་མེད་པར་དངོས་གྲུབ་སྟེར་མཛད་པའི། །ཡེ་ཤེས་མགོན་པོ་ཕྱག་དྲུག་དགོངས་སུ་གསོལ། །དུར་ཁྲོད་ནགས་མཐའ་ཆུ་གླིང་བས་མཐའ་རུ། །ཕྱི་ནང་རྟེན་དང་དམ་རྫས་ཚོགས་གྱུར་ནས། །བསྙེན་སྒྲུབ་བསྐང་བཤགས་ཚུལ་བཞིན་མ་གྲུབ་པར། །ལེ་ལོ་གཡེང་བའི་དབང་གྱུར་མཐོལ་ལོ་བཤགས། །ཁྱད་པར་གསང་བའི་རྟེན་མཆོག་བླ་ན་མེད། །བླ་མ་མགོན་པོ་དབྱེར་མེད་བདེ་ཆེན་སྐུ། །ཁྱོད་ལ་ཡིད་ཆེས་མོས་གུས་འབྲལ་མེད་ཀྱིས། །རྣམ་དག་ཆོས་སྐུར་མ་རྟོགས་མཐོལ་ལོ་བཤགས། །བདག་ནི་མ་རིག་འཁྲུལ་པའི་དབང་གྱུར་ཏེ། །བླ་མ་མགོན་པོ་འཁོར་དང་བཅས་རྣམས་ཀྱིས། །སྐུ་གསུང་ཐུགས་དང་འགལ་བ་ཅི་མཆིས་པ། །གནོང་ཞིང་འགྱོད་པའི་སེམས་དང་བཅས་ནས་ཀྱང༌། །ལྷ་མཆོག་ཁྱོད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས། །ཡེ་ཤེས་བཀའ་སྒྲུབ་ལས་ཀྱི་ཕོ་ཉ་མཛད། །ཀྵེ་ཏྲ་པཱ་ལ་ཛི་ན་མི་ཏྲ་དང༌། །ཊཱཀྐི་རཱ་ཛ་ཏྲཀྴད་རེ་མ་ཏི། །ཕྱོགས་སྐྱོང་བཅུ་དང་གཙང་རིགས་དགོངས་སུ་གསོལ། །ཇི་ལྟར་ཁྱེད་ཀྱིས་ཁས་བླང་དམ་བཅས་བཞིན། །བདག་གི་ཕྲིན་ལས་ཡེངས་མེད་སྒྲུབ་པ་ལ། །ཡི་ཆད་བགྱིས་ཤིང་ཤ་ཁྲག་གཏོར་ཚོགས་ཀྱིས། །གཏོང་རག་དུས་སུ་མ་ཐོངས་མཐོལ་ལོ་བཤགས། །མངོན་ཤེས་མེད་པས་ཉེས་སྐྱོན་མ་རྟོགས་པར། །བསྟན་པ་འཇིག་དང་བླ་མའི་སྐུ་དགྲ་ལ། །དྲག་པོའི་ལས་ཀྱིས་ཚར་གཅོད་མ་བགྱིས་པར། །གསང་བ་བསྒྲགས་ཤིང་བྱམས་བགྱིས་མཐོལ་ལོ་བཤགས། །དམ་ཉམས་གྲིབ་ཕོག་གཏམ་འདྲེས་ཟས་ཟོས་དང༌། །རྒྱུ་ཆུང་ཕུད་ཉམས་འགལ་འཁྲུལ་ནོར་ལ་སོགས། །ཉེས་སྐྱོན་འཁྲུལ་པའི་ཚོགས་རྣམས་ཅི་མཆིས་པ། །གནོང་ཞིང་འགྱོད་པའི་སྒོ་ནས་མཐོལ་ལོ༴ སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ༴ གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ༴ ཐུགས་ཀྱི་དམ་ཚིག་ཉམས་པ༴ རྩ་བའི་དམ་ཚིག་ཉམས་པ༴ ཡན་ལག་དམ་ཚིག་ཉམས་པ་མཐོལ་ལོ༴ ཚོར་ཏེ་དམ་ཚིག་ཉམས་པ་མཐོལ་ལོ༴ མ་ཚོར་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཉམས་གྲིབ་དག་ཕྱིར་བཤགས་པ་འདི་བྱས་པས། །བླ་མ་མགོན་པོ་འཁོར་དང་བཅས་རྣམས་ཀྱིས། །ཕ་མ་བུ་ཚ་བཞིན་དུ་བཟོད་བཞེས་ལ། །དངོས་གྲུབ་ཐམས་ཅད་དུས་འདིར་སྩལ་དུ་གསོལ། །བཤགས་དང་བཤགས་པར་བྱ་བ་མ་དམིགས་ཀྱང༌། །རྣམ་པར་རྟོག་པའི་བག་ཆགས་དག་བྱའི་ཕྱིར། །རྗེ་བཙུན་དམ་པ་ཡུལ་གྱི་མཆོག་རྣམས་ལ། །རབ་ཏུ་བཤགས་པས་བདེ་ཆེན་ཐོབ་གྱུར་ཅིག །གསུམ་པ་གནད་དབབ་ནི། མགོན་པའི་དབུ་གཙུག་གི་དྲིན་ཅན་རྩ་བའི་བླ་མ་དེ་ཉིད༑ སྐུ་མདོག་དམར་པོ་གཡས་ཐོད་པའི་ཌཱ་མ་རུ་འཁྲོལ་ཞིང༌། གཡོན་བདུད་རྩིས་གང་བའི་ཐོད་པ་ཐུགས་ཀར་འཛིན་པ། བཟོད་པར་དཀའ་བའི་གཟི་བརྗིད་ཅན། སྒེག་ཅིང་ལང་ཚོ་ལ་བབ་པ། ཆགས་པའི་ཉམས་ཅན། སྤྱན་གཟིགས་པ་ཙམ་གྱིས་མཁའ་འགྲོ་དང་སྲིད་གསུམ་དབང་དུ་སྡུད་པ། སྐྱིལ་ཀྲུང་གིས་བཞུགས་པ། མགོན་པའི་དཔྲལ་བར་སིནྡྷུ་རའི་ཐིག་ལེ་གྲུ་གསུམ་གྱི་སྟེང་ན་ཡི་གེ་ཧྲཱིཿ དམར་པོ་འཕགས་པ་འཇིག་རྟེན་དབང་ཕྱུག་གི་ངོ་བོ་བཅུ་གསུམ་ཡོངས་སུ་གྱུར་པ་ལས། གསང་བའི་མཁའ་འགྲོ་མ་དམར་མོ་ལང་ཚོ་མ། ཞལ་གཅིག་ཕྱག་གཉིས་མ། གཡས་ཅང་ཏེའུ། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ། ཞབས་གཡས་བསྐུམས་གཡོན་བརྐྱངས་པའི་གར་སྟབས་ཅན། སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་ཤིང་གར་མཛད་པ་བཅུ་གསུམ་སྒྲོལ་མའི་ངོ་བོ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བདག་གིས་དབང་དུ་བསྡུས། དགོས་འདོད་ཐམས་ཅད་ཆར་བཞིན་དུ་བབས་པར་གྱུར། ༀ་བཛྲ་ན་ར་ཀྲ་ཀྲ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་བརྒྱ་རྩ་ལ་སོགས་པ་བཟླ། རང་གི་ཐུགས་ཀའི་ཧཱུྃ་ལས་སྔགས་ཀྱི་ཕྲེང་བ་རྣམས་ཁ་དོག་ནག་པོ་འོད་ཟེར་དམར་པོ་འཕྲོ་བ། ཕྲེང་རྡོག་ལྟར་གནས་པ་ལ། འོད་ཟེར་སྣ་ལྔ་ཕྲེང་ཐག་གི་ཚུལ་དུ་བརྒྱུས་པ། རང་གི་ཞལ་ནས་ཐོན། མགོན་པའི་ཞལ་དུ་ཞུགས་པ་མགོན་པའི་ཐུགས་ཀའི་ཧཱུྃ་ལ་ཐིམ། ཡང་ཧཱུྃ་ལས་བྱུང༌། མགོན་པའི་ལྟེ་བ་ནས་ཐོན། བདག་གི་ལྟེ་བར་ཞུགས། སྙིང་གའི་ཧཱུྃ་ལ་ཐིམ་པར་གྱུར། དེ་ལྟར་རྟག་ཏུ་འཁོར་ལོ་