DNZ-13-PA-001-001: Difference between revisions

From Damngak Dzö
DNZ-13-PA-001-001
No edit summary
No edit summary
 
(One intermediate revision by the same user not shown)
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=ཨཱ་ལི་ཀཱ་ལི་གསང་བ་བསམ་གྱིས་མི་ཁྱབ་པ་ཆུ་ཀླུང་ཆེན་པའི་རྒྱུད་ཀྱི་དུམ་བུ།
|fulltitle=A li kA li gsang ba bsam gyis mi khyab pa chu klung chen po'i rgyud kyi dum bu
|citation='jam dbyangs mkhyen brtse'i dbang po. ''A li kA li gsang ba bsam gyis mi khyab pa chu klung chen po'i rgyud kyi dum bu''. In ''Gdams ngag rin po che'i mdzod'', Vol. 13: 2-19. Kalimpong: Rigpe Dorje Publications, 2024.
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།
|collectiontitle=gdams ngag rin po che'i mdzod
|collectiontitle=gdams ngag rin po che'i mdzod
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།
|author='jam dbyangs mkhyen brtse'i dbang po
|totalvolumes=18
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
|author='jam mgon kong sprul
|compiler='jam mgon kong sprul
|authortib=འཇམ་མགོན་ཀོང་སྤྲུལ་
|tibgenre=Source Scriptures - gzhung
|citation=
|terma=No
|practicelineage=Shije & Chöd
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=13
|volumenumber=13
|volumeLetter=PA
|volnumtib=༡༣
|volyigtib=པ
|totalvolumes=18
|textnuminvol=001
|textnuminvol=001
|textsubnumber=001
|textsubnumber=001
|pdflink=File:DNZ-13-PA-001-001.pdf
|pagenumbers=2-19
|totalpages=18
|beginfolioline=1b1
|endfolioline=10a4
|totalfolios=10
|multivolumework=No
|rectonotes=rtsa ba
|versonotes=zhi byed skor
|colophontib=ཞེས་པའང་མང་དུ་ཐོས་པའི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ
|colophonwylie=zhes pa'ang mang du thos pa'i btsun pa 'jam dbyangs mkhyen brtse'i dbang pos bris pa dge
|pdflink=File:DNZ-13-PA-001.pdf
|InitCategories=Damngak Rinpoché Dzö; DNZ-Volume-13-PA; DNZ-13-PA-001
|InitCategories=Damngak Rinpoché Dzö; DNZ-Volume-13-PA; DNZ-13-PA-001
}}
}}

Latest revision as of 17:17, 5 June 2025

Wylie title A li kA li gsang ba bsam gyis mi khyab pa chu klung chen po'i rgyud kyi dum bu DNZ-13-PA-001.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 13, Text 1, Subtext 1, Pages 2-19 (Folios 1b1 to 10a4)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Citation 'jam dbyangs mkhyen brtse'i dbang po. A li kA li gsang ba bsam gyis mi khyab pa chu klung chen po'i rgyud kyi dum bu. In Gdams ngag rin po che'i mdzod, Vol. 13: 2-19. Kalimpong: Rigpe Dorje Publications, 2024.
Side notes Recto: rtsa ba   Verso: zhi byed skor
More details More details
Genre Source Scriptures - gzhung
Colophon

ཞེས་པའང་མང་དུ་ཐོས་པའི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ

zhes pa'ang mang du thos pa'i btsun pa 'jam dbyangs mkhyen brtse'i dbang pos bris pa dge

[edit]
