སློབ་དཔོན་ཏོག་རྩེ་པའི་ལམ་བསམ་གྱིས་མི་ཁྱབ་པ་ལྔའི་ལོ་རྒྱུས།

From Damngak Dzö
DNZ-06-CHA-008-002
Wylie title slob dpon tog rtse pa'i lam bsam gyis mi khyab pa lnga'i lo rgyus DNZ-06-CHA-008.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 6, Text 8, Subtext 2, Pages 121-125 (Folios 9a4 to 11a2)
Author རྗེ་བཙུན་གྲགས་པ་རྒྱལ་མཚན་
Citation Rje btsun grags pa rgyal mtshan. Slob dpon tog rtse pa'i lam bsam gyis mi khyab pa lnga'i lo rgyus. In Gdams ngag rin po che'i mdzod, Vol. 5: 121-125. Kalimpong: Rigpe Dorje Publications, 2024.
Side notes Recto: tog tse'i gdams ngag   Verso: sa skya'i skor
More details More details
Associated People (Kuddālapāda)
Genre History Texts - lo rgyus
Colophon

ལོ་རྒྱུས་བསྟན་ཟིན་ཏོ།

lo rgyus bstan zin to/

[edit]
༈ །།སློབ་དཔོན་ཏོག་རྩེ་པའི་ལམ་བསམ་གྱིས་མི་ཁྱབ་པ་ལྔའི་ལོ་རྒྱུས་བཞུགས་སོ། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་གིས་སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མར་བསྟན་ནས། སློབ་དཔོན་རྟ་མཆོག་ལ་དབང་བསྐུར་ཞིང་བསམ་མི་ཁྱབ་ལྔ་ཡིས་གདམས་ཏེ། སློབ་དཔོན་ཨུ་རྒྱན་གྱི་གནས་སུ་སྐུ་འཁྲུངས། དུར་ཁྲོད་ཀྱི་གནས་སུ་གནས་པའི་ཚེ། ཨུ་རྒྱན་གྱི་རྒྱལ་པོ་རིན་པོ་ཆེ་ཨིནྡྲ་བྷུ་ཏི་ཞེས་པའི་འཁོར་རྣམས་ཀྱིས་ཡང་ནས་ཡང་དུ་འཚེ་བ་བྱས་པ་ལས། ཡུལ་ཐམས་ཅད་རྟས་གང་བར་བྱས་ཏེ། འབྲས་ཀྱི་ཞིང་ཐམས་ཅད་མེད་པར་བྱས་པས་མཐར་སྤྲུལ་པ་བསྡུས་ཏེ། དེ་ཉིད་ཀྱིས་རྒྱལ་པོ་བཏུལ་ནས་རྡོ་རྗེ་ཐེག་པ་ལ་བཀོད་དོ། །དེས་དབང་བསྐུར་ཞིང་གདམས་ངག་གནང་བ་ནི་སློབ་དཔོན་ཆེན་པོ་བཱི་ཎི་པ་ཏྲ་ཞེས་བྱ་བ་ཡིན་ཏེ། ཐ་མལ་པའི་རིགས་མེ་ཏོག་འཚོང་བ་གྲུབ་པ་བརྙེས་པས་སྤྱོད་ལམ་ཏམྦུ་རའི་རྩེད་མོས་འདའ་བས་ཏམྦུ་རའི་ཞབས་ཞེས་པ་ཡིན་ནོ། །དེ་དུས་རྒྱལ་པོ་ངོ་མཚར་སྐྱེས་ནས་བཏུལ་ཏེ། དེས་དབང་བསྐུར་ཞིང་གདམས་ངག་གནང་བ་ནི