ལྟར་འཁོར་བར་བསམས་ལ། ༀ་བཛྲ་མ་ཧཱ་ཀཱ་ལ་ཀྵ་ཀྵེ་ཏྲ་བིགྷྣའན་བཱི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ། ཅེས་པ་དང༌། ཕཊ་གཉིས་དང༌། སྭཱ་ཧཱ་བསྣན་པ་ཡི་གེ་ཉེར་གཉིས་པ་ཡང་རུང་སྟེ། སྙིང་པོ་ཅི་འགྲུབ་བཟླས། དྲག་པའི་བཟླས་པའི་དམིགས་པ་གསལ་བཏབ་སྟེ། ༀ་ཤྲཱི་མ་ཧཱ་ཀཱ་ལ་ཤཱ་ས་ན། ཨུ་པ་ཧཱ་རི་ཎཱེ། ཨེ་ཥེ྅་པཉྩི་མ་ཀཱ་ལོ྅་ཡཾ་ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎི་ཡ་དི་པྲ་ཏིཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲིཧྞ་གྲིཧྞ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ། ཅེས་པ་ནི་དྲག་སྔགས་ཏེ། འབོད་རྦད་བསད་གསུམ་ཡང་འདི་ལ་ཚང་བར་བཞེད་དོ། །ༀ་ཤྲཱི་དེ་བཱི་ཧཱུྃ་ཕཊ། ལྷ་མའི་མཚན་སྔགས་སོ། །བྷྱོ་མ་མོ་ནག་མོ་བཻ་ཏཱ་ལི་སིནྡྷ་ཀུ་ལུ་ཀུ་ལུ་ཧཱུྃ་ཕཊ་སྭཱ་ཧཱ། ལྷ་མའི་སྙིང་པོའོ། །ༀ་ཀྵེ་ཏྲ་པཱ་ལ་བིགྷྣའན་ཧཱུྃ་ཕཊ། ༀ་ཛི་ན་མི་ཏྲ་བ་ཤཾ་ཀུ་རུ་ཧཱུྃ་ཕཊ། ༀ་ཊཱཀྐི་རཱ་ཛ་ས་མ་ཡཱ་བྷྱོཿ དུ་ཛ་ཧཱུྃ་ཕཊ། ༀ་དུ་ཡོག་ཛ་མ་ཧཱ་ཀཱ་ལ་ཏྲཀྴད་ཧཱུྃ་ཕཊ། ལས་མཁན་བཞིའི་སྙིང་པོའོ། །དེ་ལྟར་བཟླས་པ་ཅི་འགྲུབ་བྱས་ནས། མཐར་མགོན་པོ་འཁོར་དང་བཅས་པའི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་དམར་པོའི་འོད་ཀྱི་སྦུ་གུས་གཏོར་མ་དྲངས་ནས་གསོལ་བས་ཐུགས་རྒྱུད་ཟག་མེད་ཀྱི་བདེ་བས་ཚིམ་ནས་དགེས་པར་གྱུར། སྙིང་པའི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁ་ཧི། བཏགས་པའམ། ༀ་བཛྲ་མ་ཧཱ་ཀཱ་ལ་ཀྵ་ཀྵེ་ཏྲ་བིགྷྣའན་བཱི་ན་ཡ་ཀ་ཏྲཀ་རག་མོ་བ་ལིཾ་ཏ་མཱཾ་ས་རཀྟ་རུ་དྷི་རཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་བཞིན་དུ་འཁོར་རྣམས་ལ་སྙིང་པའི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བཏགས་ལ་ལན་གསུམ་གསུམ་གྱིས་ཕུལ། མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད། གོང་ལྟར་ནང་མཆོད་ཕུལ་ལ། ཧཱུྃ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞབས་གདུབ་དང་བཅས་བི་ནཱ་ཡ་ཀ་མནན། །ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །གཡས་པས་གྲི་གུག་བར་པས་ཕྲེང་བ་འཛིན། །ཐ་མས་ཌཱ་མ་རུ་ནི་དྲག་ཏུ་འཁྲོལ། །གཡོན་པས་ཐོད་པ་དང་ནི་མདུང་རྩེ་གསུམ། །དེ་བཞིན་ཞགས་པས་བཟུང་ནས་འཆིང་བར་བྱེད། །དྲག་པའི་ཞལ་གདངས་མཆེ་བ་རྣམ་པར་གཙིགས། །སྤྱན་གསུམ་དྲག་པའི་དབུ་སྐྲ་གྱེན་དུ་འབར། །དཔྲལ་བར་སིནྡྷུ་ར་ཡི་ཐིག་ལེས་བྱུགས། །སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་བརྟེན། །ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། །རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །ཤིང་ལས་བྱོན་ནས་གཏོར་མ་ལེན་མཛད་པའི། །དཔལ་ལྡན་ཕྱག་དྲུག་པ་ལ་ཕྱག་འཚལ་བསྟོད། །སངས་རྒྱས་བསྟན་པ་གཉན་པོ་བསྲུང་བ་དང༌། །དཀོན་མཆོག་དབུ་འཕང་གཉན་པོ་བསྟོད་པ་དང༌། །བདག་ཅག་དཔོན་སློབ་འཁོར་དང་བཅས་རྣམས་ཀྱི། །རྐྱེན་ངན་བར་ཆད་ཐམས་ཅད་ཞི་བ་དང༌། །ཅི་འདོད་དངོས་གྲུབ་མྱུར་དུ་སྩལ་དུ་གསོལ། །ལང་ཀ་པུ་རི་གསུམ་བསྲེགས་ཤིང༌། །སངས་རྒྱས་བསྟན་སྐྱོང་བདུད་དཔུང་འཇོམས། །ཞལ་གཅིག་ཕྱག་དྲུག་ནག་པོ་ཆེ། །འཇིགས་པའི་གཟུགས་ཅན་ཁྱོད་ལ་བསྟོད། །བྷྱོ། ཁྲག་མཚོ་ཆིལ་ཆིལ་ཁོལ་བའི་ཀློང་དཀྱིལ་ན། །ཚོ་ཆེན་དྲེའུའི་སྟེང་ན་གཟི་བརྗིད་འབར། །མཐིང་ནག་སྐུ་ལ་ཞལ་གཅིག་ཕྱག་གཉིས་མ། །བདུད་ཀྱི་ཁྲམ་ཤིང་ནད་ཀྱི་རྐྱལ་པ་བསྣམས། །སྐུ་ཡི་སྤྲུལ་པས་སངས་རྒྱས་བསྟན་པ་སྲུང༌། །གསུང་གི་སྤྲུལ་པས་ཁམས་གསུམ་གཡོ་བར་བྱེད། །ཐུགས་ནི་མི་འགྱུར་འགྲོ་བའི་དོན་མཛད་མ། །མ་གཅིག་རེ་མ་ཏི་ལ་ཕྱག་འཚལ་ལོ། །ཧཱུྃ། དཔལ་ལྡན་མགོན་པའི་ཕྱོགས་བཞིའི་བཀའ་ཉན་པ། །ཡེ་ཤེས་བཀའ་སྒྲུབ་ལས་ཀྱི་ཕོ་ཉ་མཛད། །མ་རུངས་ཀུན་འདུལ་སྤྲུལ་པ་སྣ་ཚོགས་འགྱེད། །ལས་བྱེད་ཕོ་ཉ་བཞི་ལ་བདག་ཅག་བསྟོད། །དབང་པོ་གཤིན་རྗེ་ཆུ་ལྷ་གནོད་སྦྱིན་དང༌། །མེ་ལྷ་སྲིན་པོ་རླུང་ལྷ་འབྱུང་པོ་དང༌། །སྟེང་གི་ཚངས་པ་ས་ཡི་ལྷ་མོ་སྟེ། །སྤྲུལ་པའི་ཕྱོགས་སྐྱོང་བཅུ་ལ་ཕྱག་འཚལ་བསྟོད། །དཔལ་མགོན་བདུན་ཅུ་རྩ་ལྔ་དང༌། །དམ་ཅན་རྒྱ་མཚོའི་དམག་ཚོགས་རྣམས། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །མི་མཐུན་རྐྱེན་དང་བར་ཆད་སོལ། །མཐུན་པའི་དངོས་གྲུབ་སྩོལ་བ་དང༌། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཐུན་གཏོར་ཡོད་ན་སྒྲོན་མེ་གཙུགས་ཏེ་ཁང་སྟེང་ལ་སོགས་པར་འབུལ་ཞིང༌། དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་དང༌། །མ་གཅིག་འདོད་ཁམས་དབང་ཕྱུག་རེ་མ་ཏི། །ལྕམ་དྲལ་ཁྱེད་ཀྱི་བཀའ་ལས་མི་འདའ་བའི། །ཀྵེ་ཏྲ་པཱ་ལ་ཛི་ན་མི་ཏྲ་དང༌། །ཊཱཀྐི་རཱ་ཛ་བདུད་མགོན་ཏྲཀྴད་སོགས། །དཔལ་ལྡན་ནག་པོ་ཆེན་པོ་འཁོར་བཅས་རྣམས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །འཛམ་བུ་དྭཱི་པའི་ཞལ་ཟས་འདི་བཞེས་ཤིག །ཛ་གད་དཔའ་བོའི་སྨན་ཕུད་འདི་བཞེས་ཤིག །སྔར་བཅོལ་ལས་ཀྱི་གཏོང་རག་གཉན་པོར་འབུལ། །ད་བཅོལ་ལས་ཀྱི་གསོལ་འདེབས་གཉན་པོར་བཞེས། །འཁོར་རྣམས་སྲུང་ཞིང་རྐྱེན་རྣམས་ཟློག་པ་དང༌། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །བསྟན་པ་རྒྱས་པའི་ལས་ནི་མྱུར་དུ་སྒྲུབས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཐུན་གཏོར་མེད་ན་རྒྱུན་གྱི་བསྙེན་པའི་སྐབས་སྤྱི་བསྟབ་འདི་བྱ་མི་དགོས་སོ། །ཡིག་བརྒྱ་མང་དུ་བཟླས། མ་འབྱོར་པ་དང་ཉམས་པ་དང༌། །ཞེས་སོགས་དང༌། མ་རྙེད་ཡོངས་སུ་མ་ཚང་དང༌། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་མིན་གང་བགྱིས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་གིས་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་སེལ་བར་ཤོག །ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། ། རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ གཏོར་མགྲོན་གྱི་ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་གི་སྙིང་གར་ཐིམ་པར་གྱུར། རྟེན་ཡོད་ན་བརྟན་བཞུགས་བྱ། སྨོན་ལམ་བཏབ། ཡོན་ཏན་རབ་རྫོགས་གངས་ཀྱི་རི་བོ་བཞིན། །བྱིན་རླབས་ཆུ་བོས་སྐལ་བཟང་ཚིམས་མཛད་ཅིང༌། །རང་སེམས་ལྷན་ཅིག་སྐྱེས་པ་སྟོན་མཛད་པའི། །ཆོས་རྗེ་བླ་མ་མཆོག་གི་བཀྲ་ཤིས་ཤོག །སྒྲུབ་པ་པོ་ལ་བུ་བཞིན་གཟིགས་མཛད་ཅིང༌། །མི་འབྲལ་ལུས་དང་གྲིབ་མ་ཇི་བཞིན་དུ། །དམ་ཚིག་ཅན་ལ་དངོས་གྲུབ་སྟེར་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག ༑དམ་ཅན་སྒྲུབ་པ་པོ་ཡི་རྗེས་འབྲངས་ཤིང༌། །ཞི་དང་རྒྱས་དང་དབང་དང་མངོན་སྤྱོད་སོགས། །སྣ་ཚོགས་ཕྲིན་ལས་ཚུལ་བཞིན་སྒྲུབ་མཛད་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །སྣང་སྲིད་རང་གྲོལ་སྒྱུ་མ་རྨི་ལམ་བཞིན། །བདེ་བ་ཆེན་པོ་རྒྱུན་ཆད་མེད་པའི་ཉམས། །ཡིད་ལ་བྱར་མེད་སྟོང་གསལ་ནམ་མཁའི་ངང༌། །བདེ་ཆེན་ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག །སྒྲུབ་པ་པོ་ལ་བརྟེན་ཅིང་མཆོད་པ་དང༌། །སྐུར་བ་འདེབས་པའི་སྐྱེ་འགྲོ་གང་ཡིན་པ། །ཐམས་ཅད་བྱང་ཆུབ་ལམ་ལ་འགོད་མཛད་པའི། །མཉམ་མེད་བྱང་ཆུབ་སེམས་ཀྱི་བཀྲ་ཤིས་ཤོག །འཁོར་བ་མྱ་ངན་འདས་པ་ཐམས་ཅད་ཀྱི། །བཀྲ་ཤིས་གོ་འཕང་ཇི་སྙེད་ཡོད་པ་རྣམས། །ཕུན་སུམ་ཚོགས་པ་ཆུ་བོའི་གཞུང་བཞིན་དུ། །སྐྱེ་འགྲོ་ཡོངས་ལ་རྟག་ཏུ་བཀྲ་ཤིས་ཤོག །བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །སྙན་གྲགས་ཆེན་པོས་ནམ་མཁའ་བཞིན་དུ་ཁྱབ། །ཚེ་རིང་ནད་མེད་གཞན་དོན་ལྷུན་གྱིས་གྲུབ། །ཡོན་ཏན་རྒྱ་མཚོ་མཆོག་གི་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་བཀའ་རྒྱ་མ་བརྗོད་དོ། །ཡང་དཔལ་ལྡན་ལྷ་མོ་ཕྱག་བཞི་མ་ལ་མོས་ན། ཕྱག་གཡས་ན་རལ་གྲི་སྡིག་པའི་ཡུ་བ་ཅན་དང་གྲི་གུག །གཡོན་ནལ་བུའི་རྒྱལ་མཚན་དང་ཐོད་རློན་འཛིན་པ། ཡང་ན་ཕྱག་གཉིས་མ་གཡས་རལ་གྲི་འབར་བ་དང༌། གཡོན་ཐོད་ཁྲག་འཛིན་པ། གཉིས་ཀ་ལ་ཡང་སྲིན་པོའི་ཡ་མགལ་སྒའི་སྔ་རུ་བྱས་པ་ཁྲྃ་བྃ་དང༌། མ་མགལ་ཕྱི་རུར་བྱེད་པ་ལ་ནད་རྐྱལ་བཏགས་པ། སྔགས་ཀྱང་ཕྱག་བཞི་མ་ལ། ༀ་མ་མ་སརྦ་ཙ་དུར་བྷཀྵ་ཛེཿ རེ་མ་ཏི་འུར་བ་འུར་བ། ས་མ་ཏྲི་ར་ཛ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཕྱག་གཉིས་མ་འདི་ལ་ཡང་གོང་དཀྱུས་ལྟར་གྱི་སྔགས་དང༌། ༀ་ཏྲག་རག་མོ་རཀྟ་རུ་དྷི་ར་ཧཱུྃ་ཕཊ། ཅེས་པ་དང༌། བསྟོད་པའི་སྐབས་སུ་ཡང་ཕྱག་གཉིས་མ་ལ། རལ་གྲི་འབར་བ་དང་ནི་ཐོད་ཁྲག་འཛིན། །ཞེས་པ་དང༌། ཕྱག་བཞི་མ་ལ་ནི། མཐིང་ནག་སྐུ་ལ་ཞལ་གཅིག་ཕྱག་བཞི་མ། །རལ་གྲི་གྲི་གུག་རྒྱལ་མཚན་ཐོད་རློན་འཛིན། །ཞེས་འདོན་པ་སྤོ། ལས་མཁན་རྣམས་ཀྱང༌། ཀྵེ་ཏྲ་པཱ་ལ་སྨུག་ནག་དང༌། ཛི་ན་མི་ཏྲ་ཅང་ཏེའུ་དང་ཐོད་ཁྲག་འཛིན་པ། ཊཱཀྐི་རཱ་ཛ་ཅང་ཏེའུ་དང་སྡིགས་མཛུབ་མཛད་པ་དང༌། བདུད་མགོན་ཕྱག་བཞི་པ། མདུང་དམར་བེང་ཆེན་ཐོ་བ་ཐོད་ཁྲག་རྣམས་འཛིན་པ་ལྟར་བྱས་ཀྱང་རུང༌། ཡང་ཛི་ན་མི་ཏྲ་གཡས་རྫས་ཀྱི་རྡོ་རྗེ་ཕ་ལམ་དང༌། གཡོན་གཅོད་པའི་འཁོར་ལོ་འཕེན་པའམ་ཌཱ་མ་རུ་དང་འཁོར་ལོ་འཛིན་པ། ཊཱཀྐི་རཱ་ཛ་སྤུ་གྲི་དང་ཐོད་སྙིང་འཛིན་པ་ལྟར་རམ། གཤིན་རྗེ་གྲི་ཐོད་འཛིན་པ་ལྟར་ཡང་རུང༌། ཡང་ཕྱག་མཚན་དཀྱུས་ལྟར་ལས། ཛི་ན་མི་ཏྲ་ལྗང་གུ་དང༌། ཊཱཀྐི་རཱ་ཛ་དམར་པོ་བྱས་པ་ཡང་ཡོད་དེ། དེ་དག་ཐམས་ཅད་གང་ལྟར་བྱས་ཀྱང་རུང་བའོ། །ལས་སྦྱོར་གྱི་ཚེ་ཞོན་པ་ཅན་དུ་བྱ་སྟེ། ངེས་པར་ལྷ་མོ་དང་བདུད་མགོན་ཕྱག་བཞི་པར་བྱ། ཛི་ན་མི་ཏྲ་སེང་གེ་དང༌། ཊཱཀྐི་རཱ་ཛ་སྟག་ལ་ཞོན་པ། ཕྱག་མཚན་སྔ་མ་ལྟར་རམ། སྤྱང་ཀི་ལ་ཆིབས་པ། ལྕགས་ཀྱུ་དང་ཞགས་པ་འཛིན་པར་བསྒོམས་ལ་གཏོར་མ་འབུལ་བ་ཡིན་ནོ། །འཁོར་རྣམས་རྒྱས་པར་བསྐྱེད་མ་ནུས་ན། གཙོ་བོའི་མངོན་རྟོགས་ཀྱི་རྗེས་སུ་འཁོར་རྣམས་ཀྱི་མཚན་ཙམ་བརྗོད་པའམ། དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར། དཔྲལ་བར་ༀ་ཞེས་པ་མན་ཆད་བྱ། གཏོར་ཆོག་འབྲིང་པོ་ནི། འཁོར་མི་བསྐྱེད་པར་གཙོ་རྐྱང་བསྐྱེད་ནས་སྤྱན་འདྲེན་པ་མན་ཆད་བྱ། མཆོད་པའི་ཚིགས་བཅད་རྣམས་ཀྱང་དོར་བས་འགྲུབ་ཅིང༌། བསྡུས་པ་ནི། དམ་ཚིག་པ་མི་བསྐྱེད་པར་ཡེ་ཤེས་པ་སྤྱན་འདྲེན་པ་ཡིན་ཏེ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ཤར་ལྷོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཞེས་སོགས་མན་ཆད་བྱ་སྟེ། འབྲིང་བསྡུས་གཉིས་ལ་གནད་གསུམ་གྱི་དམིགས་པ་བོར་ཏེ་གཏོར་མ་འབུལ་བ་སོགས་བྱའོ། །བསྙེན་པའི་དུས་མ་ཡིན་པ་རྒྱུན་གྱི་བཟླས་པའི་སྐབས་ཀྱང་ཕལ་ཆེར་ཕྱི་མ་འདི་ཉིད་གཙོ་བོར་བཟུང་ངོ༌། །བདག་བསྐྱེད་ནི། སྤྱིར་ཡི་དམ་གང་ལ་བརྟེན་ཀྱང་རུང་མོད་ཀྱི། གཙོ་བོར་ནི་བདེ་ཀྱེ་འཇིགས་བྱེད་རྟ་མགྲིན་རྣམས་གང་རུང་གཅིག་ལ་བརྟེན་ནས་མཛད་པར་སྣང་ངོ༌། །བདག་མདུན་དབྱེར་མེད་དུ་བྱེད་པ་དང་ཐ་དད་དུ་བྱེད་ཀྱང་མགོན་པོ་གཙོ་རྐྱང་གི་མངོན་རྟོགས་དེ་ཉིད་དམ། གསང་སྒྲུབ་རྒྱན་ཅན་ལ་བརྟེན་པ་སོགས་ཀྱང་མན་ངག་ཁུངས་མ་ལས་ཀྱང་འབྱུང་ཞིང༌། ལུང་རིག་དང་འགལ་བ་མེད་པའི་ཕྱིར་ཤིན་ཏུ་རུང་མོད་ཀྱི། འོན་ཀྱང་ལས་དང་པོ་བ་རྣམས་ཀྱིས་དཀྱུས་ལྟར་ཉམས་སུ་བླངས་ན་ཆོག་གོ །འདིར་སྨྲས་པ། དེ་ལྟར་བླ་མ་མགོན་པོ་དབྱེར་མེད་ཀྱི། །སྒྲུབ་ཐབས་མདོར་བསྡུས་ཙམ་ཞིག་བརྗོད་པ་འདི། །དམ་པ་སྔ་མ་རྣམས་ཀྱིས་ཡང་ནས་ཡང༌། །གསལ་བར་མཛད་མོད་གཞན་གྱིས་བསྐུལ་བའི་ངོར། །ཤིན་ཏུ་གསལ་ཞིང་རྒྱས་བསྡུས་སྐྱོན་བྲལ་བར། །གོ་བདེའི་ཚིག་གིས་བརྗོད་ན་བློ་དམན་ལ། །ཕན་པར་འགྱུར་བས་མོས་པ་སྣ་ཚོགས་དང༌། །མཚུངས་པའི་རིམ་པ་སོ་སོར་ཕྱེ་བ་ཡིན། །དགེ་དེས་བདག་ཅག་བྱང་ཆུབ་སྒྲུབ་པ་ལ། །བར་ཆད་ཀུན་ཞི་མཐུན་རྐྱེན་ཀུན་འགྲུབ་ནས། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །ད་ལྟ་ཉིད་དུ་ཐོབ་པའི་རྒྱུར་གྱུར་ཅིག །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །སྐད་ཅིག་ཙམ་གྱིས་ཚར་བཅད་དེ། །ཞི་རྒྱས་དབང་དང་དྲག་པོ་ཡི། །ཕྲིན་ལས་ཕྱོགས་བཅུར་སྤེལ་བར་ཤོག །ཅེས་པའང་མཆོག་ཏུ་གྱུར་པའི་དགེ་བའི་བཤེས་གཉེན་མང་པོས་བསྐུལ་བའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་ཉེར་བདུན་པ་ནག་པ་ཟླ་བའི་ཡར་ངའི་ཚེས་བརྒྱད་ལ་ལེགས་པར་སྦྱར་བའོ།། །།