DNZ-06-CHA-008-003: Difference between revisions

From Damngak Dzö
DNZ-06-CHA-008-003
No edit summary
No edit summary
 
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=སློབ་དཔོན་ཏོག་རྩེ་པས་མཛད་པའི་བསམ་མི་ཁྱབ་ཀྱི་གདམས་པ་གསལ་བར་བྱེད་པ།
|fulltitle=slob dpon tog rtse pas mdzad pa'i bsam mi khyab kyi gdams pa gsal bar byed pa
|citation=Rje btsun grags pa rgyal mtshan. ''Slob dpon tog rtse pas mdzad pa'i bsam mi khyab kyi gdams pa gsal bar byed pa''. In ''Gdams ngag rin po che'i mdzod'', Vol. 5: 125-149. Kalimpong: Rigpe Dorje Publications, 2024.
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།
|collectiontitle=gdams ngag rin po che'i mdzod
|collectiontitle=gdams ngag rin po che'i mdzod
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།
|author=rje btsun grags pa rgyal mtshan
|totalvolumes=18
|authortib=རྗེ་བཙུན་གྲགས་པ་རྒྱལ་མཚན་
|author='jam mgon kong sprul
|associatedpeople=Kuddālapāda
|authortib=འཇམ་མགོན་ཀོང་སྤྲུལ་
|compiler='jam mgon kong sprul
|citation=
|tibgenre=Spiritual Instructions - gdams ngag
|terma=No
|practicelineage=Sakya Lamdre
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=06
|volumenumber=06
|volumeLetter=CHA
|volnumtib=
|volyigtib=ཆ
|totalvolumes=18
|textnuminvol=008
|textnuminvol=008
|textsubnumber=003
|textsubnumber=003
|pdflink=File:DNZ-06-CHA-008-003.pdf
|pagenumbers=125-149
|totalpages=25
|beginfolioline=11a2
|endfolioline=23a2
|totalfolios=13
|multivolumework=No
|rectonotes=tog tse'i gdams ngag
|versonotes=sa skya'i skor
|colophontib=།དེ་ལྟར་ཚིག་ཉེ་བར་བསྡུ་བ་འདི་དག་གིས་བསམ་གྱིས་མི་ཁྱབ་པ་རྣམ་པ་ལྔ་ལ་བརྟེན་ཏེ་ལམ་ཡོངས་སུ་རྫོགས་པའི་གདམས་ངག་གོ །ས་མཱཔྟ་མི་ཐཱི།
|colophonwylie=de ltar tshig nye bar bsdu ba 'di dag gis bsam gyis mi khyab pa rnam pa lnga la brten te lam yongs su rdzogs pa'i gdams ngag go_/sa mAp+ta mi thI/
|pdflink=File:DNZ-06-CHA-008.pdf
|InitCategories=Damngak Rinpoché Dzö; DNZ-Volume-06-CHA; DNZ-06-CHA-008
|InitCategories=Damngak Rinpoché Dzö; DNZ-Volume-06-CHA; DNZ-06-CHA-008
}}
}}

Latest revision as of 17:16, 2 June 2025

Wylie title slob dpon tog rtse pas mdzad pa'i bsam mi khyab kyi gdams pa gsal bar byed pa DNZ-06-CHA-008.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 6, Text 8, Subtext 3, Pages 125-149 (Folios 11a2 to 23a2)
Author རྗེ་བཙུན་གྲགས་པ་རྒྱལ་མཚན་
Citation Rje btsun grags pa rgyal mtshan. Slob dpon tog rtse pas mdzad pa'i bsam mi khyab kyi gdams pa gsal bar byed pa. In Gdams ngag rin po che'i mdzod, Vol. 5: 125-149. Kalimpong: Rigpe Dorje Publications, 2024.
Side notes Recto: tog tse'i gdams ngag   Verso: sa skya'i skor
More details More details
Associated People (Kuddālapāda)
Genre Spiritual Instructions - gdams ngag
Colophon

།དེ་ལྟར་ཚིག་ཉེ་བར་བསྡུ་བ་འདི་དག་གིས་བསམ་གྱིས་མི་ཁྱབ་པ་རྣམ་པ་ལྔ་ལ་བརྟེན་ཏེ་ལམ་ཡོངས་སུ་རྫོགས་པའི་གདམས་ངག་གོ །ས་མཱཔྟ་མི་ཐཱི།

de ltar tshig nye bar bsdu ba 'di dag gis bsam gyis mi khyab pa rnam pa lnga la brten te lam yongs su rdzogs pa'i gdams ngag go_/sa mAp+ta mi thI/

[edit]
༈ །སློབ་དཔོན་ཏོག་རྩེ་པས་མཛད་པའི་བསམ་མི་ཁྱབ་ཀྱི་གདམས་པ་གསལ་བར་བྱེད་པ་བཞུགས་སོ། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །རྟ་མཆོག་ལ་སོགས་པ་བརྒྱུད་པ་ རྟ་མཆོག་བཱི་ཎའི་ཞལ་སྔ་དང༌། །ཨིནྡྲ་བྷཱུ་ཏི་ལེགས་སྨིན་བཅས། །སྒེག་པའི་རྡོ་རྗེ་གུནྡྷེ་རི། །སློབ་དཔོན་པདྨ་སྙིང་རྗེ་ཆེ། །ཆོས་ཀྱི་ཞལ་སྔའི་རིམ་པ་ལས། །བཟང་པོའི་ཞལ་སྔར་འཕྲད་པ་དང༌། །ཐམས་ཅད་ཀྱང་ནི་དགོངས་པ་གཅིག །ཅེས་གཞུང་ནས་འབྱུང་བས་སོ། །དགུ་པའི་མཐར། ཏོག་རྩེ་པ། བྷཱུ་ཥ་ཎ། དྷ་མ་པ། ཀརྞ་པ། དགེ་སློང་དཔའ་བོ་རྡོ་རྗེའི་བར་དུ་བརྒྱུད་པ་མ་ཆད་པའི་ལུགས་ཀྱིས། རྒྱུ་དུས་སུ་ལྟ་བ་གཏན་ལ་དབབ་པ། ལམ་དུས་སུ་ཏིང་ངེ་འཛིན་སྐྱེད་ཅིང་སྦྱང་བ། འབྲས་བུའི་དུས་སུ་ཡེ་ཤེས་མངོན་ཏུ་འགྱུར་བ་སྟེ་གསུམ་གྱིས་ལམ་དང་འབྲས་བུ་ཐམས་ཅད་བསྡུས་པར་བཞེད་དོ། །དེ་ལ་དང་པོ་རྒྱུ་དུས་སུ་ལྟ་བ་གཏན་ལ་དབབ་པ་ལ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལྟར་ན། གཏན་ལ་དབབ་པར་བྱ་བ་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཡིན་པ་ལ། འདི་ལ་གཏན་ལ་དབབ་པར་བྱ་བ་ལུས་ངག་ཡིད་གསུམ་ཡིན་པས་དང་པོ་འཁོར་བའི་སྡུག་བསྔལ་ཀྱང་ལུས་ངག་ཡིད་གསུམ་ལ་མྱོང་ལ། ལམ་དུ་ཏིང་ངེ་འཛིན་སྐྱེ་བ་ཡང་ལུས་ངག་ཡིད་གསུམ་ལ་སྐྱེ། འབྲས་བུ་སྐུ་གསུང་ཐུགས་རྡོ་རྗེའི་དངོས་གྲུབ་ཀྱང་དེ་གསུམ་ཉིད་འགྱུར་བའི་ཕྱིར། རྟེན་ནམ་གཞི་ཡིན་གསུངས། གདམས་ངག་གི་གཞི་དགོད་པ་བཅུ་གཉིས་ཏེ། གདམས་པའི་རྟེན་བཅའ་བ་ལུས་ངག་ཡིད་གསུམ། དེ་ཤེས་པར་བྱེད་པའི་དུས་གསུམ། འཇལ་བར་བྱེད་པའི་བསམ་པ་གསུམ། གཏན་ལ་འབེབས་པར་བྱེད་པའི་ཚད་མ་གསུམ་མོ། །དེ་ལ་རྟེན་བཅའ་བ་ལུས་ངག་ཡིད་གསུམ་ལ། ལུས་རགས་པ་དབང་རྟེན་ཁོག་པ་དང་བཅས་པ། ཕྲ་བ་རྩ་གསུམ། ངག་རགས་པ་སྨྲ་བ་དང་རྒོད་པ་ལ་སོགས་པའི་ཐ་སྙད། ཕྲ་བ་རླུང་ལྡང་འཇུག་ རླུང་ཕྱིར་ལྡང་བ་ཧཱུྃ། ནང་དུ་འཇུག་པ་ༀ། གནས་པ་ཨཱཿ འི་ངོ་བོར་གནས་པས། གནས་པ་གསུམ་དང༌། ཡིག་འབྲུ་གསུམ། སེམས་ལ་རྟེན་དང་བརྟེན་པ་གཉིས་ལས། རྟེན་ རྩ་ཐམས་ཅད་གནས་པའི་ ཁམས་དགུའི་དྭངས་མ་བྱང་ཆུབ་སེམས་ཀྱི་ཐིག་ལེ་དྭངས་པའི་བདུད་རྩི། བརྟེན་པ་རང་རིག་པའི་ཡེ་ཤེས་གསལ་བའོ། །དེ་ཡང༌། ལུས་དང་ངག་དང་ཡིད་དང་གསུམ། གཅིག་ལ་ ལུས་ངག་གི་རང་བཞིན་སེམས་ལ་བརྟེན་པ་སེམས་ཀྱི་གནས་སྐབས་ལུས་ངག་ལ་བརྟེན་ཏེ། ཡང་ཇི་སྲིད་ལུས་སེམས་མ་བྲལ་གྱི་བར་དུ་ངོ་བོ་གཅིག་ཡིན་པར་བཞེད་དེ། གཅིག་བརྟེན་གཅིག་གི་ངང༌། ཡིན་པས་ ཐམས་ཅད་སེམས་མྱོང་རིག་གཅིག་ཏུ་རིགས་གཅིག་པ་དང༌། དེ་ལས་མ་རྟོགས་པའི་ཆོས་མེད་པས་ སེམས་གཅིག་པུ་གཏན་ལ་ཕབ་པས་ལུས་ངག་གཉིས་པོ་ཤུགས་ལ་ཕེབས་པར་འགྱུར་ལ། སེམས་གཏན་ལ་དབབ་ན་ ལྡོག་པའི་ཆ་ནས། བསམ་གྱིས་མི་ཁྱབ་རྣམ་པ་ལྔ་སྟེ། རྣམ་རྟོག་བྱེ་བྲག་གིས་མི་འདྲ་བའི་ མཚན་ཉིད་ བསམ་གྱིས་མི་ཁྱབ་པ་མ་འདྲེས་པ་ཡོངས་སུ་རྫོགས། ངོ་བོ་ཉིད་ལ་རྟོགས་ལུགས་མི་འདྲ་བའི་སྒོ་ནས་ཕྱི་རོལ་པའི་དང་། སངས་རྒྱས་པའི་ལམ་དང༌། གྲུབ་མཐའ་མི་འདྲ་བ་སྣ་ཚོགས་སུ་སྣང་བའོ། །ཡོན་ཏན་བསམ་གྱིས་མི་ཁྱབ་པ་དཔེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའམ་ཉི་མའི་དཀྱིལ་འཁོར་ལྟ་བུ་ གཅིག་ལ་འཆར་ལུགས་མི་འདྲ་བ་སྣ་ཚོགས་སུ་སྣང་བའོ། །ནུས་པའི་མཐུ་ ངོ་བོ་གཅིག་པུ་ལ་དངོས་གྲུབ་ཐམས་ཅད་ཐབས་ཀྱི་རྐྱེན་འཕྲད་པས་འབྱུང་བས་ན། བསམ་གྱིས་མི་ཁྱབ་པ། མ་བཅིངས་ མ་བཅིངས་པ་ནི་སེམས་དགེ་བ་སྐྱེད་པའི་ནུས་པ་ངོ་བོ་ཉིད་ཀྱིས་གནས་ཀྱང་། ཐབས་ཀྱི་རྐྱེན་དང་མ་འཕྲད་ན་མི་འབྱུང་བས་ན། མ་གྲོལ་བ་དཔེ་སྣ་མའི་མེ་ཏོག་དང་། ཏིལ་གྱི་ ཏིལ་ལ་ཤིང་སོགས་ཀྱི་རྐྱེན་དང་མ་འཕྲད་ན་མི་འབྱུང་ལ། འཕྲད་ན་འབྱུང་བས། མར་ཁུ་ལྟ་བུ། དེ་གསུམ་ནི་ སེམས་གཅིག་ལ་རྒྱུ་དང་། ལམ་དང་། འབྲས་བུ་ཐམས་ཅད་དུ་སྣང་བ། དེ་ཡང་། བསམ་གྱིས་མི་ལང་བས་ན་བསམ་མི་ཁྱབ་སྟེ་ཐབས་སོ། །རང་བཞིན་བསམ་མི་ཁྱབ་པ་ གསུམ་པོས་དེ་དག་དོན་དམ་པར་རྒྱུ་དང་། རང་གི་ངོ་བོ་དང་། འབྲས་བུ་གསུམ་གྱིས་སྟོང་པས་ དཔེ་ནམ་མཁའ་ལྟ་བུ། དེ་ནི་བསམ་པས་ རྒྱུ་དང་འབྲས་བུ་ལ་སོགས་པ་གང་ལྟར་ཡང་། མི་རྙེད་པས་བསམ་མི་ཁྱབ་སྟེ་ཤེས་རབ་བོ། །ངོ་བོ་ཉིད་ ཆོས་གཅིག་ལ་འགལ་བ་ལྟ་བུའི་ཆོས་གཉིས་མི་འགལ་བར་གནས་པས། བསམ་གྱིས་མི་ཁྱབ་པ་མ་བྲལ་ བརྟགས་ན་མི་རྙེད་པས། མི་ལྡན་པ་དེ་ནི་བསམ་དུ་མི་འདོད་པས་བསམ་གྱིས་མི་ཁྱབ་པ་སྟེ་ཟུང་འཇུག་ ཡོད་མེད་གཉིས་འདྲེས་པ་ལྟ་བུའང་མ་ཡིན། གཅིག་གཉིས་སུ་བགོས་པ་ལྟ་བུའང་མ་ཡིན། ཕྱོགས་གཅིག་ཡོད་ལ་ཕྱོགས་གཅིག་མེད་པ་ལྟ་བུའང་མ་ཡིན། གཉིས་གཅིག་ཏུ་བསྡོམས་པ་ལྟ་བུའང་མ་ཡིན་ཏེ། མདོར་ན་ཐབས་ཀྱི་བསམ་པས་བཙལ་ན་ཧྲིལ་གྱིས་ཡོད་ལ། ཤེས་རབ་ཀྱི་བསམ་པས་བཙལ་ན་ཧྲིལ་གྱིས་མེད་པར་འདུག་ལ། མདོར་ན་གཉིས་སུ་བྱར་མ་འདོད་པ་ཙམ་ལ་གཉིས་མེད་དམ་ཟུང་འཇུག་ཅེས་བྱ་སྟེ། ཤེས་བརྗོད་ཐམས་ཅད་ཀྱི་ཡུལ་ལས་འདས་པའོ་གསུངས། དེ་ཉིད། དེ་བཞིན་ཉིད་སོགས་སྔར་ལྟར་མིང་འདོགས་སོ། །བསམ་མི་ཁྱབ་བོ། །དེ་ཤེས་པར་བྱེད་པའི་དུས་གསུམ་ནི། རྒྱུར་གནས་པ་སེམས་ཅན་གྱི་དུས་སུ་ སེམས་མ་ཟིན་ཏེ་ཞི་གནས་དང་ལྷག་མཐོང་གི་རོ་གང་ཡང་ཉམས་སུ་མ་མྱོང་བའི་དུས་ན། རྣམ་རྟོག་བསམ་མི་ཁྱབ༑ ལམ་སྒོམ་པའི་རྣལ་འབྱོར་གྱི་དུས་སུ་ ཐོག་མར་དབང་གསུམ་པའི་མཚོན་བྱེད་དམ། ནམ་མཁའ་ལ་སེམས་གཟུང་བའི་གདམས་པ་ལ་སོགས་པས་སེམས་ཟིན་པ་ཡན་ཆོད། ཏིང་ངེ་འཛིན་བསམ་མི་ཁྱབ། འབྲས་བུ་མཐར་ཐུག་པའི་དུས་སུ་ བསམ་མི་ཁྱབ་ལྔ་མངོན་དུ་གྱུར་ཙམ་ན། ཡེ་ཤེས་བསམ་གྱིས་མི་ཁྱབ་བོ། །དེ་ཡང་རྒྱུ་དུས་ན་ ལུས་རྩ་རླུང་ལ་སོགས་སྡུག་བསྔལ། ངག་ལས་ཀྱི་རླུང་། སེམས་རྣམ་རྟོག་འདུ་འཕྲོ། ལུས་ངག་ཡིད་གསུམ་ཀ་རྣམ་རྟོག་གིས་བསྡུས། ལམ་དུས་ན་ གསེར་འགྱུར་གྱི་རྩི་གྲུབ་པ་ལྟ་བུར། ལུས་ལྡང་བ་ཡང་བ་དང་། དྲོད་དང་། བདེ་བ་སོགས། ངག་སྨྲ་བ་དང་རྒོད་པ་སོགས། སེམས་ཐབས་ཀྱི་ཏིང་ངེ་འཛིན། ཤེས་རབ་ཀྱི་ཏིང་ངེ་འཛིན། ཟུང་འཇུག་གི་ཏིང་ངེ་འཛིན། གསུམ་ཀ་ཏིང་ངེ་འཛིན་གྱིས་བསྡུས། འབྲས་བུའི་དུས་ན་ ལུས་འཇའ་ཚོན་ལྟར་སྣང་བ་དང་གདུལ་བྱའི་བསམ་ངོར་སྐུ་དུ་མར་སྣང་། གསུང་ཡང་དུ་མར་སྟོན་པ། སེམས་ཀྱིས་ཤེས་བྱ་ཇི་སྙེད་པ་དང་། ཇི་ལྟ་བ་ཐམས་ཅད་མཁྱེན་པས་ན་གསུམ། ཡེ་ཤེས་ཀྱིས་བསྡུས་པའོ། །འཇལ་བར་བྱེད་པའི་བསམ་པ་གསུམ་ནི། ཐབས་འཇིག་རྟེན་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པ་ མྱོང་ཚོད་ཀྱི་ཤེས་པ། ལ་དམིགས་པའི་བསམ་པས་བཙལ་ན་ མཚན་ཉིད་ཡོན་ཏན་ནུས་མཐུ། ཐམས་ཅད་དུ་སྣང་ཞིང་ཡོད། ཤེས་རབ་དོན་དམ་པའི་བདེན་པ་ དཔྱོད་པར་བྱེད་པའི་ཤེས་པ། ཆོས་ཀྱི་དབྱིངས་སྟོང་པ་ཉིད་ལ་དམིགས་པའི་བསམ་པས་བཙལ་ན་སྣང་བ་ རྒྱུ་ལམ་འབྲས་བུ། ཐམས་ཅད་ཀྱིས་སྟོང་ཞིང་མེད། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ངོ་བོ་ཉིད་ལ་དམིགས་པའི་བསམ་པས་བཙལ་ན་ དཔྱད་ཅིང་བརྟགས་ན་མི་རྙེད་པས། ཡོད་པ་མིན། མྱོང་བ་མི་འགག་པས། མེད་པའང་མ་ཡིན་ཏེ། ཟུང་འཇུག་གོ །གཏན་ལ་འབེབས་པའི་ཚད་མ་གསུམ་ནི། བདེ་བར་གཤེགས་པའི་བཀའ་ སྟེ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། ཡང་དག་པ་ལུང་གི་ཚད་མ། བླ་མ་ དང་པོ་རྟ་མཆོག་ནས་རང་གི་དངོས་ཀྱི་བླ་མའི་བར་དུ་གསུངས་ཤིང་། རྡོ་རྗེ་སློབ་དཔོན་ཉམས་ཀྱི་མན་ངག་ཚད་མ། རྣལ་འབྱོར་པ་ ཐབས་དང་། ཤེས་རབ་དང་། ཟུང་འཇུག་གསུམ་གྱི་ཉམས་མཉམ་པར་བཞག་པར་སྐྱེས་ནས། རྗེས་ལ་དེ་གསུམ་དྲན་པས་ཆོས་ཉིད་ལ་ཡིད་ཆེས་པའོ། །བདག་ཉིད་ཀྱི་ཉམས་མྱོང་རྗེས་སུ་དྲན་པའི་ཚད་མའོ། །དེ་ལྟར་གདམས་ངག་གི་གཞི་དགོད་པ་བཅུ་གཉིས་སོ། །རྒྱུ་དུས་སུ་ལྟ་བ་གཏན་ལ་དབབ་པའི་ཚུལ་བསྟན་ཟིན་ཏོ། །དེ་ལྟར་རྒྱུར་གནས་པ་སེམས་ཅན་གྱི་དུས་སུ་རྟོགས་པའི་ལྟ་བ་གཏན་ལ་ཕབ་པས་ རྗེ་མཁར་ཆུང་བ་ཐོག་མར་ལྟ་བ་བསྟན་ནས་ཕྱིས་སེམས་བཟུང་སྟེ་ལྟ་བ་རྟོགས་པས་སེམས་ཟིན་པས་སེམས་འཛིན་སླ་བའི་ཕྱིར་གསུངས། རྗེ་མུ་གུ་ལུང་པ་ཐོག་མར་སེམས་མ་བཟུང་ན་ལྟ་བ་བསྟན་ཀྱང་མི་གོ་བས། དང་པོ་སེམས་བཟུང་ལ་ལྟ་བ་ཕྱིས་བསྟན་གསུངས། རྣལ་འབྱོར་པ་ལ་དུག་རྣམ་པ་གཉིས་ལས། མ་རིག་པའི་དུག་ ངོ་བོ་ཉིད་མ་རྟོགས་པས་དངོས་པོར་ཞེན་པ། དང་བྲལ་བར་བྱས་ནས། གཉིས་པ་རྣམ་པར་རྟོག་པ་རྩོལ་བའི་དུག་ ཐ་མལ་རྣམ་རྟོག་གི་རྒྱུན་ཆགས། དང་བྲལ་བའི་ཕྱིར། ལམ་དུས་ན་ཏིང་ངེ་འཛིན་བསྐྱེད་ཅིང་སྦྱང་བ་དོན་བདུན་དུ་ཤེས་པར་བྱ་སྟེ། ཐོག་མར་སེམས་བཟུང༌། བར་དུ་དེ་ཁོ་ན་ཉིད་ལ་བློ་བཞག །སྤྱོད་ལམ་ཐམས་ཅད་དུ་གོམས་པར་བྱ། བསམ་གཏན་གྱི་གེགས་བྱིང་བ་དང་རྒོད་པ་བསལ། བོགས་འབྱིན་རྣམ་པ་བརྒྱད་ཀྱིས་བོགས་དབྱུང༌། སེམས་ཉམས་ཀྱི་དྲོད་རྟགས་དང་སྦྱར། མཐར་ཕྱག་རྒྱ་ལ་ གནས་གསུམ་བསྲུང་བ་བྱས་ཏེ། བརྟེན་ཏེ་སྤྱོད་པས་འབྲས་བུ་དང་མཚམས་སྦྱར་བའོ། །དེ་ལ་ བླ་མས་དང་པོར་སྲོག་རྩོལ་གྱི་བསམ་གཏན་བཙལ་ནས། འདི་ལ་སློབ་ཏུ་འཇུག །དང་པོ་སེམས་གཟུང་བ་ནི། ཐོག་མར་སེམས་འཛིན་ལ་གཅིག་པུར། ལུས་ ཙོག་པུམ་སྐྱིལ་ཀྲུང་དུ་། གནད་ལ་དབབ། ངག་ དབུགས་ལན་གསུམ་དྲག་ཏུ་བུས་ལ་བཏང༌། གནད་ལ་དབབ། སེམས་ ཅུང་ཞིག་རང་སོ་བཟུང༌། གནད་ལ་དབབ། བྱང་ཆུབ་ཀྱི་སེམས་ བདག་གིས་རྫོགས་པའི་བྱང་ཆུབ་ཐོབ་པར་བྱས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ་སྙམ་དུ། བསྒོམ། བླ་མ་སྤྱི་བོར་བསྒོམ། གུས་འདུད་དྲག་པོ་བྱས་ལ་ཐིམ་པར་བསམ། ལྷག་པའི་ལྷའི་ང་རྒྱལ་ ངག་ཏུ་ཧཱུྃ་བརྗོད་ཅིང་། སེམས་ལ་ཧཱུྃ་དྲན་པ། བསྒོམས་ཏེ་བསམ་གཏན་གྱི་ཡན་ལག་དྲུག་པོ་རྣམས་ བི་པ་དང་མཐུན་པར། ཚང་བར་བྱས་ལ། ཕྱི་རོལ་ཏུ་དཔེའི་ཚུལ་ཏུ་ནམ་མཁའ་ལ་བསླབ་སྟེ། གཉིས་མེད་ནམ་མཁའ་སྦྱོར་བའི་ཏིང་ངེ་འཛིན་འབྱུང་བས་སོ། །དེའང་ དེ་བས་ན་སློབ་དཔོན་ཉིད་ཀྱིས་དོན་དམ་པར་སྤྲོས་པ་དང་བྲལ་བས་བསྟན་དུ་མེད་ན། གཞན་ནས་རྟོགས་པའི་ཐབས་མེད། དཔེ་ཙམ་གྱིས་བྱ་སྟེ། རྟོགས་པ་ནམ་མཁར་སྦྱོར་བ་ནི། །གང་གི་སྤྲོས་པའང་སྨྲ་བར་བྱ། །བསྟན་བཅོས་རིམ་པ་ཚིག་གིས་ནི། །རྣམ་པའི་ཆ་ལས་བཤད་པར་བྱ༑ ༑ཞེས་གསུངས་སོ། །ཐུང་དུ་བསླབ་པ་དང་། རིང་དུ་བསླབ་པའོ། །དེ་དག་རེ་རེ་ལའང་ཚར་བཅད་པའི་ཚུལ་དུ་བསླབ་པ་དང༌། ཕན་གདགས་པའི་ཚུལ་དུ་བསླབ་པ་གཉིས་གཉིས་སུ་བསླབ་པའོ། །དེ་ལ་ཐུང་དུ་བསླབ་པ་ནི། སྣ་རྩེ་ནས་སོར་བཞི་ཚུན་ཆད་ཀྱི་ནམ་མཁའ་ལ་རང་གི་ཤེས་པ་ཡོད་པར་དམིགས་པ་སྟེ། ལུས་སེམས་གཉིས་ཀ་གྲིམས་པར་བྱས་ལ་བསྒོམ། ཚར་བཅད་པའི་ཚུལ་དུ་བསླབ་པའོ། །དེ་ནས་ལུས་སེམས་གཉིས་ཀ་ཀློད་པར་བསྒོམ། ཕན་གདགས་པའི་ཚུལ་དུ་བསླབ་པའོ། །ཡང་སོར་བརྒྱད་ཚུན་ཆད་ཀྱི་ནམ་མཁར་ཡང་ཚུལ་དེ་ཉིད་ཀྱིས་བསླབ། ཡང་སོར་བཅུ་དྲུག་ནས་འདོམ་གང་ཚུན་ཆད་ཀྱི་ནམ་མཁར་ཡང་ཚུལ་དེ་ཉིད་ཀྱིས་བསླབ། སེམས་གནས་པའི་ཉམས་ ཐབས་ཀྱི་ཏིང་ངེ་འཛིན། ཤེས་རབ་ཀྱི་ཏིང་ངེ་འཛིན། དེ་གཉིས་ནི་བསྒོམ་པ་སྐྱོན་ཅན། ཟུང་འཇུག་གི་ཏིང་ངེ་འཛིན་སྐྱོན་མེད་དོ། །ཅི་བྱུང་ཡང་དེ་བཞིན་ཏུ་བསྐྱང༌། ཕལ་ཆེར་རང་བཞིན་སྟོང་ཉམས་སུ་སྐྱེའོ། །དེ་ནས་བོགས་དབྱུང་བའི་ཕྱིར་རིང་དུ་བསླབ་པ་ནི། ཁ་ཤར་ཕྱོགས་སུ་བལྟས་ལ་ བསམ་གཏན་གྱི་སྔོན་འགྲོའི་ཡན་ལག་ཚང་བར་བྱས་ཏེ། རང་རིག་པ་སེམས་ཉིད་ཤར་ཕྱོགས་སུ་འདོམ་དོ་ལ་སོགས་པ་ནས་བཟུང་སྟེ། ཇི་སྲིད་ནམ་མཁའི་མཐར་ཐུག་གི་བར་དུ་རྟོག་ཏུ་བཏང་། དེ་ཡང་ཕན་གདགས་པ་དང་ཚར་བཅད་པའི་ཚུལ་གྱིས་བསླབ་པས་ འོག་མ་གཉིས་དང་མི་འདྲ་བར་བདེ་སྟོང་དུ་སྐྱེ་བས། མཐའ་བྲལ་གྱི་ཉམས། ཕན་ཆོད་མི་འགྲོ་བར་སྟན་གཅིག་ལ་ཆགས་འདུག་པ་ ཤུགས་ཆད་ཀྱི་ཉམས། ཕར་བཏང་ཡང་ཚུར་ལྡོག་པ་ གཟིངས་ཆག་གི་ཉམས་གསུམ་གང་སྐྱེ་ཡང་དེ་བཞིན་དུ་བསྐྱང་ངོ༌། །དེ་བཞིན་ཡང་བོགས་དབྱུང་བའི་ཕྱིར་ སྟེང་འོག་གཉིས་ཡིན། ལྷོ་ལ་སོགས་པའི་ཕྱོགས་ཐམས་ཅད་དུ་བསླབ་བོ། །དེ་ལྟར་བསླབས་པས་ཉམས་གསུམ་སྐྱེ་ལ། དེའི་མཐའ་བྲལ་གྱི་ཉམས་ལ་བརྟེན་ནས། དེ་ མཐའ་དང་བྲས་བས། ནམ་མཁའ། གང་དུའང་མ་གྲུབ་པས་ སྟོང་པ། ཤེས་པ་དང་ཤེས་བྱ་ཐམས་ཅད་ལ་ ཁྱབ་པ། གང་གིས་ཀྱང་མི་འཇིག་པ་སྙམ་བྱེད་པའི་ རྟག་པའི་ཉམས་ཏེ་ཆོས་བཞི་ལྡན་དུ་སྐྱེ་བར་འགྱུར་ཏེ་དེ་བཞིན་དུ་བསྐྱང་ངོ༌། །རིང་དུ་བསླབ་པའོ། །དེས་ནི་ཐོག་མར་སེམས་བཟུང་བའོ། །བར་དུ་དེ་ཁོ་ན་ཉིད་ལ་བློ་བཞག་པ་ནི། དོན་ནང་དུ་རང་གི་སེམས་ཉིད་ལ་སྦྱར་ནས་ཚུལ་གསུམ་དུ་བསླབ་པས་རྣམ་པར་རྟོག་པ་རྩོལ་བའི་དུག་ལ་འཆིང་བྱེད་བཞི་ལས། དང་པོ་གསུམ་ལས་གྲོལ་བར་བྱེད་དོ། །དེ་ལ་ཚུལ་གསུམ་ནི། སྒོང་རྒྱ་བཅག་པའི་ཚུལ་ ངང་པའི་ཕྲུ་གུ་སྒོ་ངའི་ནང་ན་ལུས་ཐམས་ཅད་རྫོགས་ནས་ཡོད་ཀྱང༌། ཕྱིའི་རྒྱ་མ་བཅག་ན་འགྲོ་མི་ཤེས་པ་ལ། བཅག་ན་ཤེས་པ་ལྟར་རོ། །དུ་མིང་སྐྱེ་མེད་བསམ་མི་ཁྱབ་ལ་སྦྱར་བ། བབ་རྒྱ་དབྲལ་བའི་ཚུལ་ བབ་བླ་དེ་ཉིད་ན་ཡོད་ཀྱང༌། ཕྱིའི་རྒྱ་མ་བྲལ་ན་མི་འགྲོ། དབྲལ་ན་འགྲོ། དུ་དོན་སྐྱེ་མེད་བསམ་མི་ཁྱབ་ལ་སྦྱར་བ། ཁ་ཆུ་བསལ་བའི་ཚུལ་ སྲིན་བུ་རང་གི་ཁ་ཆུས་བསྟུམས་ནས་མི་མངོན་པ། དེ་བསལ་མ་ཐག་རྗེན་གཅེར་གྱིས་མངོན་པ་ལྟ་བུའོ། །དུ་ཏིང་ངེ་འཛིན་ཉིད་ཀྱང་སྐྱེ་མེད་བསམ་མི་ཁྱབ་ལ་སྦྱར་བའོ། །དེ་ལ་དང་པོ་ ནི་དངོས་པོ་མ་གྲུབ་པ་ལ་དངོས་པོར་མངོན་པར་ཞེན་པས་ཆགས་སྡང་སོགས་སྐྱེ་བས༑ མིང་གི་འཆིང་བ་ལས་གྲོལ་བར་བྱ་བའི་ཕྱིར་མིང་སྐྱེ་མེད་བསམ་མི་ཁྱབ་ལ་སྦྱར་བ་ནི། རྣལ་འབྱོར་པ་ བསམ་གཏན་གྱི་ཡན་ལག་འཆིང་བར་བྱས་ལ། རང་ཉིད་ཀྱི་མིང་ལ་སོགས་པ་མིང་གང་ཡང་རུང་བ་ལ། དང་པོ་མིང་དང་བཅས་ནས་སྐྱེ་བ་མ་ཡིན་ཏེ། བློ་བུར་དུ་བཏགས་པ་ཡིན་པས་ མ་སྐྱེས་སྐྱེ་མེད་ནམ་མཁའ་བཞིན། །དེ་ལྟར་མིང་ལ་བསྟོད་ཀྱང་ཕན་འདོགས་པ་མེད་ལ། སྐྱོན་བརྗོད་ཀྱང་གནོད་པ་མེད་པས་ སྐྱེས་པ་སྐྱེ་མེད་ནམ་མཁའ་བཞིན་། །གང་དུའང་མ་འགགས་ཏེ། ནམ་མཁའ་རང་ལ་ཐིམ་པར་འགྱུར་བས་ འགགས་པ་སྐྱེ་མེད་ནམ་མཁའ་བཞིན། །ཞེས་བསླབས་པས་ སྤྲིན་སོགས་ནམ་མཁའ་ལ་ཐིམ་པ་བཞིན། མིང་དུ་འཛིན་པའི་རྟོག་པ་སེམས་ཉིད་ལ་ཐིམ་ཞིང༌། གསལ་ལ་མི་འགག་པའི་ཉམས་སྐྱེ་སྟེ། དེ་ཉིད་ལ་རྣམ་པར་ཐར་པའི་སྒོ་ དང་པོ་མཚན་མ་མེད་པ། གཉིས་པ་སྟོང་པ་ཉིད། གསུམ་པ་སྨོན་པ་མེད་པ། གསུམ་གྱི་མིང་ཐོབ་གསུང༌། དེ་ལྟ་བུའང་གཞུང་ལས། གཉིས་སུ་མེད་པ་མིང་ཙམ་སྟེ། །དེ་ཡང་མིང་ནི་ཡོད་མི་འགྱུར། །གཉིས་མེད་མིང་དུ་བཟུང་བ་ལ། །དེ་ལ་རྣལ་འབྱོར་པས་བཟོད་མཛོད། །ཅེས་འབྱུང་བ་དང༌། རྒྱལ་བའི་ཡུམ་ལས་ཀྱང་། རབ་འབྱོར་གཟུགས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེའང་ཆོས་ཉིད་དེ། ཞེས་པ་ལ་སོགས་པ་གསུངས་སོ། །གཉིས་པ་དོན་གྱི་འཆིང་བ་ལས་གྲོལ་བར་བྱ་བའི་ཕྱིར། དོན་སྐྱེ་མེད་བསམ་མི་ཁྱབ་པ་ལ་སྦྱར་བ་ནི། རང་རིག་ཉོན་མོངས་པའི་སེམས་ཉིད་འདི་ལ་རྒྱུ་བ་གང་རགས་བརྟགས་ལ། རྒྱུ་ ཆགས་སྡང་ལ་སོགས་པ་སྐྱེ་མེད་ཡིན་པ་ལ་དངོས་པོར་བཟུང་བས་བཅིངས་ བ་རགས་པ་ཞེ་སྡང་ལྟ་བུ་གཅིག་གི་དབང་དུ་བྱས་ནས། ཐོག་མའི་ སྐྱེ་བའི་ རྒྱུ་དང༌། ད་ལྟར་གནས་པའི་ངོ་བོ་དང༌། མཐར་འགགས་པའི་འབྲས་བུ་གསུམ་ཡང་སྐྱེ་མེད་བསམ་མི་ཁྱབ་པ་ནམ་མཁའ་ལྟ་བུར་སྦྱར་ཞིང་བརྟག །ཡང་ ལུས་ངག་ཡིད་གསུམ་གང་ལ་སྐྱེས་པ། གནས་ གང་ཡིན་བརྟག །རིགས་ གང་ཡིན་བརྟག་པ་ དང་། ཁ་དོག་དང་དབྱིབས་ལ་སོགས་པ་ རང་གི་ངོ་བོ་ གང་དུ་གྲུབ་བརྟག །གསུམ་ལ་བརྟགས་ཏེ་སྐྱེ་མེད་དུ་བསྒོམ། དེ་ལྟར་ བརྟག་པས་མི་རྙེད་པ། བསྒོམས་པས་ཞེ་སྡང་དུ་འཛིན་པའི་རྣམ་རྟོག་སེམས་ཉིད་ལ་ཐིམ་ཞིང༌། ཞེ་སྡང་གི་གསལ་བ་མི་འགགས་པའི་ཉམས་སྐྱེའོ། །དེའང་གཞུང་ལས། གཉིས་པོ་དག་གི་སྤྱོད་པ་ཡིས། །གཉིས་མེད་ཡེ་ཤེས་འབར་བར་འགྱུར། །ཞེས་འབྱུང་ངོ༌། །གསུམ་པ་ བསྒོམ་བྱའི་ཡུལ་དང༌། སྒོམ་བྱེད་ཀྱི་ཤེས་པ་དང༌། སྒོམ་པ་པོ་གསུམ་དངོས་པོ་ལས་མ་གྲུབ་པ་ལ་དེར་འཛིན་པ། འཆིང་བར་བྱེད་པའི་ཏིང་ངེ་འཛིན་གྱི་འཆིང་བ་ལས་གྲོལ་བར་བྱ་བའི་ཕྱིར་ཏིང་ངེ་འཛིན་ཉིད་ཀྱང་སྐྱེ་མེད་བསམ་མི་ཁྱབ་ལ་སྦྱར་བ་ནི། ནང་དུ་ཡིད་འཛིན་མེད་དུ་བཞག་པ་དང༌། ཕྱི་རོལ་ཏུ་ཤེས་པ་ལྷུག་པར་བཞག་པ་གཉིས་སོ། །དང་པོ་ནི། ལུས་སེམས་ཡངས་པར་བྱ། དེ་ནས་ཤེས་པ་ཁ་ནང་དུ་བལྟ་བྱ་ཙམ་དྲན་པར་བྱ། དེས་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ། གལ་ཏེ་ཕྱིར་འཕྲོ་ན་ཡང་སྔར་བཞིན་ཏུ་ ཤེས་པ་ཁ་ནང་དུ་བལྟ་སྙམ་དུ་ དྲན་པར་བྱ། གཉིས་པ་ནི། ཡུལ་གང་ལའང་འཛིན་པ་མེད་པར་དབང་པོའི་སྒོ་ལྷུག་པར་བཞག །དེ་ལྟར་བསྒོམ་བྱའི་ཡུལ་གཅིག་ལ། སྒོམ་བྱེད་ཀྱི་ཤེས་པ་གཅིག་གིས་ཆེད་དུ་གཏད་ནས་མི་བསྒོམ་སྟེ། གང་ལྟར་ཡང་མི་བསྒོམ་པའི་ཚུལ་གྱིས་བསྒོམས་པས། བསྒོམ་པའི་ཡུལ་ལ་སོགས་པ་ཞེན་པ་དང་བྲལ་ནས་ཏིང་ངེ་འཛིན་བདེ་སྟོང་མཆོག་ཏུ་སྐྱེ་བར་འགྱུར་རོ། །དེའང་གཞུང་ལས། ཚོར་དང་ཚོར་པོ་མཚོན་བྱ་བྲལ། །རིག་པ་པོ་དང་རིག་བྱ་སྤང༌། །དེ་མན་ཆད་ལ་ཐབས་ཀྱི་ཏིང་ངེ་འཛིན་ལ་སོགས་པ་གང་སྐྱེད་བཞིན་ཏུ་སྐྱོང་ངོ༌། །ཞེས་འབྱུང་བའོ། །དེ་དག་བརྟན་པའི་ཡན་ལག་ཏུ་ མཉམ་གཞག་ལ་ཆགས་སྡང་ལ་སོགས་པ་མི་སྐྱེ་ཡང༌། རྐྱེན་དང་འཕྲད་ཙམ་ན་སྐྱེའོ། །རྐྱེན་གྱི་འཆིང་བ་ལས་གྲོལ་བར་བྱ་བའི་ཕྱིར་སྤྱོད་ལམ་ཐམས་ཅད་དུ་གོམས་པར་བྱ་བ་ནི། དང་པོ་ རྗེ་མུ་གུ་ལུང་པ་དང་པོར་གཟུགས་ལ་བསླབ་པར་བཞེད། རྗེ་མཁར་ཆུང་བ་སྒྲ་ནས་བསླབ་ན་ཟིན་ཆེ་བར་བཞེད། རྗེ་དགོན་པ་བ་གང་ཟག་གི་རིགས་མི་གཅིག་པས་ཉམས་དང་སྦྱར་གསུངས་སྐད། གཟུགས་ལྟ་བུ་བསླབ་པའི་དབང་དུ་བྱས་ནས། མིག་ལ་ཉི་མའི་འོད་དང༌། རླུང་གི་སེར་བུ་མི་འོང་བར་བྱས་ཏེ། མདུན་ཏུ་མེ་ཏོག་ལ་སོགས་པའི་དངོས་པོ་གཅིག་ཉེ་རིང་རན་པར་བཞག་ལ། དེ་དག་ལ་རྟེན་མི་འགྱུར་ དེ་ལས་གཞན་ལ་མི་བལྟ། བའི་ཡན་ལག །ལུས་མི་གཡོ་བའི་ཡན་ལག །མིག་མི་འཛུམ་པའི་ཡན་ལག །ཡིད་ གང་ལ་ཆེད་དུ་གཏད་ས་མེད་པར་ འཛིན་པ་མེད་པའི་ཡན་ལག་སྟེ། ཡན་ལག་བཞི་ལྡན་ཏུ་བྱས་ནས་བསླབས་པས། ཡུལ་དེ་ལ་མི་དམིགས་པའི་ཏིང་ངེ་འཛིན་སྐྱེ། དེ་ནས་ ཉི་མ་གཉིས་ལ་སོགས་པ་ལ། རྟེན་དེ་ཐག་ཇེ་རིང་ཇེ་རིང་བསྲིངས་ལ་བསླབ་ མཐར་རྒྱང་གྲགས་དང༌། དཔག་ཚད་ལ་སོགས་པར་བསླབ། སྟེ། གཟུགས་ལས་ཡེ་ཤེས་ངོས་བཟུང་བའོ། །དེ་བཞིན་ཏུ་སྒྲ་ལ་སོགས་པ་ཡང་ཡན་ལག་བཞི་ལྡན་ཏུ་བྱས་ནས་བསླབ་སྟེ། དེ་ལྟར་ཡུལ་ལས་ཡེ་ཤེས་ངོས་བཟུང་བའི་གདམས་ངག་གིས་བསྒོམས་པས༑ ཐོག་མར་སེམས་ཉམས་ཆུང་ངུ་ལ་སོགས་པ་ཡུལ་རྐྱེན་གྱིས་རེས་གནོད། རེས་ཕན། རེས་འདྲེ་ཞིང་སྐྱེ་སྟེ་སྣང་བ་ཕྲ་མོར་འཆར་བའི་དུས་སོ། །འབྲིང་པོ་ལ་ཕན་གནོད་མེད་པའི་དུས། སེམས་ཉམས་ཆེན་པོ་ལ་མེ་འབར་བ་ལ་ཤིང་བསྣན་པ་བཞིན་ཏུ་ཡུལ་རྐྱེན་གྱི་རྟོག་པ་ཡེ་ཤེས་ཀྱི་གྲོགས་བྱེད་དེ། ཡུལ་རྐྱེན་རབ་འབྲིང་གསུམ་ གཟུགས་སྡུག་པ་དང་། མི་སྡུག་པ་དང་། ཐ་མལ་པ་གསུམ། དེ་བཞིན་ཏུ་སྒྲ་ལ་སོགས་པ་ལའང་གསུམ་གསུམ། དང་འཕྲད་མ་ཐག་ཏུ། ནང་དུ་དེ་ཁོ་ན་ཉིད་ཀྱི་རྟོགས་པའི་ཡེ་ཤེས་མཆོག་ཏུ་འགྱུར་རོ། །དེ་ནི་སྣང་བར་ ཏིང་ངེ་འཛིན་སྐྱེ་བས། ཕན་འདོགས་པའི་དུས། སྣང་བ་དགེ་བའི་བཤེས་གཉེན་དུ་འཆར་བའི་དུས། བདག་གི་དངོས་པོ་ལ་སོགས་གཅིག་ཉིད་དུ་མར་དུ་མ་ལས་སྣང་བའི་དངོས་པོ་ལ་སོགས་གཅིག་ཏུ་ ཕྱི་ནང་གཉིས་འདྲེས་པའི་དུས། ཐ་མལ་པ་ཆགས་སྡང་སྐྱེ་བ་དེས་ཛོ་ཀི་ལ་རྟོགས་པ་སྐྱེ་བས། དེ་ཙམ་ལ་འདོད་ཡོན་བསྟེན་ཀྱང་ཉེས་པར་མི་འགྱུར་བའོ། །དུག་ལྔ་སྨན་ཏུ་ངོ་ཤེས་པའི་དུས་སོ། །དེའང་གཞུང་ལས། མིག་གི་རྣམ་ཤེས་རྟོགས་པ་ཡི། །གཉིས་མེད་ཡེ་ཤེས་ངོ་མཚར་ཆེ། །ཞེས་འབྱུང་བ་དང༌། གཟུགས་མཆོག་ཐ་མ་འབྲིང་པོ་གང༌། །གང་ཡང་མིག་གིས་མཐོང་གྱུར་པ། །དོན་དམ་དོན་གྱི་རང་བཞིན་གྱིས། །གཉིས་མེད་དམ་པ་བལྟ་བར་བྱ། །ཞེས་བྱ་བ་ལ་སོགས་པ་འབྱུང་བས་བསྟན་ཏོ། །དེ་ནས་བསམ་གཏན་གྱི་གེགས་བྱིང་བ་དང་རྒོད་པ་བསལ་བ་ནི། སྤྱིར་གསུམ་སྟེ། ཆེད་དུ་བྱས་པའི་བྱིང་རྒོད། རྐྱེན་གྱིས་བྱུང་བའི་བྱིང་རྒོད། ཤུགས་ཀྱིས་བྱུང་བའི་བྱིང་རྒོད་བསལ་བའོ། །དེ་ལ་ཆེད་དུ་བྱས་པའི་བྱིང་བ་ནི། མལ་སྟན་ལ་སོགས་པ་བསོད་ནམས་དོན་དུ་གཉེར་བ་ལས་བྱུང་བའོ། །ཆེད་དུ་བྱས་པའི་རྒོད་པ་ནི། ཁ་སྨྲས་ལ་སོགས་པ་འཇིག་རྟེན་པའི་བྱ་བ་དོན་ཏུ་གཉེར་བ་ལས་བྱུང་བའོ། །དེ་བསལ་བ་ནི། ངོ་ཤེས་པར་བྱས་ཏེ་ཞག་གྲངས་ཅི་རིགས་པར་དེ་དག་སྤངས་པ་ཉིད་ཀྱིས་རང་སེལ་བར་འགྱུར་རོ། །རྐྱེན་གྱིས་བྱིང་བ་ནི། ཧ་ཅང་ཁ་ཟས་བཅུད་ཆེས་པ་དང༌། ཆང་མང་བ་དང༌། ངལ་དུབ་ལ་སོགས་པའི་རྐྱེན་གྱིས་བྱིང་བའོ། །རྐྱེན་གྱིས་རྒོད་པ་ནི། ཉིན་མོ་སྐྱེ་བོ་རྒྱུན་ལུགས་ཀྱིས་མ་དབེན་པ་དང༌། མཚན་མོ་སྒྲའི་ཀླག་ཅོར་གྱིས་མ་དབེན་པ་ལ་སོགས་པས་རྒོད་པའོ། །དེ་དག་བསལ་བ་ཡང༌༑ འདི་དག་ལ་གཉེན་པོ་གཞན་མི་དགོས་ཏེ། རྐྱེན་དེ་དག་ཞག་གྲངས་ཅི་རིགས་པར་སྤངས་པ་ཉིད་ཀྱིས་རང་སེལ་ལོ། །རང་ཤུགས་ཀྱིས་བྱུང་བའི་བྱིང་བ་དང་རྒོད་པ་ནི། སྔ་མ་གཉིས་པོ་དེ་དག་བསལ་ཀྱང་རང་ཤུགས་ཀྱིས་འབྱུང་བའོ། །དེ་ཡང་ཐུན་སྟོད་ལ་འབྱུང་ངམ། ཐུན་སྨད་ལ་འབྱུང་བརྟགས་ལ། ཐུན་སྨད་ལ་བྱུང་ན། བསམ་བསྟན་གྱི་སྐྱོན་མ་ཡིན་ཏེ། ཁམས་ཀྱི་སྐྱོན་ཡིན་པས་བསྐྱུངས་ ལན་གྲངས་མང་དུ་བྱ་ པ་ཉིད་ཀྱིས་རང་སེལ་ལོ། གསུངས། །ཐུན་སྟོད་ལ་བྱུང་ན་བསམ་བསྟན་གྱི་གེགས་ཡིན་པས། དེ་བསལ་བ་ནི། སྤྱིར་གསུམ་སྟེ། སྤྱོད་ལམ་གྱིས་བསལ། ཁ་ཟས་ཀྱིས་བསལ། སེམས་ཀྱི་མཐུས་བསལ་བའོ། །དེ་ལ་སྤྱོད་ལམ་གྱིས་བྱིང་བ་བསལ་བ་ནི། སྟན་མཐོ་སར་བསྡད། དེས་མ་སེལ་ན། ས་མཐོ་སར་བསྡད། འདི་གསུམ་དུས་གཅིག་ཏུ་བསྟུན་ལ་བྱ། མིག་རི་ཐང་མཚམས་སུ་བལྟ། ལུས་སེམས་ཧུར་ཕྱུང་བྱའོ། །རྒོད་པ་བསལ་བ་ནི། ས་དམའ་སར་བསྡད། ཅུང་ཟད་ཀོས་ཀོས་བྲང་ནོན་པར་བྱ། མུན་པའི་མཚན་མར་གྱུར་པ་ལ་བསྡད་དོ། །ཁ་ཟས་ཀྱིས་བྱིང་བ་བསལ་བ་ནི། གང་བསམ་གཏན་གྱི་སྔོན་རོལ་གྱི་ཁ་ཟས་བཅག་པའོ། །རྒོད་པ་བསལ་བ་ནི། བསམ་གཏན་ལ་འཇུག་ཁར་ཁ་ཟས་དང་བཅས་པའི་ཆང་སྣོད་ཆེ་ཆུང་ཅི་རིགས་པ་གང་བཏང༌། ཡུལ་གང་ཡིན་པའི་ཕུལ་གང་ཙམ། གོམ་པ་ལྔ་བཅུར་བཅག །དེ་ནས་བསྒོམ། དེས་མ་ཞི་ན་དོ་བཏང༌། གོམ་པ་བརྒྱར་བཅག །དེ་ཡང་སྤྱིར་ ཁྲག་མཁྲིས་ཤས་ཆེ་ན་ཉུང་ངུ་བཏང༌། བད་ཀན་དང་རླུང་ཤས་ཆེ་ན་མང་དུ་བཏང་ངོ༌། །ནད་གཞི་དང༌སྦྱར། ན་ཚོད་ ལང་ཚོ་བབས་པར་ཉུང་ངུ་། རྒས་པ་ལ་མང་དུ་བྱའོ། །དང་སྦྱར། ནམ་ཟླ་དང་སྦྱར་རོ། །དེས་ངེས་པར་བྱིང་བ་དང་རྒོད་པ་སེལ་ལོ། །གསུམ་པ་སེམས་ཀྱི་ནུས་མཐུས་བསལ་བ་ནི། བྱིང་བའི་ཚེ་སྟེང་དུ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་འཁོར་ལོ་ལ་བསླབ། སླར་ཡང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གནས་སུ་བསླབ་སྟེ། དེ་ནས་ཐོག་མར་རང་གི་སེམས་རང་གི་སྙིང་གར་ ན་ཡོད་ དྲན་པར་བྱ། དེ་ནས་སྨིན་མཚམས་སུ། དེ་ནས་ཚངས་པའི་བུ་གར། དེ་ནས་སྤྱི་བོའི་སྟེང་དུ་སོར་བཞི་ལ་སོགས་པ་ནས། འདིས་ལྷའི་གནས་མཐོང་བ་ལ་སོགས་པ་འབྱུང་གསུངས། མཐར་སྟེང་གི་ནམ་མཁའི་མཐར་ཐུག་པར་བཏང༌། མཐའ་རྟོག་ཏུ། དེ་ལྟར་སེམས་ བྱིང་བ་སེལ་ནུས་སམ་མ་ནུས། ཚོད་བཟུང་ཞིང་བསྒོམས་ལ། སྟེང་དུ་ ཡུན་རིང་ན་ཤེས་པ་མི་བདེ་ཞིང༌། སྙིང་རླུང་ལ་སོགས་པར་འགྱུར་བས། སླར་མར་རིམ་གྱིས་ཕབ་ལ་སྙིང་གར་དྲན་པར་བྱས་ལ་བཞག་གོ །རྒོད་པའི་ཚེ་ན། འོག་ཏུ་བྱང་ཆུབ་ཀྱི་སེམས་ཨེ་ཆོས་ཀྱི་འབྱུང་གནས་སུ་བསླབ། སླར་ཡང་ཡིད་བཞིན་གྱི་ནོར་བུ་རིན་པོ་དེའི་གནས་སུ་བསླབ་བོ། །དེ་ནི་ དང་པོར་རང་དང་སྟན་གྱི་བར་དུ་ནམ་མཁའ་སྟོང་པ་གཅིག་བྱུང་བར་བསམ་པ་ཙམ་གྱིས་ཀྱང་སེལ། དེས་མ་སེལ་ན། བཤང་ལམ་དུ་ཆོས་འབྱུང་དམར་སེང་ངེ་བ་ཞིག་བསམས་ལ། དེའི་ནང་ན་མར་སེམས་ཀྱིས་བལྟ། འཇོག་ཙམ་ན་སླར་ཡང་སྙིང་གར་དྲན་པར་བྱའོ། །དེས་ཀྱང་རྒོད་པ་མ་ཞི་ན་འཕྲང་དུ་བཟུང༌། རྗེས་སུ་འབྲང༌། ཡོངས་སུ་ཤེས་པས་བསལ་ལོ༑ ༑དེ་ལ་འཕྲང་དུ་གཟུང་བ་ནི། ལན་ཅིག་འཕྲོས། ལན་གཉིས་འཕྲོས་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་རྒོད་པའི་གྲངས་བཟུང་བས་འཕྲལ་དུ་སེལ། རྗེས་སུ་འབྲང་བ་ནི། ཡུལ་གང་ལ་འཕྲོས་པའི་ཡུལ་དེ་ལ་ཆེད་དུ་གཏད་ཅིང་དམིགས། དེས་ཀྱང་མྱུར་དུ་སེལ། ཡོངས་སུ་ཤེས་པ་ནི། རྒོད་ནས་འདུག་བྱ་བར་ སེམས་སུ་ ཤེས་པ་ཙམ་གྱིས་སེལ་གསུངས། དེ་དག་གིས་ཀྱང་མ་ཞི་ན། མནན་སྦྱོར། དཔྱང་ཐག །འཕྲང་གཞུར་ཞེས་བྱ་བས་ཀྱང་སེལ་ལོ། །དེ་ལ་མནན་སྦྱོར་ནི། རང་གི་སྤྱི་བོར་ཤིང་བུ་ལྕི་ཡང་རན་པ་གཅིག་གིས་མནན་ཏེ་བསྒོམ། དེས་འཕྲལ་དུ་སེལ། དཔྱང་ཐག་ནི། ས་གཞི་བསྟར་ཞིང་འཐས་པར་བྱས་ལ། སྟེང་དུ་ཐག་པ་གསུམ་གྱིས་ཤིང་སྟེགས་གཅིག་བཏགས་ཏེ། དེའི་སྟེང་དུ་རང་གི་རྐང་པ་འོག་ཏུ་བརྐྱངས་ནས་འདུག་པས། རྐང་པའི་བྲང་བས་ ཤིང་བུ་རིལ་པོ་ གཅིག་གི་སྟེང་དུ། ནོན་པར་བྱ། ལག་པ་གཉིས་ ཐག་པ་བསྟུངས་ནས་མདུན་ཕྱོགས་སུ་འགྲོ། བསྲིངས་ནས་རྒྱབ་ཕྱོགས་སུ་འགྲོ༑ མདུན་གྱི་དཔྱང་ཐག་ལ་འཇུ་བའི་སྦྱོར་བ་བྱ་བའི་མན་ངག་གོ །འཕྲང་གཞུར་ནི། གཡས་གཡོན་གང་རུང་གཅིག་ཏུ་ཤིང་ཁྲུ་གང་བ་གཅིག་གམ། ཐོ་གཅིག་བཙུགས་ལ། དེའི་སྟེང་དུ་རྡོ་ལ་སོགས་པ་དཀར་པོ་གཅིག་བཞག །དེའི་ཡང་སྟེང་དུ་ནག་པོ་གཅིག་བཞག་ལ། དེ་དག་ལ་སྙུག་མ་ལ་སོགས་པས་གཞུར་ཏེ། མིག་མི་འཛུམ་པར་བྱས་ལ་བལྟ། དེས་ཀྱང་འཕྲལ་དུ་སེལ་གསུངས། བསམ་གཏན་གྱི་གེགས་བྱིང་རྒོད་བསལ་བའོ། །དེ་ནས་བོགས་འབྱིན་རྣམ་པ་བརྒྱད་ཀྱིས་བོགས་དབྱུང་བ་ནི། སྒྲིམ་ཀློད་གཉིས་རེས་འཇོག །དབྲི་བསྐྱེད་གཉིས་རེས་འཇོག་སྟེ་བཞི། ཁ་ཟས་རེས་འཇོག །སྤྱོད་ལམ་བག་ཡངས། སེམས་ཀྱི་གནད་སྣ་ཚོགས་སུ་འཕོ་བ། ཡུལ་སྣ་ཚོགས་ཀྱི་བདུད་རྩི་བསྟེན་པ་སྟེ། རྣམ་པ་བརྒྱད་ཀྱིས་སེམས་ཉམས་དང་སྦྱར་ཏེ་བོགས་དབྱུང་ངོ༌། །དང་པོ་ལ་བཞི། ལུས་སེམས་གཉིས་ཀ་སྒྲིམ་པ་དང་ཐུན་དབྲི་བར་སྦྱར། ཀློད་པ་དང་བསྐྱེད་པ་ལ་སྦྱར་ལ། དང་པོར་ ཐུན་དང་པོ་ཐོ་རངས་བསྒྲིམས་ཏེ་ཐུང་ངུ་བྱ་བ་ལ་སོགས་པ་ཐུན་རེས་འཇོག་ཏུ་བྱ། དེ་ནས་ ཉི་མ་དང་པོར་བསྒྲིམས་ཏེ་ཐུང་ངུ་སོགས། ཉི་མ་རེས་འཇོག་ཏུ་བྱ། ཁ་ཟས་རེས་འཇོག་ཀྱང་ ཐུན་དང་པོ་ལ་ཁ་ཟས་མི་ཟ་བར་སྒོམ་པ་ལ་སོགས་པ་གོ་སླའོ། །ཐུན་དང་ཉི་མ་གཉིས་ཀ་ལ་ཆང་ལ་སོགས་པ་རེས་འཇོག་ཏུ་བྱའོ། །སྤྱོད་ལམ་བག་ཡངས་ཀྱི་བདུད་རྩི་བསྟེན་པ་གོ་སླ། སེམས་ཀྱི་གནད་སྣ་ཚོགས་སུ་འཕོ་བ་ནི། མདོ་སྡེ་དང་རྒྱུད་སྡེ་ལ་སོགས་པ་རྣམས་ལས་བསྒོམ་བྱར་གསུངས་པ་ཐམས་ཅད་ལ་རིམ་གྱིས་བསྒོམ་པས་བོགས་དབྱུང་བར་འགྱུར་བའོ། །ཡུལ་སྣ་ཚོགས་ཀྱི་བདུད་རྩི་བསྟེན་པ་ནི། གཟུགས་སྡུག་པ་རྣམས་ལ་ལོངས་སྤྱོད་པས་རྒྱུད་ཚིམ་པར་འགྱུར་ལ། དེའི་སྟོབས་ཀྱིས་རྟོགས་པ་བོགས་དབྱུང་བར་འགྱུར་རོ། །དེ་ལྟར་བོགས་འབྱིན་བརྒྱད་དོ། །དེ་ལྟ་བུའི་ཚུལ་གྱིས་བསྒོམ་པས་སེམས་ཉམས་ཀྱི་དྲོད་རྟགས་དབྱུང་བ་ནི། ཐོག་མར་སེམས་ གར་སྤྱིན་གྱི་ཕུང་པོ་ལ་ལག་པས་རེག་པ་བཞིན་དམིགས་པ་བཏང་དུ་མི་འདོད་པའོ། །གནས། དོན་གྱི་དེ་ཁོ་ན་ཉིད་ལ་ངེས་ཤེས་སྐྱེ། ཅུང་ཟད་ལེ་ལོ་ཆེ། བྱ་བ་གང་ལའང་འཇུག་སྙིང་མི་འདོད། བརྗེད་ངས། བྱ་བ་ཐམས་ཅད་ལ་ཐུག་འཕྲད་ཙམ་བྱེད། སྐབས་སྐབས་སུ་དྲན་པ་གསལ་པོ་ཁྱད་པར་ཅན་འབྱུང༌། ཁ་ཟས་ལ་འདོད་པ་ཆུང༌། གཉིད་རིམ་གྱིས་སྤོང་བར་ནུས། ཉོན་མོངས་བློ་བུར་བ་དྲག་པོ་ཟློག །ཆོས་བརྒྱད་ཀྱི་རྣམ་པར་རྟོག་པའི་བློ་རགས་རིམ་ཟློག །རྨི་ལམ་མངོན་ཤེས་དང་འདྲ་བའི་གསལ་པོ་འབྱུང༌། ཕྱི་དང་ནང་གི་སྲིན་བུ་རིམ་གྱིས་སྤོང་ནུས། དེ་ཙམ་ན་ངན་སོང་དུ་མི་སྐྱེ་བའི་གདིང་ཐོབ་བོ། །མཐར་སྤྱོད་པས་འབྲས་བུ་དང་མཚམས་སྦྱར་བ་ནི། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་དབང་བཞི་པའི་ལམ་ཡིན་ཏེ། འདིའི་གོང་ན་བགྲོད་པར་བྱ་བའི་ལམ་གཞན་མེད་པས་འདི་ཟབ་པར་བཞེད་གསུངས། དེ་ཡང་གོང་དུ་བསྟན་པའི་ཚུལ་ལྟར་བསྒོམས་པའི་མཐར། སྤྲུལ་པའི་སྐུ་ཞིང་ལས་སྐྱེས་པའི་མཁའ་འགྲོ་མས། ཕྱག་རྒྱ་བུ་མོ་པདྨ་ཅན་ལ་སོགས་པ་ལུང་བསྟན་པར་བྱེད་དེ། ཧེ་བཛྲ་ལས། གནང་བ་རྙེད་གྱུར་སྔགས་པ་ལ། །རྣལ་འབྱོར་མ་ཡིས་བསྟན་པར་བྱ། །ཕྱག་རྒྱ་ཆེ་གེ་མོ་ཁྱེར་ལ། །སེམས་ཅན་དོན་གྱིས་རྡོ་རྗེ་འཛིན། །ཅེས་པའོ། །སློབ་དཔོན་འདིའི་བཞེད་པས་ལྷའི་བུ་མོ་ལ་སོགས་པ་ལ་ཡང་འགྲོགས་པའི་ནུས་པ་ཡོད་པར་བཞེད་པས། དེ་ལྟ་བུའི་ལུང་བསྟན་པའི་བུ་མོ་ལ་སོགས་ དང་པོ་ནས་གོམས་པའི་བུ་མོ་གྲུབ་པ་ཐོབ་པའི་རྣལ་འབྱོར་མ་ལའང་བརྟེན་དུ་འདོད་ནའང༌། འདིར་ལུང་བསྟན་པའི་བུ་མོ་གཙོ་ཆེ་བར་བཞེད་གསུངས། པ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་མངོན་ཏུ་བྱེད་པའི་ཚེ། བདག་དང་ཕྱག་རྒྱ་གཉིས་པོར་རྣམ་སྣང་ བདག་མི་བསྐྱོད་པའི་རྣལ་འབྱོར་པ་ཡིན་ན། རྒྱུད་ཡོངས་སུ་དག་པའི་ཕྱག་རྒྱ་དེ་མ་མཱ་ཀིར་བསྐྱེད་པ་ལ་སོགས་སོ་སོར་སྦྱར། ལ་སོགས་པ་ལྷ་གང་ལ་མེ་ཏོག་ཕོག་པའི་ལྷའི་འདུ་ཤེས་སུ་བྱ། མཁའ་དང་གསང་བ་བྱིན་གྱིས་བརླབས་ཏེ་སྔགས་ཀྱི་འདུ་ཤེས་སུ་བྱ། ཐབས་ཤེས་སྙོམས་པར་ཞུགས་པ་ལས་མཆོག་གི་དངོས་གྲུབ་མངོན་ཏུ་བྱ་སྙམ་པས་ཆོས་ཀྱི་འདུ་ཤེས་བྱས་ཏེ། དེ་ལྟར་འདུ་ཤེས་གསུམ་དང་ལྡན་པས་ཐབས་ཤེས་རབ་སྙོམས་པར་ཞུགས་པ་ལས། གཉིས་ཀའི་ སྒོ་དགུ་དང་བྲལ་བའི་རྩ་ལ་སོགས་པ། རྩ་གནས་ཐམས་ཅད་ནས་བྱང་ཆུབ་ཀྱི་སེམས་ཁམས་དགུའི་དྭངས་མ་རྣམས་རེ་ཞིག་སྤྱི་བོར་ཧྃ་གི་གནས་སུ་འདུ། དེ་ནས་ རྩ་གསུམ་འཛོམ་པའི་གནས། སོ་སོའི་རྩ་གསུམ་ནས་དབང་གི་གནས་སུ་འདུ་བའི་བར་དུ་ཡས་བབ་པའི་ ཐབས་ཀྱི་ཁམས་དྭངས་མ་ཐིག་ལེ་ཟླ་བས་དབང་དུ་བྱས། ཤེས་རབ་ཀྱི་ཁམས་དྭངས་མ་ཐམས་ཅད་རཀྟ་ཉི་མས་དབང་དུ་བྱས་ཏེ་འདུས་ནས། དགའ་བ་བཞི་ཉམས་སུ་མྱོང༌། དེ་ནས་གནས་མཆོག་གི་ཟེ་བར་ཐིག་ལེ་ཉི་ཟླ་གཟས་ཟིན་པའི་དུས་སུ། ཁམས་དྭངས་མ་དེ་རྒྱ་མཚོའི་ནང་གི་ཉི་མའི་དཀྱིལ་འཁོར་རམ། ཉི་མ་འཆར་ཀའི་འོད་ལྟར་ཁ་དོག་སྣ་ཚོགས་པ་མངོན་དུ་བྱེད་ལ། དེའི་ཚེ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཐིག་ལེ་གཅིག་པོ་དེའི་ནང་དུ་ ལག་མཐིལ་གྱི་རི་མོ་བལྟ་བ་བཞིན། མཐོང་བར་འགྱུར། དེ་ཉིད་ལ་ས་བཅུ་གཉིས་པ་ཞེས་ཀྱང་མིང་ཐོབ་བོ། །རྒྱུའི་སྐད་ཅིག་མ་ཟག་བཅས་ཀྱི་བདེ་བ་ཞེས་ཀྱང་བྱའོ། །དེ་ནས་ཐབས་ཤེས་གཉིས་སོ་སོར་རྒྱུད་དག་པར་བྱ་བ་ནི། ཐབས་ཀྱིས་འདྲེན་པའི་བྱེ་བྲག་རིགས་གསུམ་གྱིས་གཡས་ནས་དྲངས། གཡོན་ནས་དྲངས། དབུས་མ་ནས་དྲངས། ཐབས་རྒྱུད་དག་པ། དེ་བཞིན་ཏུ་ཤེས་རབ་ཀྱིས་ཀྱང་དྲངས། ཤེས་རབ་ཀྱི་རྒྱུད་དག་པ། དེའི་མཐར་ གཉིས་ཀའི་རྒྱུད་དག་པ། ཁམས་དགུའི་དྭངས་མར་གྱུར་པ་དེ་དལ་བར་རྒྱུ་བའི་རླུང་ཤིན་ཏུ་འབྱོངས་པར་གྱུར་པ་ཡིས་གཉིས་ཀའི་རྩ་དབུ་མ་ནས། ཡར་གྱེན་ལ་སྤྱི་བོའི་ཧྃ་གི་གནས་སུ་ འོད་ཟེར་གྱི་རྣམ་པར་གྱུར་ནས། ཐིམ་པར་གྱུར་ལ། དེའི་དུས་སུ་མས་བརྟན་པའི་དགའ་བ་བཞིའི་ཉམས་མྱོང་སྐྱེ་ལ། དེའི་མཐར་རླུང་སེམས་ཐམས་ཅད་དབུ་མར་ཐིམ་པས་རྒྱུད་གཉིས་དུས་གཅིག་ཏུ་གྲོལ་ཏེ། འབྲས་བུ་ས་བཅུ་གསུམ་པ་རྡོ་རྗེ་འཛིན་པའི་ཡེ་ཤེས་མངོན་ཏུ་བྱེད་པར་འགྱུར་རོ། །དེའང་གཞུང་ལས། དལ་བར་རྒྱུ་བའི་རིག་པ་ རླུང་འབྱོངས་ནས། ཡིས། །བྱེ་བྲག་གསུམ་དུ་ སོ་སོའི་རྩ་གསུམ། འདྲེན་པར་བྱེད། །སྲོལ་ གཉིས་ཀའི་དབུ་མ། གོང་རྡོ་རྗེའི་སྦུ་གུ་རུ། །ངེས་པར་འདྲེན་པ་ གོང་ན་མེད་པ། ལམ་གྱི་མཆོག གོང་འདྲེན་ན། །དྭངས་མའི་བདུད་རྩིས་ཤིན་ཏུ་གང༌། །གཉིས་ཀའི་རྩ། གསུམ་ནས་བྱུང་ཞིང་ ཕན་ཚུན་ཏུ། གསུམ་སོ་སོའི་རྩ་གསུམ་དང་འདྲེས། །འཁོར་འདས་ཐིག་ལེའི་ནང་དུ་མཐོང༌། ཡོན་ཏན་རྫོགས་ཤིང་མངོན་ཤེས་འཆར། །ཞེས་བྱུང་བ་ལ་སོགས་པའི་དོན་ཏེ། ལམ་དུས་སུ་ཏིང་ངེ་འཛིན་བསྐྱེད་ཅིང་སྦྱངས་པའི་ཚུལ་བསྟན་ཟིན་ཏོ། །གསུམ་པ་འབྲས་བུ་ནི། སློབ་དཔོན་འདིས་སྐུ་གསུམ་ཡན་ལག་བདུན་ལྡན་ཏུ་བཞེད་དེ། དེའང་ཆོས་ཀྱི་སྐུ་ལ་རང་བཞིན་མེད་པའི་ཡན་ལག་གཅིག་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཡིན་ལ། གཞུང་ལས། གཉིས་མེད་རྒྱ་མཚོ་དམ་པ་ཉིད། །ཅེས་བྱ་བ་དང༌། ཡེ་ཤེས་རྒྱ་མཚོ་དམ་པ་ཉིད། །ཅེས་བྱ་བས་བསྟན་ཏོ། །ལོངས་སྤྱོད་རྫོགས་པའི་སྐུ་ཡན་ལག་གསུམ་གྱིས་བསྡུས་ཏེ། ཟག་མེད་ཀྱི་བདེ་བས་ཚིམས་པ་ཁྱད་པར་ཅན་དང་ལྡན་པས་བདེ་ཆེན་གྱི་ཡན་ལག་སྟེ། དེ་ཡང༌། བདེ་བའི་དབང་ཕྱུག་ལྟ་བུར་གཞན། །ཞེས་བྱ་བ་དང༌། ཀུན་ཏུ་འདོད་ཆགས་ཆགས་ཆེན་ལས། །ཞེས་པས་བསྟན་ཏོ། །རང་གི་ ལམ་བསྐྱེད་རྫོགས་ལ་མཉམ་རྗེས་གཉིས་འདོད་ཡོན་མ་སྤངས་པས་འབྲས་བུ་འདོད་ཡོན་གྱི་སྣང་བ་མི་འགགས་པ། ཡེ་ཤེས་ཀྱི་སྣང་བར་གྱུར་པའི་ཡུམ་དང་བཅས་པའི་ཁ་སྦྱོར་གྱི་ཡན་ལག ༑མཚན་དཔེ་འབར་བས་ལོངས་སྤྱོད་རྫོགས་པའི་ཡན་ལག་གོ །སྤྲུལ་པའི་སྐུ་ཡང་ཡན་ལག་གསུམ་ལྡན་ཏེ། རྒྱུའི་ཡན་ལག་ སེམས་ཅན་སུ་ནི་འདུལ་བའི་དུས་ལ་བབ། སུ་ནི་མ་བབ་ཅེས་པའི་ཚུལ་གྱིས་རྟག་ཏུ་གཟིགས་པ། སྙིང་རྗེས་ངེས་པར་གང་བ། འབྲས་བུའི་ཡན་ལག་ལས་ དོན་བྱ་རྒྱུའི་སེམས་ཅན་རྒྱུན་མི་འཆད་པས་དོན་མི་བྱེད་པ་མི་སྲིད་པ། དགག་ཕྱོགས་ཀྱི་ཡན་ལག་འགོག་པ་མེད་པ་དང༌། སྒྲུབ་ཕྱོགས་ཀྱི་ཡན་ལག་ འདུལ་བྱེད་རྒྱུན་མི་ཆད་པས་དོན་བྱེད་པ་ཁོ་ནའོ་གསུངས། རྒྱུན་མི་འཆད་པའོ། །དེའང་གཞུང་ལས། འཇིག་རྟེན་ཁམས་ནི་ཐམས་ཅད་ཀྱི། །མཐའ་ཡས་མཐར་ཐུག་ཐམས་ཅད་དུ། །ཆོས་ཀྱི་འཁོར་ལོ་སྐོར་བས་སོ། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །འབྲས་བུ་ཡེ་ཤེས་ཀྱི་དབང་དུ་བྱས་པ་བསྟན་ཟིན་ཏོ། །དེ་ལྟར་ཚིག་ཉེ་བར་བསྡུ་བ་འདི་དག་གིས་བསམ་གྱིས་མི་ཁྱབ་པ་རྣམ་པ་ལྔ་ལ་བརྟེན་ཏེ་ལམ་ཡོངས་སུ་རྫོགས་པའི་གདམས་ངག་གོ །ས་མཱཔྟ་མི་ཐཱི། ༈ །བསམ་གྱིས་མི་ཁྱབ་པ་རྣམ་པ་ལྔ་ལས། ཡོན་ཏན་བསམ་གྱིས་མི་ཁྱབ་པའི་སྐབས་སུ། ངོ་བོ་ཉིད། ལམ་གྲུབ་མཐའ་ལ་སོགས་པ་སྣ་ཚོགས་སུ་སྣང་ཡང༌། ཆོས་ཉིད་རང་གི་ངོ་བོ་ལས་མི་གཡོ་བར་ཐམས་ཅད་ལ་ཐ་དད་པར་བསྟན་པ། ཐེག་པ་ཆེན་པོའི་མདོ་ལས། སྣང་བྱེད་མཁའ་ལས་མ་གཡོས་ཀྱང༌༑ ༑མཐུན་སྣང་རི་བོའི་ཕག་ཏུ་འགྱུར། །རླུང་གི་ཤིང་རྟས་དྲངས་ཤིང་བསྐྱོད། །ངེས་པར་ རང་རེའི་རིའི་རྩེ་མོ་ཁོ་ན་ནས་འཆར་བས། རྟོགས་ཀྱང་དེ་ལྟར་མིན། །རང་བཞིན་ སེམས་ངོ་བོ་ཉིད། དབྱིངས་ལས་མ་གཡོས་ཀྱང༌། །རྣམ་རྟོག་རི་བོའི་ཕག་ཏུ་འགྱུར། །རྟོག་པ་ རང་རང་གི་གཞུང་ལུགས་ཀྱིས་བསྐྱེད་པའི་ རླུང་གིས་དྲངས་ཤིང་བསྐྱོད། །ངེས་པར་ རང་རང་གི་གྲུབ་མཐའ་བདེན་པ། རྟོགས་ཀྱང་དེ་ལྟར་མིན། །ཞེས་གསུངས་སོ། །ལྟ་བ་ངོ་བོ་ཉིད་ཀྱི་སྐབས་སུ། མེད་པ་རྣམ་པ་དྲུག་ཏུ་གནས་ཏེ། རྒྱུ་དངོས་པོའི་ཆོས་ཉིད་ལ་སེམས་མ་གྲུབ་པས་ རྒྱུ་ཡིས་བསྐྱེད་པ་མེད། རྐྱེན་གྱིས་འཇིག་པ་མེད། དེས་འགྲེ། དཔེས་མཚོན་དུ་མེད། སེམས་ལ་ཆ་ཤས་མེད་པས་ གཉེན་པོས་སྤང་བླང་མེད། ངོ་བོ་ཉིད་སྦྱངས་པས་བཟང་དུ་མི་འགྲོ་བས་ ལམ་གྱིས་སྦྱང་དུ་མེད། འཁོར་འདས་ཀྱི་ཆོས་ལ་ཁྱད་པར་མེད་པས་ འབྲས་བུ་ལ་རེ་དོགས་མེད་དོ། །རྣལ་འབྱོར་པའི་ལམ་ཉམས་སུ་ལེན་པའི་དུས་ན་ ཞེན་ནམ་སྒྲོ་བཏགས་ན། ཡོད་པ་རྣམ་པ་དྲུག་གིས་ བྱིང་རྒོད་ཀྱི་རྐྱེན་གྱིས་འཇིག །གཟུགས་བརྙན་སོགས་ཀྱིས་མཚོན། རྟོག་པ་སྤངས་ཤིང་མི་རྟོག་པ་སྐྱེ། བོགས་འབྱིན་གྱིས་གོང་ནས་གོང་དུ་སྦྱང་དུ་རུང༌། རྟུན་པ་ཅན་ཚེ་གཅིག་གིས་འབྲས་བུ་ཐོབ། འབྲིང་བར་དོར། ཐ་མ་སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་ཆད་ཀྱིས་ཐོབ་ཏུ་ཡོད་པས་ ཉམས་སུ་ལེན་དགོས་ཏེ། རྒྱུ་ཡིས་ ཉམས་མྱོང་དབང་གསུམ་པ་སོགས་ཀྱིས། བསྐྱེད་པ་ཡོད་ཅེས་བྱ་བ་ལ་སོགས་བྱའོ། །གཞན་ཡང་ དུས་གསུམ་དུ་མི་འགྱུར་བས་ན། དེ་བཞིན་ཉིད། མ་བཅོས་པའི་དོན་གྱིས་ན་ དངོས་པོའི་གནས་ལུགས། ཡེ་ནས་གནས་པས་ན་ སྔོན་དུ་གྲུབ་པའི་ཆོས་ཉིད། འཁོར་འདས་ཐམས་ཅད་ལ་བཟང་ངན་མེད་པར་ཁྱབ་པའི་དོན་གྱིས་ན་ རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས། འཁོར་འདས་ཀྱི་འབྲས་བུ་བྱེད་པ་ཡིན་པས་ན་ སློབ་དཔོན་སེམས་ཀྱི་རྒྱལ་པོའོ། །ཡང་དེ་རྟོགས་བྱའི་ཡེ་ཤེས། དེ་བཞིན་ཉིད་རྟོགས་པ་ལ་སོགས་པ་ལ་རིམ་གྱིས་སྦྱར། རྟོགས་པའི་ལྟ་བ། སོ་སོ་རང་རང་གི་རིག་པ། ཆོས་ཉིད་ཚུལ་བཞིན་ཡིད་ལ་བྱེད་པ། རྣལ་འབྱོར་ འདི་ནས་ལམ་སྣ་ཟིན་པས་གསུངས། པའི་ས་དང་པོའོ། །དེ་དག་ཐམས་ཅད་མིང་གི་རྣམ་གྲངས་སོ། །ཤུ་བྷྃ། ༈ །བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །སློབ་དཔོན་འདིའི་ལུགས་ཀྱི་ལོག་གནོན་རྣམ་པ་ལྔ་སྟེ། འཁོར་ལོ་ལྟར་བསྐོར་བ། དྲུ་གུ་ལྟར་དྲིལ་བ། བུ་ག་མང་པོའི་སྦྱོར་བ། སྟེང་འོག་གི་འཁོར་ལོ་མེད་པ་ལ་བསླབ་པ། རབ་ཏུ་དམའ་བའི་སྦྱོར་བ་ལ་བསླབ་པའོ། །དང་པོ་ནི། ལུས་ཁེངས་པ་སྙམ་བྱེད་ཅིང་ན་བ་ལ་སོགས་པ་བྱུང་ན། ལྟེ་བའི་གནས་སུ་འཁོར་ལོ་རྩིབས་བརྒྱད་སེར་པོ་གཅིག་བསམས་ལ། འཁོར་ལོ་དེ་དང་པོ་གཡས་སུ་འཁོར་བར་བསྒོམ། དེས་མ་བདེ་ན་གཡོན་ཏུ་འཁོར་བར་བསྒོམ། དེ་ལྟར་འཁོར་བར་ཇེ་ཆེ་ཇེ་ཆེར་སོང་བས་ལུས་ཀྱང་ཇེ་ཆེར་སོང་བར་བསྒོམ། དེས་ཤིན་ཏུ་ཆེར་སོང་བར་སྙམ་བྱེད་ན། འཁོར་ལོ་བློས་བཏང་ལ། ལུས་ནང་སྟོང་པ་དེ་ནམ་མཁའ་ལ་དེངས་ཤིང་ཡས་ཏེ་མེད་པར་བསམ། དེས་འཕྲལ་དུ་སྐྱོན་ལས་གྲོལ་ལོ། །གཉིས་པ་ནི། སྙིང་ག་ལ་སོགས་པའི་ལུས་ཁོལ་བུར་དམིགས་ཀྱིས་ན་བ་བྱུང་ན། གང་ན་ས་དེར་བུ་ག་གཅིག་སེང་གིས་བྱུང་བར་བསམས་ལ། དེ་ནས་དབུགས་ཕྱིར་དྲག་ཏུ་བཏང་ཞིང༌། སེམས་ཀྱིས་རླུང་ཁ་དོག་སྔོན་པོ། སྦོམ་ཕྲ་རྟ་རྔ་ཚད་ཙམ་གཅིག་བྱུང་ནས་ཕྱི་རོལ་ཏུ་ཁྲུ་གང་པ་ཧྲིལ་ལི་ལི་འདྲིལ་བར་བསམ། དེ་ནས་ཅུང་ཞིག་དམིགས་པ་དེ་བློས་དོར། དེ་ནས་ཡང་བུ་ག་དེ་ཆེར་སོང་ནས་རླུང་ཡང་སྔར་བས་སྦོམ་དུ་སོང་བར་དམིགས་ཏེ། སྐུད་པའི་ཚད་ཙམ་ནས་ཐག་པའི་ཚད་ཙམ་གྱི་བར་དུ་སོང་བར་དམིགས་པ་སྔར་བཞིན་ཏུ་དྲིལ་བར་བསམ། དེས་འཕྲལ་དུ་སྐྱོན་ལས་གྲོལ་ལོ༑ ༑གསུམ་པ་ནི། ལུས་ཐམས་ཅད་ཁྱབ་པར་ན་ན། ལུས་ཐམས་ཅད་ལ་ཚགས་སའི་མིག་བཞིན་ཏུ་བུ་ག་མང་པོ་བྱུང་སྟེ། དེ་དག་ཐམས་ཅད་ནས་རླུང་ཕྱིར་སྔོ་བུན་བུན་འགྲོ་བར་བསམས་ཤིང་། དབུགས་ཕྱིར་དྲག་ཏུ་བུས་ལ་བཏང༌། སྐྱོན་འཕྲལ་དུ་སེལ། ཁམས་ལ་ཅུང་ཞིག་གནོད་གསུངས། བཞི་པ་ནི། ལུས་ཀྱི་སྟོད་དུ་ན་ཞིང་མི་བདེ་ན། མགྲིན་པ་ཡན་ཆད་ཧན་དང་དུ་སྟོང་པར་བསམས་ལ། དེ་ནས་ཡར་རླུང་སྔོ་བུན་བུན་འགྲོ་བར་བསམ་ཞིང་༑ དབུགས་ཕྱིར་དྲག་ཏུ་བཏང༌། ལུས་ཀྱི་སྨད་དུ་ན་ཞིང་མི་བདེ་ན། སྨད་ཉིད་ཧན་དང་སྟོང་པར་བསམས་ལ། དེ་ནས་མར་རླུང་ཐུར་ལ་ དེས་གལ་ཏེ་ཐུར་དུ་འགྱུ་ན་འོག་རླུང་དྲག་ཏུ་བསྐུམ་པས་ཆད་གསུངས། སྔོ་བུན་བུན་འགྲོ་བར་བསྒོམ། དེ་དག་གིས་འཕྲལ་དུ་སྐྱོན་ལས་གྲོལ་ལོ། །ལྔ་པ་ནི། མཆོང་རྒྱུག་ལ་སོགས་པ་དུ་མ་བྱུང་ན། རང་གི་འདུག་སའི་འོག་དེ་དོང་ལྟ་བུ་ཤིན་ཏུ་དམའ་བར་བསམས་ཏེ། དེ་ནས་མར་རང་གི་ལུས་བྱིང་བར་བསམ། དེས་མི་སེལ་མི་སྲིད་གསུངས། ལོག་གནོན་རྣམ་པ་ལྔའི་མན་ངག་ས་མཱཔྟ་མི་ཐཱི། །སརྦ་མངྒ་ལཾ།། །།