གདམས་ངག་མཛོད་ཀྱི་དཔེ་སྐྲུན་གསལ་བཤད།

From Damngak Dzö
DNZ-KARCHAG-001
Wylie title gdams ngag mdzod kyi dpe skrun gsal bshad DNZ-KARCHAG-001.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 0, Text 1, Pages 1-16 (Folios 1a1 to 8b3)
Author ཤེས་རབ་རྒྱལ་མཚན་ནེ་གཱི་
Citation Mkhan po Shes rab rgyal mtshan ne gI. Gdams ngag mdzod kyi dpe skrun gsal bshad. In Gdams ngag rin po che'i mdzod, Karchag: 1-16. Kalimpong: Rigpe Dorje Publications, 2024.
Side notes   Verso: dpe skrun gsal bshad
More details More details
Genre
Colophon

ཅེས་སྨོན་ཚིག་གིས་མཐའ་བརྒྱན་ཏེ་དཔེ་སྐྲུན་གསལ་བཤད་དུ་རིག་པའི་རྡོ་རྗེ་གཙུག་ལག་སློབ་གཉེར་ཁང་གི་ཡིག་གསོག་དང་རྩོམ་སྒྲིག་སྡེ་ཚན་གྱི་འགན་འཛིན་མཁན་པོའི་མིང་ཙམ་འཛིན་པ་ཤེས་རབ་རྒྱལ་མཚན་ནེ་གཱི་ནས་སྤྱི་ལོ་༢༠༢༣ སྤྱི་ཟླ་༡༡ ཚེས་༤ ཉིན་སྤེལ་བ་དགེའོ།།

ces smon tshig gis mtha' brgyan te dpe skrun gsal bshad du rig pa'i rdo rje gtsug lag slob gnyer khang gi yig gsog dang rtsom sgrig sde tshan gyi 'gan 'dzin mkhan po'i ming tsam 'dzin pa shes rab rgyal mtshan ne gI nas spyi lo 2023_spyi zla 11_tshes 4_nyin spel ba dge'o//

[edit]

