ལམ་དྲི་མ་མེད་པ་དངུལ་སྒང་དག་པའི་སྐོར།

From Damngak Dzö
DNZ-13-PA-001-002
Wylie title lam dri ma med pa dngul sgong dag pa'i skor DNZ-13-PA-001.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 13, Text 1, Subtext 2, Pages 19-26 (Folios 10a4 to 13b5)
Author ཕ་དམ་པ་སངས་རྒྱས་
Citation Pha dam pa sangs rgyas. Lam dri ma med pa dngul sgong dag pa'i skor. In Gdams ngag rin po che'i mdzod, Vol. 13: 19-26. Kalimpong: Rigpe Dorje Publications, 2024.
Side notes Recto: rtsa ba   Verso: zhi byed skor
More details More details
Genre Source Scriptures - gzhung
Colophon

ལམ་དྲི་མ་མེད་པ་དངུལ་སྒོང་དག་པའི་སྐོར་ཞེས་བྱ་བ་རྫོགས་སོ།།

lam dri ma med pa dngul sgong dag pa'i skor zhes bya ba rdzogs so//

[edit]
༈ །ལམ་དྲི་མ་མེད་པ་དངུལ་སྒང་ གཞུང་གི་དོན་བསྡུས་པའོ། །དག་པའི་སྐོར་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །འགྲོ་བའི་མགོན་པོ་མི་ཡི་སྐྱེས་མཆོག་མཐོང་ལམ་ཆེན་པོའི་ཡེ་ཤེས་རྒྱུད་ལ་འཁྲུངས་པའི་དམ་པ་དེས། གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་ལྔའི་གདམས་པ་རྣམས། ལམ་སྐོར་ལྔར་བསྡུས་ཏེ་བླ་མ་བྱང་ཆུབ་སེམས་དཔའ་ཀུན་དགའ་ལ་གཏད་པ་ཡིན་ནོ། །ལམ་སྐོར་དང་པོ། ཤེས་བྱའི་དེ་ཁོ་ན་ཉིད་བདེན་པ་གཉིས་སུ་གཏན་ལ་ཕབ་པས། གཉིས་འཛིན་གྱི་བློ་རང་སར་ཞིག་སྟེ། ཆོས་རྣམས་བདེན་མེད་དུ་རྟོགས་པ་འདི་ནི་ཀླུ་སྒྲུབ་སྙིང་པོའི་གདམས་པ་ཡིན། ༡ ཡུལ་སྣ་ཚོགས་ལ་རོ་སྙོམས་པས། གཉིས་འཛིན་གྱི་བློ་རང་སར་ཞིག་སྟེ། ཆོས་རྣམས་དུ་མ་རོ་གཅིག་ཏུ་རྟོགས་པ་འདི་ནི། ཤེས་རབ་བཟང་པོའི་གདམས་པ་ཡིན། ༢ རིག་པས་ཆོས་རྣམས་གཏན་ལ་ཕབ་པས། ཆེད་འཛིན་བླའི་སྤུ་རིས་སུབ་ནས། འཁྲུལ་པའི་ཡིད་རང་གྲོལ་དུ་རྟོགས་པ་འདི་ནི། དྷརྨ་ཀཱིརྟིའི་གདམས་པ་ཡིན། ༣ ལུས་ངག་ཡིད་གསུམ་གྱི་ཉེས་སྤྱོད་བསྡམས་པས། ལས་ཀྱི་སྒྲིབ་པས་གོས་དོན་མེད་དེ། གཉེན་པོ་སྟོབས་སུ་གྱུར་པ་འདི་ནི། ཡོན་ཏན་འོད་ཀྱི་གདམས་པ་ཡིན། ༤ ཤེས་བྱའི་གནས་ལ་བློ་སྦྱངས་པས། སངས་རྒྱས་ཀྱི་ཡོན་ཏན་མངོན་དུ་གྱུར་ཏེ། གཟུགས་སྐུ་རྟེན་འབྲེལ་གྱི་ཆེ་བ་ལས་འཆར་བ་འདི་ནི། རཏྣ་ཨཱ་ཀཱ་ར་ཤཱནྟའི་གདམས་པ་ཡིན། ༥ སྒྲར་སྣང་དང་སྒྲ་འཛིན་གྱི་ཤེས་པ་གཏན་ལ་ཕབ་པས། རང་རྒྱུད་དུ་འཛིན་པའི་བློ་ཞིག་སྟེ། བདེན་མེད་ཀུན་རྫོབ་ཀྱི་མཚངས་རྟོགས་པ་འདི་ནི། བྲམ་ཟེ་ཤང་ཀུ་རའི་གདམས་པ་ཡིན། ༦ རིག་པའི་ཤེས་རབ་ཀྱིས་དངོས་འཛིན་གྱི་བློ་བཤིག་པས། སྤྲོས་བྲལ་དོན་གྱི་ཡེ་ཤེས་རྟོགས་ཏེ། འཁོར་བའི་ཤེས་པ་མཐའ་བྲལ་དུ་རྟོགས་པ་འདི་ནི། ཡེ་ཤེས་སྙིང་པའི་གདམས་པ་ཡིན། ༧ བྱང་ཆུབ་ཀྱི་སེམས་གཉིས་ལ་ཡིད་སྦྱངས་པས། བསྟན་པ་གཅིག་ལ་རྫོགས་ཏེ། དོན་གཉིས་མངོན་དུ་གྱུར་པ་འདི་ནི། ཤཱནྟ་དེ་བའི་གདམས་པ་ཡིན། ༨ སེམས་ཀྱི་སྣང་ཡུལ་ངོས་བཟུང་ནས། ཐབས་རྟེན་འབྲེལ་ལ་རྩལ་སྦྱངས་པས། གཤིས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་འདི་ནི། ཨཱ་དེ་བའི་གདམས་པ་ཡིན། ༩ སྐབས་བརྒྱད་རྩ་བ་གཅིག་ཏུ་བསྡུས་ནས། ལམ་ལྔ་གདན་གཅིག་ལ་ཉམས་སུ་བླངས་པས། ས་བཅུ་དུས་གཅིག་ནོན་པ་འདི་ནི། ཐོགས་མེད་ཞབས་ཀྱི་གདམས་པ་ཡིན། ༡༠ ཕར་ཕྱིན་དྲུག་ཐབས་དང་ཤེས་རབ་ཏུ་བསྡུས་ནས། སྟོང་པ་ཉིད་སྙིང་རྗེ་ཟུང་འཇུག་ཏུ་བསྒོམས་པས། སངས་རྒྱས་ཀྱི་སྐུ་གཉིས་མངོན་དུ་གྱུར་པ་འདི་ནི། གསེར་གླིང་པའི་གདམས་པ་ཡིན། ༡༡ ལམ་སྐོར་གཉིས་པ། དག་སྣང་ལ་ཡིད་སྦྱངས་པས། དངོས་འཛིན་གྱི་སྤུ་རིས་སུབས་ནས། སྣང་བ་སྤྲུལ་སྐུར་འཆར་བ་འདི་ནི། བུདྡྷ་གུ་ཧྱའི་གདམས་པ་ཡིན། ༡༢ སྒྲ་དོན་ལ་ངག་སྦྱངས་པས། ཆོས་བརྒྱད་ཀྱི་ཆགས་སྡང་སུབས་ཏེ། གྲགས་པ་སྔགས་སུ་རྟོགས་པ་འདི་ནི། ངག་གི་དབང་ཕྱུག་གྲགས་པའི་གདམས་པ་ཡིན༑ ༡༣ སྟོང་པ་ཉིད་ལ་སེམས་སྦྱངས་པས། རང་བཞིན་བརྒྱད་ཅུའི་རྩ་བ་ཞིག་ནས། འོད་གསལ་ཆོས་སྐུར་རྟོགས་པ་འདི་ནི། གུ་དྷ་རི་པའི་གདམས་པ་ཡིན། ༡༤ ཐབས་ལུས་ཀྱི་འཁྲུལ་འཁོར་གྱིས་གནད་སྦྱངས་པས། འཁྲུལ་པའི་རླུང་རང་མལ་དུ་བཅིངས་ཏེ། གཟུང་འཛིན་གྱི་རྟོགས་པ་བག་ལ་ཞ་བ་འདི་ནི། ཛ་བ་རི་པའི་གདམས་པ་ཡིན། ༡༥ རྩ་གསུམ་རླུང་གིས་སྦྱོར་བས་བཀང་པས། སྤྲོས་བྲལ་དོན་གྱི་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་ནས། ཆོས་སྐུ་རྟེན་རང་གསལ་དུ་རྟོགས་པ་འདི་ནི། ཡེ་ཤེས་ཞབས་ཀྱི་གདམས་པ་ཡིན། ༡༦ རྩ་བའི་རླུང་ལྔ་གཏོད་ལ་མནན་པས། ཡན་ལག་གི་རླུང་ལྔ་ལས་སུ་རུང་སྟེ། ཡོན་ཏན་གྱི་འཆར་སྒོ་དུ་མ་རྟོགས་པ་འདི་ནི། ཀརྨ་བཛྲའི་གདམས་པ་ཡིན། ༡༧ རླུང་འབྱུང་འཇུག་གནས་གསུམ་ལ། ཡི་གེ་གསུམ་གྱི་བཟླས་པ་བྱས་པས། རིམ་ལྔ་གདན་གཅིག་ལ་རྫོགས་པ་འདི་ནི། ཀླུ་ཡི་བྱང་ཆུབ་ཀྱི་གདམས་པ་ཡིན། ༡༨ ཕྲ་རགས་ཀྱི་རླུང་གཅིག་ཏུ་བསྡུས་ནས། སྲོག་རྩོལ་གྱི་རླུང་དུམ་བུར་བཅད། རྗེས་ལ་དོན་གྱི་ཡེ་ཤེས་རྟོགས་པ་འདི་ནི། ཨཱ་ནནྟའི་གདམས་པ་ཡིན། ༡༩ ལྟ་སྟངས་ཀྱིས་ཡུལ་ལ་རིག་པ་བསྒྱུར་བས། རླུང་དང་རྟོག་པའི་འགྲོ་ལྡོག་བཅད་དེ། རྗེས་ལ་མ་བཅོས་པའི་རྟོགས་པ་འདི་ནི། བཱ་སུ་དྷཱ་རའི་གདམས་པ་ཡིན། ༢༠ ལྟ་སྟངས་ཀྱིས་རིག་པ་བྱིའུ་འཕུར་དུ་དེད་པས། འཁྲུལ་པའི་རླུང་གིས་གླགས་བཙལ་དུ་མེད་དེ། འོད་གསལ་འགྲོ་འོང་མེད་པར་རྟོགས་པ་འདི་ནི། ཀྲིཥྞ་པའི་གདམས་པ་ཡིན། ༢༡ རྩ་བ་མ་རིག་པའི་རླུང་བཅིངས་པས། ཡན་ལག་གི་རླུང་ཕྲ་རགས་ཐམས་ཅད་ཚུད་ནས། རྩོལ་མེད་བྱང་ཆུབ་ཀྱི་རླུང་དུ་རྟོགས་པ་འདི་ནི། པདྨ་བཛྲའི་གདམས་པ་ཡིན༑ ༢༢ ལམ་སྐོར་གསུམ་པ། ཉམས་མྱོང་གི་སྣ་བདེ་བས་འདྲེན་པར་བྱེད་པས། གཞན་ལུས་ཕྱག་རྒྱའི་དཀྱིལ་འཁོར་ལ་བརྟེན་ནས། བདེ་གསལ་སྟོང་པའི་ཉམས་དངོས་སུ་སྐྱེ་བར་བྱེད་པ་འདི་ནི། མཚོ་སྐྱེས་རྡོ་རྗེའི་གདམས་པ་ཡིན། ༢༣ རྟེན་དམན་པ་ལ་ཡོན་ཏན་སྐྱེ་དཀའ་བས། མཚན་ལྡན་རིགས་ཀྱི་ཕྱག་རྒྱ་ལ་བརྟེན་ནས། དངོས་གྲུབ་ཐོབ་པར་བྱེད་པ་འདི་ནི། ཨིནྡྲ་བྷུ་ཏིའི་གདམས་པ་ཡིན། ༢༤ རྒྱུད་མ་སྨིན་པའི་མི་ལ༑ ཡོན་ཏན་རྩི་མི་ཆགས་པས། ཐོག་མར་རྒྱུད་སྦྱང་སྔོན་དུ་གཏོང་བ་འདི་ནི། ཌམྦྷི་པའི་གདམས་པ་ཡིན། ༢༥ ཐབས་ཀྱི་དམ་ཚིག་ཉམས་པར་གྱུར་ན། ཡོན་ཏན་གྱི་འཆར་སྒོ་འགགས་པས། གཉེན་པོ་སྟོབས་ལྡན་བརྟེན་པ་འདི་ནི། ནག་པོ་ཞབས་ཀྱི་གདམས་པ་ཡིན། ༢༦ (གདམས་པ་༢༧ པ་འདི་མི་ཚང་།) འོག་སྒོ་སྟེང་གིས་འཆུན་པར་གྱུར་ན། བདུད་རྩི་རང་འགག་ལ་འགྲོ་བ་ཡིན་པས། རྡོ་རྗེ་སྲིན་པའི་ཁ་འཆིང་བ་འདི་ནི། ལཱུ་ཧི་པའི་གདམས་པ་ཡིན༑ ༢༨ འཁོར་ལོ་རང་གནས་སུ་གྲོལ་བས། དགའ་བ་བཞིའི་ཡེ་ཤེས་སྐྱེས་ནས། སྤྲོས་མེད་ལྷན་ཅིག་སྐྱེས་པར་རྟོགས་པ་འདི་ནི། བི་པའི་གདམས་པ་ཡིན། ༢༩ བདེ་བ་དྲོད་ཀྱི་མེ་ཆེན་འབར་བས། ཁམས་ལྔའི་དྭངས་མ་ཞུ་ནས། འབྱུང་བའི་ཟག་པ་ཟད་པ་འདི་ནི། ཏཻ་ལོ་པའི་གདམས་པ་ཡིན། ༣༠ བདེ་བའི་རོ་སྟོང་པར་འབར་བས། གསལ་བ་རང་ཤུགས་ལས་གྲུབ་སྟེ། མི་རྟོག་པའི་ཡེ་ཤེས་ཀྱིས་རྒྱས་འདེབས་པ་འདི་ནི། ཀུ་ཀུ་རི་པའི་གདམས་པ་ཡིན། ༣༡ རང་གསལ་མདངས་དང་ལྡན་པའི་ཉམས་ཀྱིས། ཡུལ་གྱི་འཁྲུལ་པ་རང་སར་བཅོམ་ནས། རྟོགས་པའི་གདིང་མངོན་དུ་གྱུར་པ་འདི་ནི། སྒེག་པའི་རྡོ་རྗེའི་གདམས་པ་ཡིན། ༣༢ དབབ་བཟུང་བཟློག་པ་དགྲམ་པའི་གནད་ཀྱིས། ཐིག་ལེ་རྡོ་རྗེའི་དབྱིངས་སུ་ཆགས་པར་གྱུར་ནས། ནམ་མཁའ་རྡོ་རྗེའི་གྲོང་དུ་འཇུག་པ་འདི་ནི། ནཱ་རོ་པའི་གདམས་པ་ཡིན། ༣༣ ལམ་སྐོར་བཞི་པ། བརྒྱུད་ལྡན་བླ་མའི་བྱིན་རླབས་ཕོག་པས། སྣང་བ་མེད་པའི་ཆོས་ཉིད་རྟོགས་ནས། རང་གྲོལ་སྤང་བླང་མེད་པར་རྟོགས་པ་འདི་ནི། ས་ར་ཧའི་གདམས་པ་ཡིན། ༣༤ ཐབས་ཀྱི་སྦྱོར་བས་བློ་ཡི་སྤུ་རིས་བཤིག་པས། ཆོས་ཉིད་མ་བཅོས་པའི་དོན་མངོན་དུ་གྱུར་ནས། རེ་དོགས་མེད་པའི་གནས་ལུགས་རྟོགས་པ་འདི་ནི། སཱ་ག་རའི་གདམས་པ་ཡིན། ༣༥ རྐྱེན་སྐྱེས་ཐུག་ཕྲད་ཀྱི་ཤེས་པ་ངོས་བཟུང་བས་དྲན་པ་དོན་གྱི་ངོ་བོ་རྩ་བ་དང་བྲལ་བས། འགྱུ་བྱེད་ཀྱི་བློ་ཐམས་ཅད་གཞི་གཅིག་ཏུ་རྟོགས་པ་འདི་ནི། ཏོག་རྩེ་པའི་གདམས་པ་ཡིན། ༣༦ གཞི་མ་བཅོས་གཉུག་མའི་སྟེང་དུ། བློ་མི་གཡོ་རང་ལུགས་བཞག་པས། ཉམས་བཏང་བཞག་མེད་པར་འཆར་བ་འདི་ནི། ཀ་ཤ་པའི་གདམས་པ་ཡིན། ༣༧ ཡིད་ཀྱི་འཇུར་བུ་རང་སར་ཀློད་པས། འཁྲུལ་རྟོག་གི་ཆགས་སྡང་རང་སར་ཡལ་དུ་སོང་སྟེ། མ་བཅོས་པར་རང་ཉམས་ལ་གནས་པ་འདི་ནི། ཀམ་པ་ལའི་གདམས་པ་ཡིན། ༣༨ དུས་གསུམ་གྱི་ཤེས་པ་ཡིད་ལ་མ་བྱས་པས། དྲན་རྟོག་སྔ་ཕྱི་རྒྱུན་མ་འཕྲད་དེ། ཤེས་པ་རྩིས་གདབ་མེད་པར་འཇོག་པ་འདི་ནི། གྷུ་དྷ་རི་པའི་གདམས་པ་ཡིན། ༣༩ གང་སྣང་སྐྱེ་མེད་དུ་ཤེས་པས། འཁྲུལ་ཕྱིར་ཡིད་མི་འབྲང་སྟེ། བག་ཆགས་ཀྱི་དགོས་དོན་མེད་པ་འདི་ནི། ཙ་པའི་གདམས་པ་ཡིན། ༤༠ ཅིར་སྣང་འགགས་མེད་དུ་ཤེས་པས། འཛིན་རྟོག་རྩད་མ་བཅད་པར། འགྱུ་བ་རང་སངས་ལ་གཏོང་བ་འདི་ནི། ཤ་བ་རི་པའི་གདམས་པ་ཡིན། ༤༡ དུག་ལྔ་རྐྱེན་དུ་ཤེས་པས༑ ངོ་བོ་རྩ་བ་དང་བྲལ་ཏེ། རྟོགས་པའི་གསོས་འདེབས་པ་འདི་ནི། ཨ་བ་དྷུ་ཏི་པའི་གདམས་པ་ཡིན། ༤༢ སྤང་བྱ་གཉེན་པོ་འདྲེས་པས། སོར་བཞག་གི་རྒྱལ་ས་ཟིན་ནས། ས་ལམ་གཅིག་རྫོགས་སུ་འགྲོ་བ་འདི་ནི། ཉི་མ་སྦས་པའི་གདམས་པ་ཡིན། ༤༣ བརྡ་དོན་གནད་གྲོལ་བས། དོན་གྱི་རྩ་བ་ཆོད་ནས། འཁོར་འདས་གཅིག་ཏུ་རྟོགས་པ་འདི་ནི། རིན་ཆེན་རྡོ་རྗེའི་གདམས་པ་ཡིན། ༤༤ ལམ་སྐོར་ལྔ་པ། དཔའ་གདིང་ངར་དང་ལྡན་པས༑ རིག་པ་ཡུལ་ལ་བཅིངས་ཏེ། འགྱུ་བ་བཙན་ཐབས་སུ་གཅོད་པ་འདི་ནི། ལེགས་སྨིན་ཀ་རའི་གདམས་པ་ཡིན། ༤༥ འཁྲུལ་པ་དུམ་བུར་གཏུབ་པས། ཡུལ་གྱི་བག་ཆགས་མི་ལེན་ཏེ། རིག་པ་བྱིའུ་འཕུར་དུ་ཁྱེར་བ་འདི་ནི། རི་ཁྲོད་མའི་གདམས་པ་ཡིན། ༤༦ རང་གསལ་རིག་པ་གཞི་ལས་བསླངས་ནས། ཉམས་མྱོང་ཡུལ་གྱི་སྟེང་དུ་དཀྲུགས་པས། རིག་པ་དྭངས་སྙིགས་འབྱེད་པ་འདི་ནི། དྲི་མེད་མའི་གདམས་པ་ཡིན། ༤༧ འཆུན་རྗེས་གཉེན་པོ་བཤིག་པས། ཡིད་ཀྱི་འཇུར་བུ་གྲོལ་ནས། བློ་མཐའི་སྤུ་རིས་ཡལ་བ་འདི་ནི། པདྨོ་ཞབས་ཀྱི་གདམས་པ་ཡིན། ༤༨ ཏོལ་སྐྱེས་ཀྱི་ཤེས་པ་ངོས་བཟུང་བས། རྩ་བྲལ་དྲི་མེད་ཀྱི་ངོ་བོ་རྟོགས་ཏེ། འཁྲུལ་པ་རང་ཞིག་ལ་འགྲོ་བ་འདི་ནི། ཤིང་ལོ་པའི་གདམས་པ་ཡིན། ༤༩ རྟོགས་པ་བྱེའུ་འཕུར་དུ་ཁྲིད་པས། ངེས་ཤེས་ལ་རྩལ་འབྱོངས་ནས། ཉམས་མྱོང་རིགས་མཐུན་དུ་འབྲེལ་བ་འདི་ནི། བདེ་བའི་འབྱུང་གནས་ཀྱི་གདམས་པ་ཡིན། ༥༠ ཀ་ར་ཎ་རྟེན་ཅན་དུ་བཅིངས་པས། ཡུལ་གྱི་སྤུ་རིས་ཞིག་སྟེ། བཟུང་བ་རང་གྲོལ་ལ་འགྲོ་བ་འདི་ནི། ཀུ་མུ་ཏའི་གདམས་པ་ཡིན། ༥༡ ཀ་ར་ཎ་རྟེན་མེད་དུ་བཅིངས་པས། རྟོག་པ་བག་ལ་ཞ་སྟེ། འཛིན་མེད་རང་གྲོལ་ལ་འགྲོ་བ་འདི་ནི། གངྒཱ་བཟང་མའི་གདམས་པ་ཡིན། ༥༢ རིག་པ་རྐྱང་འདེད་དུ་བསྐྱང་བས། ཚོགས་པའི་རྒྱུན་ཞིག་ནས། རྟོག་པ་གྱང་འགྱེལ་བ་འདི་ནི། ལེགས་སྨིན་ཀཱ་རའི་གདམས་པ་ཡིན། ༥༣ སོ་མའི་གདངས་ལ་གནས་པས། ཆོས་སྐུ་འདུ་འབྲལ་མེད་དེ། དྲན་པའི་རྩི་དང་མ་བྲལ་བ་འདི་ནི། ཙིནྟོ་མའི་གདམས་པ་ཡིན། ༥༤ རིག་པ་ལ་ངར་བཏོན་པས། རྟོག་པ་རང་གྲོལ་དུ་ཞིག་ནས། རིག་པ་གཅེར་བུར་གནས་པ་འདི་ནི། སུ་ཁ་མ་ཧཱ་སིདྡྷིའི་གདམས་པ་ཡིན་ནོ། ༥༥ །གྲུབ་པ་ཐོབ་པ་ལྔ་བཅུ་རྩ་ལྔའི་གདམས་པ། ལམ་དྲི་མ་མེད་པ་དངུལ་སྒོང་དག་པའི་སྐོར་ཞེས་བྱ་བ་རྫོགས་སོ།། །།