་རྒྱལ་པོ་ཨིནྡྲ་བྷུ་ཏི་ཡིན་ཏེ། མཆོག་དབང་རིན་པོ་ཆེ་ཐོབ་པའི་དེ་ཉིད་དུ་དབང་གདམས་ངག་ཅིག་ཅར་རྫོགས་པ་ལས་མཚན་གཅིག་གིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པས། རྒྱལ་ཁམས་གཅིག་གི་གྲོང་པ་རྣམས་མཁའ་སྤྱོད་དུ་འགྲོ་ནུས་པའོ། །དེས་དབང་བསྐུར་ཞིང་གདམས་ངག་གནང་བ་ནི་ལེགས་སྨིན་བྱ་བ་དཔལ་མོ་ཆུང་ངུ་ཡིན་ཏེ། དེས་ཡང་དག་པའི་དོན་ཡིད་ལ་བྱས་པ་ལས། ལུས་དེ་ཉིད་ཀྱིས་དྲོད་རྟགས་རྣམས་མངོན་དུ་བྱས་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་དུ་འགྱུར་བ་ཡིན་པས། འགྲོ་བ་གཞན་གྱི་དོན་དུ་གྱུར་ན་འཁོར་ལོ་སྤྲོ་ཞིང་བསྡུ་བ་ལ་སོགས་པ་མང་དུ་བྱེད་ནུས་པའོ། །དེས་དབང་བསྐུར་ཞིང་གདམས་ངག་གནང་བ་ནི་སློབ་དཔོན་སྒེག་པའི་རྡོ་རྗེ་ཡིན་ཏེ། དྲོད་ཀྱི་ཡེ་ཤེས་ལ་དབང་ཐོབ་པས་རྒྱན་དྲུག་དང་ལྡན་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་མཛད་པ་ཤར་ཕྱོགས་སུ་སྐུ་འཁྲུངས་པ་དེ་ཉིད་ཀྱིས་མཆོག་གི་དངོས་གྲུབ་ཐོབ་བོ། །དེས་དབང་བསྐུར་ཞིང་གདམས་ངག་གནང་བ་ནི། སློབ་དཔོན་གུནྡྷི་རི་ཞེས་བྱ་བ་ཡིན་ཏེ། ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་གྱི་དགོན་པ་ཞིག་ལ་གནས་པའི་ཚེ། ཟས་ཀྱི་བྱ་བ་ཐམས་ཅད་བྱེའུ་གུནྡྷི་རི་ཞེས་བྱ་བའི་ཚོད་མ་དཔག་ཏུ་མེད་པ་བྱས་ཏེ་ཚིམས་པ་དང༌། ཁ་ནས་སྤུར་གཏོང་བ་དང་། དེ་འདྲ་བའི་བསད་གསོ་ལ་སོགས་པས་ཚར་བཅད་པ་དང༌། རྗེས་སུ་བཟུང་གིས་འགྲོ་བ་མང་པོ་འདུལ་བའོ། །དེའི་སློབ་མ་ནི་སློབ་དཔོན་ཆེན་པོ་པདྨ་བཛྲ་ཆུང་བ་ཡིན་པར་བཞེད་དོ། །ཕྱག་དང་ཞབས་ལ་པདྨའི་རི་མོ་གསལ་བར་ཡོད་པ། ཡུངས་འབྲུ་གཅིག་གི་ནང་དུ་སྟོང་གསུམ་ཚུད་པ་ལ་ཆེ་ཆུང་མེད་པ། ཆུ་བོ་གྱེན་ལ་བཟློག་ཅིང་རྩིགས་པ་དང་རི་ལ་ཐོགས་པ་མེད་པ། ཁྱད་པར་དུ་སྙིང་རྗེ་ཆེན་པོས་དུད་འགྲོ་གདུག་པ་ཅན་ལ་སོགས་པ་འཆིང་ནུས་པ། ཕྱག་རྒྱ་པདྨ་ཅན་ལ་བརྟེན་ནས་ལུས་དེ་ཉིད་ཀྱིས་མཆོག་གྲུབ་བོ། །དེས་དབང་བསྐུར་གདམས་ངག་གནང་བ་ནི་སློབ་དཔོན་ཆེན་པོ་དཔལ་ལྡན་ཆོས་ཀྱི་སྡེ་ཡིན་ཏེ། ཡང་དག་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པ་ཉིད་ཀྱིས་སྤང་བྱ་འཇིག་རྟེན་ཆོས་བརྒྱད་སྤོང་ནུས་པ་དང༌༑ བྱ་བ་གང་གིས་ཀྱང་གདུལ་བྱའི་བསམ་པ་ཚིམ་ནུས་པ་དང༌། ལུས་དེ་ཉིད་ཀྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་བོ། །དེས་དབང་བསྐུར་ཞིང་གདམས་ངག་གནང་བ་ནི་དཔལ་ལྡན་བཟང་པོའི་ཞབས་ཡིན་ཏེ། ཨིནྡྲ་བྷཱུ་ཏི་ཆུང་བ་དང༌། ནུས་པ་འགྲན་པའི་ཚེ་ཞལ་བྱེ་བ་ལ་སོགས་པར་སྤྲུལ་ནས་རྒྱལ་པོ་ཕམ་པར་བྱས་པ་དང༌། རྒྱལ་པོའི་གཟུགས་དང་ལོངས་སྤྱོད་ཀྱི་ང་རྒྱལ་རྣམས་མེད་པར་ནུས་པའོ། །དེས་དབང་བསྐུར་ཞིང་གདམས་ངག་གནང་བ་ནི་དཔལ་ལྡན་ཏོག་རྩེ་ཞབས་ཡིན་ཏེ། རིགས་ངན་སོ་ནམ་པའི་རིགས་ཡིན་པ་ལ། རྒྱལ་པོའི་སྐྱེད་མོའི་ཚལ་དང་ལྡུམ་ར་ལ་སོགས་པའི་བྱ་བ་བྱེད་པ་ལ་ཡིད་གཞུང་པ་དང༌། དབང་དང་གདམས་ངག་གི་དུས་ཉིད་ནའང་རྟོགས་པ་མཆོག་ཏུ་གྱུར་པ་སྟེ། སྡེ་སྣོད་གསུམ་གྱིས་བསྡུས་པའི་སྒྲ་དོན་ཐམས་ཅད་ལ་ཐོགས་པ་མེད་ཅིང་མ་རྨོངས་པར་གྱུར་པ་དང༌། ཕྱིའི་རིག་བྱེད་བཞི་ལ་སོགས་པ་དང༌། ནང་རྒྱུད་སྡེ་བཞི་ལ་སོགས་པ་ལ་སྒྲོ་འདོགས་གཅོད་པའི་ཤེས་རབ་ཅན། རང་གི་བླ་མའི་གསུང་གཅིག་གིས་འཁོར་འདས་དབྱེར་མེད་དུ་རྟོགས་པར་ནུས་པ་དང༌། ལྷག་མཐོང་གི་ཏིང་ངེ་འཛིན་དུ་མ་ལ་བརྟེན་ནས་བདག་གི་རྟོགས་པ་ཡི་གེར་བཀོད་པ་ཡིན་ནོ། །དེ་ལྟར་དམ་པ་དགུ་དགོངས་རྒྱུད་གཅིག་པའི་དབང་དུ་བྱས་ནས། གཏམ་རྒྱུད་ཅི་རིགས་པར་བརྗོད་པ་ཙམ་མོ། ། ཨྠིྀ། སློབ་དཔོན་ཏོག་རྩེ་ཞབས་ཀྱི་རྗེས་ལ་ཤིང་ལོ་པ་ནི། གདན་དུ་ཤིང་གི་འདབ་མ་བཏིང་ཞིང་ཤིང་ལོའི་ན་བཟའ་གསོལ་བས་སོ། །དེའི་རྗེས་ཀརྞ་པ་ནི། ཀརྞ་པ་ཞེས་བྱ་བ་སྙན་ཤལ་རིང་བས་སོ། །དེའི་རྗེས་ལ་དཔའ་བོ་རྡོ་རྗེ་ནི་རྟེན་རབ་ཏུ་བྱུང་བའོ། །ཌཱ་ཀི་མས་ཕྱག་ནས་གཏོར་མ་ལེན་པ་དང༌། གྲོམ་པ་རྒྱང་དུ་བྱོན་ནས། དགུན་གྲང་ཙམ་ན་ལྷོ་བལ་དུ་ཕར་གཤེགས་སྐད། དེའི་རྗེས་ལ་བོད་ཀྱི་སློབ་དཔོན་ནི། མང་མཁར་མུ་གུ་ལུང་པ། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས། མཁར་ཆུང་བ་ ཀུན་རིག དགོན་པ་བ་ ཆོས་འབར། དེས་བླ་མ་ས་སྐྱ་པ་ ཀུན་དགའ་སྙིང་པོ། ལ་གདམས་པའོ། །ལོ་རྒྱུས་བསྟན་ཟིན་ཏོ།