༄༅། །ས དྡྷ རྨ དུཿ ཁ ཤ མ ཏི གྲ ནྠ གུ ཧྱ ཙི ནྟ ཏ ནྟྲ བ རྒྒཱ ར ཏྣ ག རྦྷ བི ཧ ར ཏི སྨ། །

༄༅། །དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་གཞུང་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་སྡེའི་དུམ་བུ་རིན་པོ་ཆེའི་སྙིང་པོ་བཞུགས་སོ། །

༄༅། །རྒྱ་གར་སྐད་དུ། ཨཱ་ལི་ཀཱ་ལི་གུ་ཧྱ་ཨ་ཙིནྟཱ་པ་ནི་མ་ཧཱ་ཏནྟྲ་ཁཎྜ་ནཱ་མ། བོད་སྐད་དུ། ཨཱ་ལི་ཀཱ་ལི་གསང་བ་བསམ་གྱིས་མི་ཁྱབ་པ་ཆུ་ཀླུང་ཆེན་པའི་རྒྱུད་ཀྱི་དུམ་བུ་ཞེས་བྱ་བ། བཅོམ་ལྡན་འདས་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ། །རྒྱུད་ཀྱི་རྒྱལ་པོ། ལུང་གི་ཕྱི་མོ། གསང་བའི་སྤྱི་མཛོད། མན་ངག་གི་ལྡེའུ་མིག །སྒྲུབ་ཐབས་ཀྱི་རྩ་བ། དྲི་མེད་བདུད་རྩིའི་ཐིགས་པ་ལྟ་བུའི་ཨཱ་ལི་ཀཱ་ལི་གསང་བ་བསམ་གྱིས་མི་ཁྱབ་པ་ཆུ་ཀླུང་ཆེན་པོའི་རྒྱུད་ལེའུ་ཉི་ཤུ་རྩ་བཞི་པ་ལས། ཉམས་སུ་བླངས་པའི་ལམ་ལྔ་བསྟན་པའི་ལེའུ་ཟུར་དུ་ཕྱུང་བ་འདི་ལ་དོན་རྣམ་པ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། ལེའུའི་སྐབས་བསྡུ་བའོ། །དང་པོ་ལ་གཉིས་ཏེ། འཁོར་གྱིས་ཞུས་པ་དང༌། དེ་ནས་འདུས་པའི་འཁོར་གྱིས་ལམ་ཉམས་སུ་བླང་བར་བྱ་བ་དུང་ཤུལ་ལྟ་བུའི་ལམ་དེ་གང་ལགས། ཞེས་གསོལ་པ་དང༌། སྟོན་པས་ལན་གསུངས་པའོ། །བཅོམ་ལྡན་འདས་རྣམས་ཀྱིས་འདུས་པའི་འཁོར་རྣམས་ལ་བཀའ་སྩལ་པ། གསང་སྔགས་ཟབ་མོ་བདེ་བའི་ལམ་རྙེད་ནས། །སྡུག་བསྔལ་ལམ་ལ་མངོན་པར་དད་པ་སྤོངས། །ལམ་རབ་ཟབ་མོ་བླ་མའི་ལམ་རྙེད་ནས། །བདེ་བའི་ལམ་ལ་ཆགས་དང་འཛིན་པ་སྤོངས། །རང་སེམས་བླ་མར་རྟོགས་པའི་ལམ་རྙེད་ནས། །འབད་དང་རྩོལ་བ་ཐམས་ཅད་སྤང་བར་བྱ། །ཞེས་བཀའ་སྩལ་པ་དང༌། གཉིས་པ་ལ་གཉིས། སླར་ཡང་འཁོར་གྱིས་དྲིས་པ་དང༌། ཡང་རྗེ་བཙུན་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་སྟོན་པ་བཅོམ་ལྡན་འདས། གསང་སྔགས་ཟབ་མའི་ལམ་ནི་གང་ལགས། ལམ་རབ་བླ་མའི་ལམ་ནི་གང་ལགས། རྟོགས་པ་དོན་གྱི་ལམ་ནི་གང་ལགས། ཞེས་ཞུས་པ་དང༌། དེ་ལ་སྟོན་པས་ལན་རྒྱས་པར་གསུངས་པའོ། །འདི་ལ་གསུམ། དབང་པོ་ཐ་མ་དབང་བཞིས་ལམ་བགྲོད་པ་གསང་སྔགས་ཟབ་མོའི་ལམ། དབང་པོ་འབྲིང་པོ་མོས་གུས་ཀྱིས་ལམ་ལྔ་བགྲོད་པ། ལམ་རབ་བླ་མའི་ལམ། དབང་པོ་རབ་གཉུག་མ་ཕྱག་རྒྱ་ཆེན་པོས་འབྲས་བུ་ལ་སྦྱོར་བ་རྟོགས་པ་དོན་གྱི་ལམ་མོ། །དང་པོ་ལ་གསུམ། སྔོན་འགྲོ། དངོས་གཞི། ལམ་གྱི་ཡན་ལག་གོ །སྔོན་འགྲོ་ལ་གཉིས། སྤྱིའི་སྔོན་འགྲོ་དང༌། བཀའ་སྩལ་པ། སྐྱེས་བུ་དམ་པ་ཁྱེད་རྣམས་ང་ལ་ཉོན། ༈ །བླ་མ་མཉེས་ཤིང་རང་གི་རྒྱུད་སྨིན་ནས། །བྱེ་བྲག་གི་སྔོན་འགྲོའོ། །དབེན་པའི་གནས་སུ་ལུས་ངག་བྱ་བ་བསྐྱུང་། །བདེ་བའི་སྟན་ལ་སེམས་བསྐྱེད་བྱས་ནས་ནི། །བླ་མ་རྣམས་དང་དཀོན་མཆོག་མཆོད་པའི་རྗེས། །དངོས་གཞི་ལ་བཞི། བུམ་དབང་བསྐྱེད་རིམ་གྱི་ལམ། ལྷ་ཡི་འཁོར་ལོ་རྒྱས་བསྡུས་རྫོགས་པར་བསྒོམ། །མཆོད་དང་བསྟོད་དང་བཟླས་པ་ཚར་བ་དང༌། །གསང་དབང་རླུང་དང་གཏུམ་མོའི་ལམ། ལུས་ཀྱི་རྩ་གསུམ་འཁོར་ལོ་རྣམ་པ་བཞི། །རླུང་གིས་སྦར་ལ་གཏུམ་མོའི་མེ་ཡིས་བསྲོ། །ཁམས་ལྔའི་དྭངས་མ་དབུ་མའི་ནང་དུ་བླུགས། །ཤེས་རབ་ཡེ་ཤེས་མགྱོགས་བྱེད་ཕོ་ཉའི་ལམ། །མཚན་ལྡན་ལས་ཀྱི་ཕྱག་རྒྱ་རྙེད་ན་ཡང༌། །བདེ་བའི་འཁོར་ལོས་ཉོན་མོངས་ལམ་དུ་གཞུག །བཞི་པ་ཕྱག་རྒྱ་ཆེན་པོའི་ལམ། དོན་དམ་བྱང་ཆུབ་སེམས་དཔའ་དེ་ལྟ་ཞིང༌། །ངང་དུ་ཀློད་ལ་རྟོག་པའི་རྩ་གདར་བཅད། །ལམ་གྱི་ཡན་ལག་ལ་དྲུག །སྒྱུ་ལུས། སྒྱུ་མའི་ལུས་བསྒོམ་ འཕོ་བ། རླུང་ལམ་འཕོ་བ་སྦྱངས། །གྲོང་འཇུག །རྣམ་ཤེས་གྲོང་འཇུག་འོད་གསལ། འོད་གསལ་བཟུང་བ་དང༌། །རྨི་ལམ། རྨི་ལམ་གདམས་པ་བར་དའི་གདམས་པའོ། །བར་དོའི་གྲོང་ཁྱེར་གཞོམ། །ཞར་བྱུང་དེ་དག་ཐམས་ཅད་ལ་ཁྱབ་བྱེད་བླ་མའི་རྣལ་འབྱོར། འདི་དག་ཀུན་ལ་བླ་མའི་རྣལ་འབྱོར་ཤིས། ༈ །གཉིས་པ་དབང་པོ་འབྲིང་པོའི་ལམ་ལ་གསུམ། བྱ་བ་གཞི། བྱེད་པ་རྐྱེན། བྱ་བྲལ་འབྲས་བུའི་རྣལ་འབྱོར་རོ། །དང་པོ་ལ་གཉིས། དབང་བསྐུར་བ་སྔོན་དུ་འགྲོ་བས་རྟེན་སྡོམ་པ་གསུམ་ལྡན་དུ་བྱ་བ་དང༌། ལམ་རབ་ཟབ་མོ་བླ་མའི་ལམ་ཞུགས་ནས། །དྲིན་ཅན་མཉེས་བྱས་བླ་མའི་བཀའ་དྲིན་ཞུ། །རྣལ་འབྱོར་གྱི་རང་ས་དྲུག་ གསོལ་བ་ལྷ་ལ་མི་གདབ། དངོས་གྲུབ་འདྲེ་ལ་མི་ཞུ། ཕོ་སྒོ་ཚེ་འདིར་མི་འབྱུང༌། སྣ་དག་མི་ལ་མི་གཏད། གསང་བ་མཆུ་སྒོར་མི་འདོན། གོས་ངན་རྒྱལ་མཚན་རྩེ་ལ་མི་ཕྱར་བའོ། །མ་ཉམས་པར་བསྲུང་བའོ། །དབེན་པའི་གནས་སུ་ཐུན་བཞིའི་རྣལ་འབྱོར་བྱ། །གཉིས་པ་ལ་གཉིས། ལམ་གྱི་ཆིངས་སྤྱིར་བསྟན་པ་དང༌༑ རྗེས་གནང་ལུང་གི་ཁྱད་པར་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ལ་སྤྱིར་ལྔ། ཚོགས་ལམ་བློ་སྦྱོང༌། སྦྱོར་ལམ་དཀའ་ཐུབ། མཐོང་ལམ་རྗེས་བཅད། སྒོམ་ལམ་རོ་སྙོམས། ཐར་ལམ་བྱ་བྲལ་ལོ། །དེ་ཐམས་ཅད་ལམ་གྱི་ཆིངས་གསུམ་གྱིས་བསྡུས་ཏེ། སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད། དངོས་གཞི་རྒྱུད་ལ་བསྐུར་ལུགས། རྗེས་ལམ་གྱི་ཚར་ཚད་བསླབ་བྱ་དང་བཅས་པའོ། །དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་མཆོད་བསྔོ་སྨོན་ལམ་གདབ། །གཉིས་པ་ལ་གསུམ། གྲགས་པ་སྒྲའི་བརྗོད་ཚུལ་ཡི་གེའི་ལམ་ཁྱེར། ཨཀྵ་སྔགས་ཀྱི་འཁོར་ལོས་སྣང་གྲགས་དྲན། །རྒྱལ་བའི་ཞིང་ཁམས་སྦྱང་ཞིང་རང་ལ་བསྟིམ། །དབང་བཞིའི་དམིགས་པའི་ཁྱད་པར་འཁོར་ལོ་བཞི་བསྒོམས་པས། གནས་བཞིའི་ཡི་གེ་རིམ་པར་གསལ་གདབ་ལ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྒྲུབ། །རྩ་བ་ངོ་སྤྲོད་ཀྱི་ཁྱད་པར་མཉམ་རྗེས་ཀྱི་ལག་ལེན། སེམས་ལ་བལྟ་ཞིང་ལྟ་སྟངས་བསྒྱུར་ནས་ཀྱང༌། །རྟོག་པའི་རྩད་བཅད་སེམས་ཀྱི་ངོ་བོ་བལྟ། །གསུམ་པ་རྗེས་ཀྱི་ཚར་ཚད་བསླབ་བྱ་དང་བཅས་པ་ནི་ཁྲིད་ཡིག་སོགས་ལས་ཤེས། རྩ་བའི་ས་བཅད་གཉིས་པ། རྗེས་གནང་ལུང་གི་ཁྱད་པར་བླ་མའི་ཐུགས་དམ་བསྐུལ་ལུགས་བྱེ་བྲག་ཏུ་སྟོན་པ་ལ་བཅུ། རྩ་བ་དབང་བཞི་ལམ་ཁྱེར་གྱི་བསྙེན་པ། གསང་བའི་སྙིང་པོ་བླ་མ་སྒྲུབ་པའི་སྔགས། །ས་ཡ་གཅིག་གིས་རིག་འཛིན་གནས་སུ་སྐྱོལ། །ༀ་ཨཱཿ ཧཱུྃ་ཧྲཱིཿ དབང་བཞི་ལམ་ཁྱེར་མཆོག་གི་སྙིང་པོ་འདི། །ཆོས་རྒྱལ་འཁོར་ལོ་བསྐོར་བའི་སྔགས་ཡིན་པས། །སྔགས་རྣམས་ཀུན་གྱི་དབུ་དང་ཞབས་སུ་དབང༌། །ཕྱག་རྒྱ་བཞི་ཡི་ཡོན་ཏན་ཐམས་ཅད་བསྐྱེད། །ཚོགས་ལམ་གྱི་བསྙེན་པ། གུ་རུ་སི་ཏི་ཞེས་པའི་ཡིག་འབྲུ་བཞི། །ཚོགས་ལམ་གཅོད་པ་བསྙེན་པའི་སྙིང་པོ་འདི། །བཙུན་མོ་རིན་ཆེན་ཕྲེང་བའི་སྔགས་ཡིན་པས། །བླ་མའི་ཐུགས་དགོངས་རྒྱ་མཚོའི་ཆུ་ལ་འཐུང༌། །སྦྱོར་ལམ་གྱི་བསྙེན་པ། སི་ཏི་ཕ་ལ་ཞེས་པའི་ཡིག་འབྲུ་བཞི། །སྦྱོར་ལམ་གཅོད་པ་ཉེ་བའི་སྙིང་པོ་འདི། །དྲང་སྲོང་མཆོད་སྡོང་སྒྲུབ་པའི་སྔགས་ཡིན་པས། །ལམ་གྱི་རྟགས་དང་ཡོན་ཏན་དཔག་མེད་འཕེལ། །མཐོང་ལམ་གྱི་བསྙེན་པ། ཛི་ན་མི་ཏྲ་ཞེས་པའི་ཡིག་འབྲུ་བཞི། །མཐོང་ལམ་གཅོད་པ་སྒྲུབ་པའི་སྙིང་པོ་འདི། །བྲམ་ཟེ་གཙང་མ་ཁྲུས་ཀྱི་སྔགས་ཡིན་པས། །བློ་མཐར་དྲི་མ་ལྡན་པའི་རྙོགས་པ་སྤངས། །སྒོམ་ལམ་གྱི་བསྙེན་པ། པྲ་མ་ན་ཡེ་ཞེས་པའི་ཡིག་འབྲུ་བཞི། །སྒོམ་ལམ་གཅོད་པ་སྒྲུབ་པ་ཆེན་པོའི་སྔགས། །ཁྱིམ་བདག་མཆོད་སྦྱིན་བྱེད་པའི་སྙིང་པོ་འདིས། །རོ་མཉམ་ཆེན་པོ་རྟེན་པའི་རྟོག་པ་སྤངས། །ཐར་ལམ་གྱི་བསྙེན་པ། བྷུ་ཧུ་ཀུ་རུ་ཞེས་པའི་ཡིག་འབྲུ་བཞི། །ཐར་ལམ་གཅོད་པ་སྦྱོར་བའི་སྙིང་པོ་འདི། །དེད་དཔོན་ནོར་བུ་ལེན་པའི་སྔགས་ཡིན་པས། །རང་གཞན་ཐམས་ཅད་མྱུར་དུ་འཚོ་བར་བྱེད། །སྤོག་ཆོག་གི་བསྙེན་པ། ཧྱ་བ་ཏད་ཏེ་ཞེས་པའི་ཡིག་འབྲུ་བཞི། །བསྙེན་སྒྲུབ་ལས་སྦྱོར་སྤོག་ཆོག་སྙིང་པོ་འདི། །ཨུ་པ་དེ་ཤ་གསལ་བྱེད་སྔགས་ཡིན་པས། །རིག་པ་དྭངས་པའི་རྟེན་འབྲེལ་ཐམས་ཅད་འཆར། །བོགས་འདོན་གྱི་བསྙེན་པ། ཨེ་ཝྃ་མ་ཡ་ཞེས་པའི་ཡིག་འབྲུ་བཞི། །ཤེས་རབ་བསྐྱེད་པ་སྒོ་བཞིའི་སྙིང་པོ་འདི། །རྒྱལ་ཆེན་བཞི་དང་གླིང་བཞིའི་སྔགས་ཡིན་པས། །དཔལ་གྱི་བེའུའི་གསང་མཛོད་བརྡོལ་བར་བྱེད། །གེགས་སེལ་གྱི་བསྙེན་པ། མྃ་ཁ་ལ་ཝོ་ཞེས་པའི་ཡིག་འབྲུ་བཞི། །ཐབས་ཀྱི་སྒོ་འདྲེན་སྒྲུབ་པའི་སྔགས་ཡིན་པས། །མཚམས་ཀྱི་གྲུ་འདོན་ལམ་ལྔའི་བར་ཆད་སེལ། །འདོད་པའི་དོན་རྣམས་འགྲུབ་པའི་སྙིང་པོ་ཡིན། །རྟེན་འབྲེལ་གྱི་བསྙེན་པའོ། །པ་ཙ་ན་པི་ཀ་ར་ཡིག་འབྲུ་དྲུག །ལམ་གྱི་སྲོག་འཛིན་རྟེན་འབྲེལ་སྒྲུབ་པའི་གཞི། །ས་ཡི་ལྷ་མོ་བརྟན་མའི་སྔགས་ཡིན་པས། །སྒྲུབ་པའི་གདན་ས་བཟང་པོ་ནོན་པར་བྱེད། །གསུམ་པ་བྱ་བྲལ་འབྲས་བུའི་རྣལ་འབྱོར་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྐུ་བཞི་ཕྲིན་ལས་དང་བཅས་པ་སྟེ་ཤུགས་ལས་བསྟན་ཏོ། ༈ །གསུམ་པ་དབང་པོ་རབ་རྟོགས་པ་དོན་གྱི་ལམ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། གང་གིས་སྒྲུབ་པའི་རྟེན་དང༌། བསོད་ནམས་བསགས་པའི་མི་མཆོག་དད་པ་ཅན། །གང་བསྒྲུབ་པའི་ལམ་མོ། །འདི་ལ་བཞི། ངེས་འབྱུང་དང༌། སྐྱོ་བའི་སེམས་ཀྱིས་བརྩོན་པའི་ལམ་ལ་ཞུགས། །མོས་གུས་དང༌། མོས་པའི་བྱིན་རླབས་སངས་རྒྱས་དངོས་དང་མཇལ། །བྱང་སེམས་དང༌། བྱང་སེམས་བརྟན་པོས་འགྲོ་བའི་སྡུག་བསྔལ་སེལ། །དམ་ཚིག་གི་ལམ་མོ། །ངེས་པའི་བློ་ལྡན་བླ་མའི་གསུང་བཞིན་བསྒྲུབ། །གཉིས་པ་དངོས་གཞི་ལ་བཞི། ཤེས་རབ་ལྟ་བས་ཐག་བཅད་པ། རྩ་བའི་ཤེས་རབ་རང་གི་སེམས་ལ་བལྟ། །ཐབས་བསྒོམ་པས་ཉམས་སུ་བླང་བ། ཐེ་ཚོམ་བྲལ་བའི་རྟོགས་པ་གོང་དུ་སྤོར། །གེགས་སེལ་དང་བོགས་སྤྱོད་པས་འདོན་པའོ། །སངས་རྒྱས་གཉིས་པ་ཡིན་པར་ངས་ལུང་སྟོན། །ཚེ་གཅིག་གི་འབྲས་བུ་འགྲུབ་ཚུལ་ལོ། །ངོ་བོ་ཤེས་རབ་རྟོགས་པའི་ལམ་པོ་ཆེ། །གསུམ་པ་ལ་གཉིས། ལམ་གྱི་ཚར་ཚད་བསྟན་པ་དང༌། མ་འགགས་རྟོགས་དང་ཡོན་ཏན་བགྲོད་པའི་ཤུལ། །དེ་ལ་བསྔགས་པ་བརྗོད་པས་མཇུག་བསྡུ་བའོ། །སྔགས་ཀྱི་ཁྱད་ཆོས་གསེབ་ལམ་ངོ་མཚར་ཅན། །ལམ་ཟབ་བླ་མའི་ཁྱད་ཆོས་མ་ནོར་བས། །ཕྱི་རབས་རྣམས་ལ་ཕན་པར་ངས་ལུང་སྟོན། །ཞེས་གསུངས་ནས་གསང་བའི་བདག་པོ་ལ་གཟིགས་སོ། །གསུམ་པ་ལེའུའི་སྐབས་བསྡུ་བ་ནི། ཨཱ་ལི་ཀཱ་ལི་གསང་བ་བསམ་གྱིས་མི་ཁྱབ་པ་ཆུ་ཀླུང་ཆེན་པའི་རྒྱུད་ལས། ཉམས་སུ་བླངས་པའི་ལམ་ལྔ་བསྟན་པའི་ལེའུ་སྟེ་བཅུ་པའོ། ༈ །ལེའུ་བཅུ་བདུན་པ་དབང་དང་དམ་ཚིག་གི་ལེའུ་འདི་ལ་གསུམ། ཞུས་པ་དང༌། ལན་དང༌། ལེའུའི་སྐབས་བསྡུ་བའོ། །དང་པོ་ནི། དེ་ནས་གསང་བའི་བདག་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལས་དང་སྐལ་པར་ལྡན་པ་རྣམས་ཀྱིས་རྒྱུད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། དཀྱིལ་འཁོར་ཆོ་ག་དང་དམ་ཚིག་སྲུང་མཚམས་རྒྱས་པར་བཤད་དུ་གསོལ། པ་དང༌། གཉིས་པ་ལ་གཉིས། གླེང་གཞིས་མཚམས་སྦྱར་བ་དང༌། བྱ་ངང་པའི་སྟབས་ཀྱིས་བཞུད་དེ། རྒྱ་མཚོ་ཆེན་པའི་འགྲམ་དུ་བར་སྣང་ལ་སྐྱིལ་ཀྲུང་མཛད་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ལན་དངོས་སོ། །འདི་ལ་བཞི། གསང་སྔགས་ཐུན་མོང་བའི་དབང་བསྐུར་ལུགས་བསྟན་པ་དང༌། ཤིན་ཏུ་གསང་བའི་འཁོར་རྣམས་ང་ལ་ཉོན། །ཕྱི་རབས་སྐལ་ལྡན་རིམ་གྱིས་སྨིན་བྱའི་ཕྱིར། །དཀྱིལ་འཁོར་དོན་གྱི་གླེགས་བམ་དབང་གསུམ་བཤད། །སྣོད་བཅུད་ལྡན་པའི་དཔོན་སློབ་ཚོགས་པ་དང༌། །གཞུང་དང་མཐུན་པའི་གནས་སུ་ཡོ་བྱད་བསགས། །བསྙེན་པ་ཐེམ་ནས་དུས་བཟང་སྔ་དྲོ་ལ། །ས་ཆོག་ཐིག་ཚོན་དང་ནི་སྟ་གོན་བྱ། །ཕྱི་ནས་གསོལ་བ་གདབ་ཅིང་བར་ཆད་དྲི། །སྤྲོ་བ་བསྐྱེད་ལ་སློབ་མ་ནང་དུ་གཞུག །ནང་པར་དཀྱིལ་འཁོར་བྲི་བའི་རིམ་པ་ཡང༌། །བྱ་བའི་རྒྱུད་ལ་ཕོ་བྲང་པདྨ་སྟེ། །སྤྱོད་པའི་རྒྱུད་ལ་འཁོར་ལོ་འབར་བ་ཡིན། །རྣལ་འབྱོར་རྒྱུད་ལ་ཕོ་བྲང་ལིང་ཚེར་བྱས། །ཆོས་འབྱུང་ཆེ་ཆུང་རྣལ་འབྱོར་ཆེན་པོའི་རྒྱུད། །གྲུ་ཆད་ཕྱིན་ཆད་དབྱེར་མེད་མཛེས་པར་བྲི། །མཚན་ལྡན་བུམ་པ་དཀྱིལ་འཁོར་དབུས་སུ་དགོད། །དཀྱིལ་འཁོར་རྫས་དང་མཆོད་ཚོགས་བཟང་པོ་བཤམས། །བདུན་པོ་རྣམ་པར་དག་པ་བྱས་ནས་སུ། །ལྟ་སྟངས་བྱ་ཞིང་སྲུང་བའི་འཁོར་ལོ་བསྒོམ། །དཀྱིལ་འཁོར་གང་ཡིན་ལྷ་དེ་སྤྱན་དྲངས་ལ། །མཆོད་ཅིང་བསྟོད་ལ་རྡོ་རྗེའི་བཟླས་པ་བྱ། །ཡེ་ཤེས་སེམས་དཔའ་ཕབ་ལ་བྱིན་གྱིས་བརླབ། །སློབ་མས་ཡོན་ཕུལ་དེ་ནས་གསོལ་བ་གདབ། །དཀྱིལ་འཁོར་ཤར་དུ་བུམ་པའི་དབང་བདུན་བསྐུར། །ཏིང་འཛིན་སྔགས་དང་ཆོ་ག་ཅི་རིགས་ཡིན། །དཀྱིལ་འཁོར་ལྷོ་རུ་གསང་བའི་དབང་གཅིག་བསྐུར། །དངོས་དང་དངོས་མིན་ཏིང་འཛིན་གང་མོས་ཡིན༑ ༑དཀྱིལ་འཁོར་ནུབ་ཏུ་གསང་བའི་དབང་གཅིག་བསྐུར། །ཏིང་འཛིན་བརྡ་དང་རྫས་དབང་གང་འཛོམ་ཡིན། །དཀྱིལ་འཁོར་བྱང་དུ་བཞི་པའི་དབང་གཉིས་བསྐུར། །འདི་ཡི་ངོ་སྤྲོད་རྗེས་དང་རང་ཁ་གཉིས། །བརྡ་དབང་རྗེས་དང་ཁྱད་པར་བ་དག་གསུམ། །བཀྲ་ཤིས་བརྗོད་ཅིང་དབང་བཞི་རྫོགས་པ་དང༌། །དཔའ་བོ་མཁའ་འགྲོ་ཚོགས་ཀྱིས་མཉེས་པར་བྱ། །ཆོས་སྐྱོང་ཞིང་སྐྱོང་རྣམས་ལ་གཏོར་མ་འབུལ། །ལྷག་མས་འབྱུང་པོ་རྣམས་དང་བྲན་རྣམས་མཆོད། །དཀྱིལ་འཁོར་བསྡུས་ལ་བསྔོ་བ་སྨོན་ལམ་གདབ། །ལྷ་དང་བླ་མ་གཉིས་སུ་མེད་པའི་ཕྱིར། །གསང་བའི་སྙིང་པོ་གཅིག་གིས་དོན་རྣམས་འགྲུབ། ༈ །ཁྱད་པར་འཕགས་པའི་དབང་བསྐུར་ལུགས་བསྟན་པ་དང༌། ༀ་ཨཱཿ ཧྲཱིཿ ཧཱུྃ། མཆོག་གི་དབང་བསྐུར་བྱིན་རླབས་ཁྱད་པར་ཅན། །ཆོས་དབང་སེམས་ལ་བསྐུར་བའི་ཆོ་ག་ཡང༌། །དབེན་པའི་གནས་སུ་བརྐྱང་ནུལ་བྱས་ནས་ཀྱང༌། །དུར་ཁྲོད་ས་གཞིའི་སྟེང་དུ་གླེགས་བམ་བཤམ། །རི་མོ་གཟུགས་ཀྱི་ཨཱ་ལི་ཀཱ་ལི་བྲི། །མཚན་ལྡན་བྷནྡྷ་བདུད་རྩིས་བཀང་ནས་ཀྱང༌། །གླེགས་བམ་དབུས་སུ་བྱིན་གྱིས་བརླབས་ལ་བཀོད། །ལྔ་བཅུ་ཐམ་པ་རྩ་བའི་ཡི་གེ་རྣམས། །རིན་ཆེན་འབར་བའི་གདན་ལ་རིམ་པས་བཀོད། །དུར་ཁྲོད་རྫས་དང་མཆོད་པའི་རྫས་རྣམས་ཀུན། །ཐ་དད་མེད་པ་ཐ་མ་བསྐོར་ནས་ཀྱང༌། །ཚོགས་དང་གཏོར་མ་བཟང་པོ་བཤམ་པར་བྱ། །དེ་ནས་ཕྱོགས་བཅུའི་སངས་རྒྱས་འཁོར་དང་བཅས། །བརྒྱུད་པའི་བླ་མ་བཅས་པ་གདན་དྲངས་ལ། །ལྷ་དང་གཉིས་སུ་མེད་པའི་མོས་པ་ཡིས། །མཆོད་དང་བསྟོད་པ་རྒྱས་བསྡུས་ཅི་རིགས་བྱ། །ཚོགས་དང་གཏོར་མའི་བྱིན་རླབས་བྱས་ནས་སུ༑ ༑རྡོ་རྗེ་བཟླས་པ་ལམ་ལྔའི་བསྙེན་པ་ཕུལ། །དེ་ནས་སློབ་མས་དགའ་ཞིང་གུས་པའི་བློས། །གསེར་གཡུ་རྟ་དང་གླང་པོ་ལ་སོགས་ཕུལ། །རིན་ཆེན་མཛེས་པའི་མཎྜལ་ཕྱིས་ནས་ནི། །ཕྱག་འཚལ་མེ་ཏོག་དོར་ཞིང་གསོལ་བ་གདབ། །བླ་མས་ཆོས་བཤད་སློབ་མའི་སྤྲོ་བ་བསྐྱེད། །བརྒྱུད་པའི་བཤར་གདབ་སྐྱབས་འགྲོ་སེམས་བསྐྱེད་བྱ། །དོན་དམ་སྤྲོས་བྲལ་ལྷན་ཅིག་སྐྱེས་པའི་དོན། །དབང་བཞི་རྫོགས་པ་ཨཱ་ལི་ཀཱ་ལིའི་གནད། །རིན་ཆེན་གླེགས་བམ་བུམ་པའི་དབང་བཞི་བསྐུར། །བརྟན་པར་བྱེད་པ་ལུས་ཀྱི་དྲི་མ་བཀྲུ། །ཐོད་པའི་བདུད་རྩིས་གསང་བའི་དབང་བཞི་བསྐུར། །བརྟན་པར་བྱེད་པ་རྒྱལ་བའི་ཐུགས་དམ་བསྐང༌། །ངོ་སྤྲོད་ཟབ་མོས་གསུམ་པའི་དབང་བཞི་བསྐུར། །བརྟན་པར་བྱེད་པ་བར་ལ་གོ་བ་བླངས། །སྔགས་ཀྱིས་ལུང་ནོད་ཚིག་གིས་དབང་བཞི་བསྐུར། །བརྟན་པར་བྱེད་པ་བླ་མ་རང་ལ་བསྟིམ། །འཇུག་པའི་བསྲུང་བྱ་དོན་གྱི་གདམས་པ་གསུམ། །རྣལ་འབྱོར་རང་ས་གསུམ་པོ་བསྲུང་དུ་གཞུག །དྲིན་ཕྱག་བླངས་ལ་ཚོགས་ཀྱི་འཁོར་ལོ་བསྐོར། །བཀའ་སྲུང་མཉེས་པར་བྱ་ཕྱིར་གཏོར་མ་འབུལ། །ལྷག་མ་རྣམས་ཀྱིས་འབྱུང་པོ་ཚིམ་པར་བྱ། །བཀྲ་ཤིས་བསྔོ་བ་སྨོན་ལམ་བཏབ་ནས་ཀྱང༌། །ཚེ་འདི་བློས་བཏང་བླ་མའི་ཐད་དུ་འཁོར། ༈ །རྩ་བ་རིག་པའི་དབང་བསྐུར་ལུགས་བསྟན་པ་དང༌། སྟོན་པའི་ཞབས་ལ་བཏུད་ཅིང་གསོལ་བ་འདེབས། །ས་ཆོག་ལ་སོགས་སྔོན་འགྲོའི་ཆོ་ག་ཡིན། །བླ་མའི་དྲིན་གྱིས་ངོ་སྤྲོད་གནད་དུ་ཕོག །སྣང་བ་འགྱུར་ཞིང་ལུས་ཀྱི་དངོས་འཛིན་ཞིག །རྩ་བྲལ་རླུང་ཟིན་ཁམས་ཀྱང་འདུ་བར་བྱེད། །བདེན་པ་དྲོད་ཀྱིས་ཉོན་མོངས་ལམ་དུ་འགྱུར། །ཟུང་འཇུག་རྟོགས་པ་རང་རིག་ཁོང་ནས་སད། །བླ་མའི་དྲིན་གྱིས་དབང་བཞི་སེམས་ལ་རྫོགས། །བླ་མ་མཉེས་མཛད་དེ་ཡིས་ཡི་དམ་འགྲུབ། །མཁའ་འགྲོ་འདུ་ཞིང་ཆོས་སྐྱོང་ཕྲིན་ལས་མཛད། །གཏོར་ཚོགས་མཆོད་པའི་རྒྱལ་པོས་བླ་མ་མཆོད། ༈ །དམ་ཚིག་བསྲུང་མཚམས་བསྟན་པའོ། །གཞན་དུ་བཤད་པའི་གདམས་པ་རྒྱ་མཚོ་ཀུན། །མཁས་པའི་དོན་དུ་གསལ་བར་བསྟན་མོད་ཀྱིས། །བཙུན་པར་འདོད་ན་རྣམ་སྨིན་སྡིག་ལ་འཛེམ། །སེམས་ཅན་ཀུན་ལ་བརྙས་པ་མི་བྱ་ཞིང༌། །བླ་མ་མཆེད་གྲོགས་སྤྱི་བའི་གཙུག་ཏུ་བླངས། །སེམས་ཀྱིས་གཡོ་སྒྱུ་ཞེ་འདོད་སྤངས་པ་དང༌། །དོན་མེད་བྱ་བ་ཐམས་ཅད་སྤངས་པ་ལ། །དམ་ཚིག་གཙང་ཞེས་ཕྱི་རབས་རྣམས་ལ་སྨྲ། །ཞེས་བཀའ་སྩལ་ཏོ། །གསུམ་པ་ལེའུའི་སྐབས་བསྡུ་བ་ནི། ཨཱ་ལི་ཀཱ་ལི་གསང་བ་བསམ་གྱིས་མི་ཁྱབ་པ་ཆུ་ཀླུང་ཆེན་པའི་རྒྱུད་ལས། དབང་གི་རིམ་པ་དམ་ཚིག་དང་བཅས་པའི་ལེའུ་སྟེ་བཅུ་བདུན་པའོ༑ ༈ ༑ལེའུ་ཉེར་གསུམ་པ་སྙིང་པོ་དོན་གྱི་མན་ངག་ལྟ་སྒོམ་སྤྱོད་འབྲས་བཞི་ལ་གདམས་པ་འདི་ལ་དོན་གསུམ། ཞུས་པ་དང༌། ལན་དང༌། ལེའུའི་སྐབས་བསྡུ་བའོ། །དང་པོ་ནི། དེ་ནས་འདུས་པའི་འཁོར་གྱིས་གུས་པའི་ཐལ་མོ་སྙིང་ག་དང་སྤྱི་བོར་སྦྱར་ཞིང་གདུང་བའི་ཤུགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱཻ་སྟོན་པའི་སྟོན་པ་བཅོམ་ལྡན་འདས། །སྣ་ཚོགས་ཐེག་པའི་དོན་རྣམས་རབ་གསུངས་པ། །རྩོལ་མེད་དོན་གྱི་མཐར་ཐུག་ལམ་མཆོག་དེ། །འགྲོ་བའི་དོན་དུ་བདག་ཅག་རྣམས་ལ་གསུངས། །ཞེས་གསོལ་བ་དང༌། གཉིས་པ་ལ་གཉིས། གླེང་གཞིས་མཚམས་སྦྱར་བ་དང༌། ལན་དངོས་སོ། །དང་པོ་ནི། བཅོམ་ལྡན་འདས་སེང་གེའི་ཁྲི་ལ་སྐུ་དྲང་པོར་བསྲངས་ཤིང༌། ཐུགས་བརྩེ་བ་ཆེན་པོས་འདུས་པའི་འཁོར་ལ་དགོངས་ཏེ། སྤྱན་ནམ་མཁའ་ལ་གཟིགས་པས། སངས་རྒྱས་ཀྱི་བྱིན་རླབས་ཀྱིས། འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་གཡོས་ཤིང༌། སྟོང་གསུམ་ཐམས་ཅད་འོད་ཀྱིས་གང་བར་གྱུར་ནས། བར་སྣང་ལ་སྒྲ་འདི་སྐད་ཅེས་གྲགས་ཏེ། ལན་དངོས་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་གསུངས་པའོ། །དང་པོ་ནི། ལྟ་སྒོམ་སྤྱོད་པ་འབྲས་བུ་རྣམ་པ་བཞི། །ཐ་དད་མེད་པར་ཉམས་སུ་བླངས་ནས་ཀྱང༌། །མི་རྩོལ་རང་གྲོལ་ཤེས་ན་རྫོགས་སངས་རྒྱས༑ ༑སྙིང་པོ་དོན་གྱི་ལམ་ལ་ངེས་ཤེས་བསྐྱེད། །ཞེས་གྲགས་པ་ལ། སྐལ་བ་དང་ལྡན་པ་རྣམས་ཀྱིས་ཐོས་ཏེ། དོན་ཁོང་དུ་ཆུད་ནས་སྟོན་འཁོར་དགོངས་པ་གཅིག་ཏུ་གྱུར་ཏོ། །གཉིས་པ་རྒྱས་པར་གསུངས་པ་ལ་ལྔ། ལྟ་བ་རྒྱས་པར་གསུངས་པ་དང་། དེ་ནས་མཁྱེན་བཞིན་དུ་ཕྱི་རབས་ཀྱི་དོན་དུ་གསོལ་པ། ཀྱེ་བཅོམ་ལྡན་འདས་ལྟ་བའི་རིམ་པ་ནི་གང་ལགས། བཀའ་སྩལ་པ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལས། །སེམས་དང་སེམས་བྱུང་གཉིས་སུ་མིང་དུ་བཏགས། །དོན་དམ་ཀུན་རྫོབ་གཉིས་ཀྱི་རིམ་པ་ལས། །གཟུང་དང་འཛིན་པའི་རི་མོ་དུ་མ་ཤར། །སྣང་སྲིད་འཁོར་འདས་ཆོས་རྣམས་ཐམས་ཅད་ལ། །རང་གར་སྤྱོད་པ་སྐྱེ་བོ་འཁྲུལ་པའི་ངོ༌། །ཡོད་མེད་རྟོག་དཔྱོད་མུ་སྟེགས་འཁྲུལ་པའི་བློ། །དངོས་པོར་འཛིན་པ་ཉན་ཐོས་དམན་པའི་རིགས། །གཉིས་འཛིན་རང་རྒྱལ་ས་མི་ཟིན་པ་སྟེ། །བདེན་འདོད་རྫུན་འདོད་སེམས་ཙམ་འདོད་པས་བཅིངས། །སྒྱུ་མར་ཁས་ལེན་དབུ་མས་སྐྱོན་མི་སྤང་། །ཁས་ལེན་མེད་པའི་ཐལ་འགྱུར་རྟོག་གེ་པ། །ལྟ་རུ་འཛིན་པ་འདྲེ་ཡི་ལྟ་བ་ཡིན། །གསལ་བར་འཛིན་པ་གཏི་མུག་ཆེན་པོ་ཡིན། །ཉོན་མོངས་བདེ་བར་འདོད་པ་སྡུག་བསྔལ་རྒྱུ། །སྙིང་པོའི་དོན་ལ་ཚིག་གི་ལྟ་བ་མེད། །བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང༌། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་བཀའ་སྩལ་པ་དང༌། སྒོམ་པ་རྒྱས་པར་གསུངས་པ་དང༌། ཡང་གསོལ་པ། བཅོམ་ལྡན་འདས་སྒོམ་པའི་རིམ་པ་ནི་གང་ལགས། བཀའ་སྩལ་པ། སྣ་ཚོགས་གཟུགས་ཅན་ངང་གི་ཡིད་ལས་སྐྱེས། །ལུས་དང་སེམས་དང་ཡུལ་དང་སྣང་བ་ཀུན། །རྟེན་དང་བརྟེན་པའི་ཚུལ་དེའི་མདངས་རྣམས་ལས། །བསྐྱེད་དང་རྫོགས་དང་ཡོངས་རྫོགས་ཕྱག་རྒྱ་ཆེ། །བསྒོམ་དུ་མེད་པའི་བསྒོམ་པ་ཆེན་པོ་འདི། །རྟོགས་པར་གྱུར་ན་ཅི་ལྟར་བྱས་ཀྱང་མཆི། །བློ་སྒོམ་རྟོག་པའི་འཁྲུལ་འཁོར་ཤ་ཐང་ཆད། །རྟོགས་པའི་ཆེད་དུ་སྒོམ་པ་ཐབས་ལ་མཁས། །དངོས་པོར་བསྒོམ་པས་ཉོན་མོངས་མི་སྤང་སྟེ། །དངོས་མེད་བསྒོམ་པས་ཇི་ལྟར་ཡོན་ཏན་རྒྱས། །གཉིས་འཛིན་བསྒོམ་པས་ཐེ་ཚོམ་དོན་མི་འགྲུབ། །གཉིས་མེད་དོན་ལ་ཅི་ཡང་བསྒོམ་དུ་མེད། །བྱང་ཆུབ་སེམས་ཀྱི་འདུག་ཚུལ་སྟོང་ཉིད་ལ། །བལྟ་ཞིང་ཀློད་དེ་རང་སར་བཞག་ནས་ཀྱང༌། །ལྟ་སྟངས་བསྒྱུར་ཞིང་རིག་པ་དྭངས་སུ་གཞུག །ལུས་ངག་བྱ་བ་ཐམས་ཅད་གཏོང་བར་བྱ། །བསམ་དུ་མེད་པ་རྟོགས་པའི་ནམ་མཁའ་ལ། །བརྗོད་དུ་མེད་པ་ཐུགས་རྗེའི་ཉི་མ་ཤར། །ཐེ་ཚོམ་བྲལ་བ་ངེས་ཤེས་ཆེན་པོ་འདི། །བླ་མའི་དྲིན་གྱིས་རང་རིག་ཁོང་ནས་སད། །ཅེས་བཀའ་སྩལ་པ་དང༌། ཉམས་མྱོང་རྒྱས་པར་གསུངས་པ་དང༌། ཡང་གསོལ་པ། ཉམས་དང་མྱོང་བའི་རིམ་པ་ནི་གང་ལགས། བཀའ་སྩལ་པ། མཐོང་དུ་མེད་པའི་རང་སེམས་དངོས་མེད་འདི། །བལྟ་རུ་མེད་པར་བླ་མས་ངོ་སྤྲད་པས། །བསྒོམ་དུ་མེད་པར་ཡུན་དུ་བསྒོམ་པའི་ཚེ། །སྨྲ་རུ་མེད་པའི་གླེང་གཞི་མང་དུ་འབྱུང༌། །རྟོགས་དང་ལྡན་པ་བླ་མའི་བྱིན་རླབས་དང༌། །སྔོན་ནས་བསོད་ནམས་བསགས་པའི་ལས་འཕྲོ་ཡིས༑ ༑ཉམས་མྱོང་རིག་པ་དྭངས་པའི་སྣང་ངོ་ལ། །ཉམས་སྣང་སྣ་ཚོགས་སྟོན་པར་ངས་ལུང་སྟོན། །རང་ངོ་རང་གིས་ཤེས་པའི་རྟོགས་པ་དེ། །ཉོན་མོངས་དབྱིངས་སུ་དྭངས་པའི་རྗེས་ཐོབ་པ། །དྭངས་མེད་རྟོགས་པ་མ་འགགས་དྲན་པ་གསལ། །ཡེ་ཤེས་ཆེན་པོ་ཞེས་ནི་དེ་ལ་བྱ། །སྣང་བ་སྣ་ཚོགས་གསལ་བའི་དཀྱིལ་འཁོར་ལ། །རིག་པ་སྣ་ཚོགས་མང་པོ་འདུ་འཕྲོ་བྱེད། །བདག་གཞན་དོན་གྲུབ་དག་པའི་མཚན་དཔེ་ཅན། །ཡོན་ཏན་ཐུག་མེད་འཆར་ཞེས་ངས་ལུང་སྟོན། །སྐྱོན་དག་ཡོན་ཏན་ཤར་བའི་ས་ལམ་ལས། །ཐེ་ཚོམ་བྲལ་བའི་ངེས་ཤེས་སོ་མ་རེས། །ཉམས་དང་མྱོང་བའི་རིམ་པ་མ་འགགས་པས། །རྒྱལ་སྲས་རྣམས་ལ་ས་ཞེས་བྱ་བར་བཤད། །ཅེས་བཀའ་སྩལ་པ་དང༌། སྤྱོད་པ་རྒྱས་པར་གསུངས་པ་དང༌། ཡང་གསོལ་པ། བཅོམ་ལྡན་འདས་སྤྱོད་པའི་རིམ་པ་ནི་གང་ལགས། བཀའ་སྩལ་པ། ཤེས་བྱ་གཉིས་ཀྱི་རི་མོ་ཡུལ་སེམས་གཉིས། །དེ་ལས་བྱུང་བའི་ལུས་ངག་ཡིད་ཀྱི་ལས། །རྒྱུ་འབྲས་དངོས་སུ་མཐོང་བའི་ཕྱག་ལེན་ཀུན། །རང་གཞན་གནོད་པ་སྤོང་བ་སྤྱོད་པ་ཡིན། །ཀུན་གཞི་ཡིད་ཀྱི་སྙིང་པོ་བྱང་སེམས་གཉིས། །དེ་ལས་བྱུང་བའི་རྣམ་པར་ཐར་པ་ཀུན༑ ༑བསླབ་པའི་ཕྱོགས་ལ་འབད་པ་སྣ་ཚོགས་ཀྱིས། །རང་གཞན་བདེ་བ་སྒྲུབ་པ་སྤྱོད་པ་ཡིན། །ཚད་ལྡན་བླ་མའི་བྱིན་རླབས་འབྱུང་བ་ཡིས། །སྨིན་པའི་དབང་ཐོབ་གྲོལ་བའི་ལམ་རྣམས་ལ། །སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་ནས། །ནུས་པ་འདོད་པ་སྔགས་ཀྱི་སྤྱོད་པ་ཡིན། །ལྟ་བ་དག་པར་བྱེད་པའི་ཏིང་ངེ་འཛིན། །ཏིང་འཛིན་ཡེངས་པ་མེད་པའི་ཉམས་མྱོང་གིས། །སྣ་ཚོགས་གྲོགས་སུ་ཁྱེར་ནས་སྣང་ལམ་སྦྱང༌། །ཅི་བྱས་ཆོས་སུ་སོང་ན་སྤྱོད་པ་ཡིན། །གསང་སྤྱོད་རིག་སྤྱོད་ཚོགས་ཀྱི་སྤྱོད་པ་དང༌། །ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་ཀུན། །ལྟ་སྒོམ་གནས་སུ་སྐྱེལ་བའི་གདམས་པ་སྟེ། །ཚུལ་དང་མཐུན་ན་འབྲས་བུ་དུས་སུ་སྨིན། །ཞེས་བཀའ་སྩལ་པ་དང༌། འབྲས་བུ་རྒྱས་པར་གསུངས་པའོ། །ཡང་གསོལ་པ། འབྲས་བུའི་རིམ་པ་ནི་གང་ལགས། བཀའ་སྩལ་པ། སྤངས་རྟོགས་མཐར་ཕྱིན་ངོ་བོ་ཆོས་ཀྱི་སྐུ། །སངས་རྒྱས་ཀུན་གྱི་མེས་པོ་རྡོ་རྗེ་འཆང༌། །དུས་གསུམ་རྒྱལ་བའི་ཡུམ་དང་གཉིས་སུ་མེད། །སེམས་ཅན་ཀུན་ལ་རྟག་ཏུ་ཐུགས་རྗེས་གཟིགས། །རང་གཞན་རྣམ་དག་རྒྱལ་བ་རིགས་ལྔའི་སྐུ། །ཉོན་མོངས་མ་སྤངས་ཁྲག་འཐུང་ཧེ་རུ་ཀ །ཆགས་པའི་འདམ་གྱིས་མ་གོས་བདག་མེད་ཡུམ། །སྐལ་ལྡན་ལས་ཅན་རྣམས་ལ་བྱིན་གྱིས་རློབས། །ཐུགས་རྗེ་སྨོན་ལམ་མཐར་ཕྱིན་སྤྲུལ་པའི་སྐུ། །འཇིག་རྟེན་གསུམ་གྱི་བླ་མ་ཐུབ་པའི་གཙོ། །བསྟན་པའི་བདག་པོ་ཆོས་ཀྱི་རྒྱལ་མཚན་གཟུག །གདུལ་བྱའི་སེམས་ཅན་ཐར་པའི་ལམ་ལ་འཛུད། །དག་པའི་སྣང་ལམ་ཡེ་ཤེས་ཆེན་པོའི་སྐུ། །མ་འགགས་རྣམ་དག་བདེ་གཤེགས་ཡི་དམ་ལྷ། །གང་ལ་གང་འདུལ་དེ་ལ་དེར་སྟོན་ཅིང༌། །སྔགས་ཀྱི་རྣམ་གྲངས་རྒྱུད་སྡེ་སྟོན་པར་མཛད། །ལྷར་བཅས་འཇིག་རྟེན་གསུམ་དུ་མཛེས་གྱུར་ཅིང༌། །ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་སྲས་གཅིག་པུ། །སངས་རྒྱས་ཀུན་དང་མཉམ་པའི་སྙིང་པོ་ཅན། །འགྲོ་བའི་བླ་མར་གྱུར་ཚེ་འབྲས་བུ་ཡིན། །ཞེས་བཀའ་སྩལ་ཏོ། །འདུས་པའི་འཁོར་རྣམས་ཡོངས་སུ་སྨིན་པ་དང༌། རྒྱུད་ཤིན་ཏུ་གྲོལ་བར་མཛད་ནས། ཕྱི་མའི་དུས་སུ་རིམ་པས་སྟོན་པའི་རྒྱལ་ཚབ་བྱེད་པར་ལུང་བསྟན་ཏོ༑ ༑གསུམ་པ་ལེའུའི་སྐབས་བསྡུ་བ་ནི། ཨཱ་ལི་ཀཱ་ལི་གསང་བ་བསམ་གྱིས་མི་ཁྱབ་པ་ཆུ་ཀླུང་ཆེན་པའི་རྒྱུད་ལས། ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི་ལ་གདམས་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ལྟར་འགྲོ་བའི་མགོན་པོ་གྲུབ་ཆེན་དམ་པ་སངས་རྒྱས་ཀྱི་གདམས་ངག །དམ་ཆོས་སྡུག་བསྔལ་ཞི་བྱེད་ཅེས་ཡོངས་སུ་གྲགས་པའི་སྒྲུབ་བརྒྱུད་དོན་གྱི་ཤིང་རྟ་ཆེན་པའི་ལམ་སྲོལ་འདི་ལ་བརྒྱུད་པ་སྔ་བར་ཕྱི་མ་གསུམ་ལས་བྱུང་བའི་གཞུང་དང༌། གདམས་ངག་གི་ལམ་སྲོལ་མཐའ་ཡས་ཤིང་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་ནའང༌། ཐམས་ཅད་ཀྱི་གཞིའམ་རྩ་བ་ལྟ་བུར་གྱུར་པ་ནི་ཨཱ་ལི་ཀཱ་ལི་གསང་བ་བསམ་གྱིས་མི་ཁྱབ་པ་ཆུ་ཀླུང་ཆེན་པའི་རྒྱུད་འདི་ཡིན་ལ་འདི་ལའང་ལེའུ་ཉི་ཤུ་རྩ་བཞིར་ཡོད་པ་ལས་སྙིང་པོར་གྱུར་པ་ནི། དབང་པོ་རབ་འབྲིང་ཐ་མའི་གང་ཟག་ཐམས་ཅད་ཀྱི་ལམ་ཚང་ལ་མ་ནོར་བ་བསྟན་པ་ལེའུ་ལྔ་བཅུ་པ་ལམ་ལྔའི་ལེའུ་དང༌། ལམ་ཉམས་སུ་ལེན་པ་ལ་དབང་གིས་རྒྱུད་སྨིན་དགོས་པས་ལེའུ་བཅུ་བདུན་པ་དབང་དང་དམ་ཚིག་གི་ལེའུ་དང༌། དབང་ཐོབ་ཅིང་ལམ་ཉམས་སུ་ལེན་པའི་གང་ཟག་ལ་སྙིང་པོ་དོན་གྱི་ངོ་སྤྲོད་ལྟ་སྒོམ་ཉམས་མྱོང་སྤྱོད་པ་འབྲས་བུ་དང་བཅས་པ་རྣམས་སུ་འདུ་བས། ལེའུ་ཉེར་གསུམ་པ་ལྟ་སྒོམ་སྤྱོད་པ་འབྲས་བུ་བཞིས་གདམས་པ་སྟེ། ལེའུ་གསུམ་པོ་འདི་ཡིན་པས་ན། སྔོན་གྱི་གསུང་རབ་ལས་བྱུང་བ་ལྟར་ལེའུ་གསུམ་ཕྱོགས་གཅིག་ཏུ་བསྡེབས་ཤིང་བསྡུས་དོན་རགས་པ་ཙམ་མཆན་དུ་གསལ་བར་བགྱིས་པ་སྟེ། ཞིབ་པར་ཞིག་པོ་ཉི་མ་སེང་གེ་དང༌། སྙེ་མདོ་ཐམས་ཅད་མཁྱེན་པ་ཡབ་སྲས་སོགས་ཀྱི་འགྲེལ་པ་དང་ཁྲིད་ཡིག་རྣམས་ལས་ཤེས་པར་བྱའོ། །ཞེས་པའང་མང་དུ་ཐོས་པའི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