༄༅། །གདམས་ངག་མཛོད་ཀྱི་དཔེ་སྐྲུན་གསལ་བཤད་ཅེས་བྱ་བ་བཞུགས་སོ། །

༄༅། །སྤྱིར་དམ་པའི་ཆོས་ནི་འགྲོ་བའི་སྡུག་བསྔལ་མ་ལུས་པ་ཞི་བར་བྱེད་པའི་སྨན་དང་གཏན་གྱི་བདེ་བ་དམ་པ་མཐའ་དག་འབྱུང་བའི་གནས་གཅིག་པུ་སྟེ་འགྲོ་བ་ཀུན་གྱི་རེ་བའི་ཡོལ་གོ་ཕྱུར་བུར་འགེངས་པའི་ཐབས་མཆོག་ཏུ་གྱུར་པ་ཡིན། ཁྱད་པར་བདག་ཅག་གི་སྟོན་པ་མཉམ་མེད་བུ་རམ་ཤིང་པའི་བསྟན་པ་ནི་བསྐལ་བཟང་སངས་རྒྱས་སྟོང་གི་བསྟན་པ་གཞན་ཀུན་ལས་ཁྱད་དུ་འཕགས་པ་མདོ་སྔགས་ཟུང་དུ་འབྲེལ་བས་རྨད་དུ་བྱུང་བ་སྟེ། དེ་འདྲའི་བསྟན་པ་ཡོངས་རྫོགས་སྔར་འཕགས་ཡུལ་དུ་ཤིན་ཏུ་དར་ཁྱབ་ཆེ་བས་གྲུབ་པའི་གོ་འཕང་བརྙེས་པ་དང་འབྲས་བུ་བཞི་ཐོབ་པའི་སྐྱེ་བོ་ས་ཡི་རྡུལ་གྲངས་དང་མཉམ་པ་བྱུང་མོད། འོན་ཀྱང་བསྟན་ལ་སྡང་བའི་དགྲའི་གནོད་པ་བསྟུད་མར་བྱུང་བའི་རྐྱེན་པས་མིང་གི་ལྷག་མ་ཙམ་དུ་གྱུར། དེ་ལས་ཁྱིམ་མཚེས་རྒྱལ་ཁབ་རྣམས་སུ་བསྟན་པ་དར་ཁྱབ་བྱུང་བ་ལས་ཡུལ་ལྗོངས་གཞན་རྣམས་སུ་ཕྱོགས་རེ་ཙམ་ལས་དར་ཁྱབ་བྱུང་མེད་ཀྱང་། བོད་ཡུལ་འདིར་ནི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་དྲིན་ལས་མདོ་སྔགས་ཀྱི་བསྟན་པ་ཡོངས་རྫོགས་འཕགས་ཡུལ་དང་གཉིས་སུ་མེད་པ་དར་ཁྱབ་བྱུང་ཡོད། དེས་ན་བཤད་བརྒྱུད་འདེགས་པའི་བཀའ་ཆེན་བཅུ་གཉིས་དང་། སྒྲུབ་བརྒྱུད་འདྲེན་པའི་རིང་ལུགས་ལ་ཆེ་ཕྲ་དུ་མ་བྱུང་ཡང་གཙོ་བོའི་རིགས་སུ་བསྡུས་ན་ཤིང་རྟ་ཆེན་པོ་བརྒྱད་དུ་གནས་པ་ཡིན། དེ་ཡང་འདི་ལྟར་སངས་རྒྱས་གཉིས་པ་པདྨ་ཀ་ར་སོགས་སྒྲུབ་པའི་སློབ་དཔོན་རྣམས་ལས་བརྒྱུད་པ་བསྟན་པའི་གཞུང་ཤིང་འདུས་པ་མདོ་དང་སྒྱུ་འཕྲུལ་སེམས་སྡེ་བཅས་ལ་སྒྲུབ་སྡེ་བརྒྱད་ཡན་ལག་དང་བཅས་པའི་ཟབ་ཆོས་ཀྱིས་ཟུར་བརྒྱན་པའི་རྫོགས་པ་ཆེན་པོ་ཐིག་ལེ་གསང་སྐོར་སྲོག་ཐིག་དྭངས་མའི་ཚུལ་དུ་གནས་པའི་ཆོས་ཚུལ་བཀའ་མ་དང་། གུ་རུའི་རྣམ་འཕྲུལ་མཆོག་གཉིས་གླིང་པ་བརྒྱད་ལ་སོགས་པས་གཏེར་ལས་བཞེས་པའི་གཏེར་མའི་ཆོས་ཚུལ་གཉིས་སུ་གནས་པ་སྔ་འགྱུར་རྙིང་མ་དང་། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་རྣམ་འཕྲུལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡོངས་སུ་རྫོགས་ཤིང་གཞུང་ལུགས་གདམས་ངག་དང་ཟུང་དུ་འབྲེལ་བའི་བསྟན་བཅོས་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་ནས། དེ་ཡི་ནང་དུ་དམ་པའི་ཆོས་སྒོ་མདོ་སྔགས་ཡོངས་རྫོགས་འདུས་ཤིང་དབུ་མའི་ལྟ་བ་དང་འདུལ་བའི་སྤྱོད་པ་གཙོར་སྟོན་པའི་བཀའ་སྲོལ་གཏོད་པ་བཀའ་གདམས་པ་དང་། སྤྱིར་བི་རཱུ་པ་སོགས་རྒྱ་གར་གྲུབ་ཆེན་རྣམས་ཀྱིས་དགྱེས་རྡོར་གཙོ་བོར་གྱུར་པའི་བླ་མེད་རྒྱུད་སྡེ་རྣམས་ཀྱི་སྙིང་བཅུད་ལམ་འབྲས་བུ་དང་བཅས་པའི་ལམ་སྐོར་སོགས་ལམ་སྐོར་དགུ་བླ་ཆེན་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ལ་བཀའ་བབས་པ་དང་། ཁྱད་པར་གྲུབ་ཆེན་ག་ཡ་དྷ་ར་བོད་དུ་ལན་གསུམ་ཕེབས་པའི་ཐོག་མར་འབྲོག་མི་ལ་དགྱེས་རྡོར་མན་ངག་ལུགས་ཀྱི་གདམས་པ་ཡོངས་སུ་རྫོགས་པར་བསྩལ་བ་ལས་སྲོལ་དུ་གཏོད་པ་ལམ་འབྲས་བུ་དང་བཅས་པའི་རིང་ལུགས་དང་། སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱ་བ་ལུས་སྲོག་འབེན་དུ་འཛུགས་པའི་སྙིང་སྟོབས་ཀྱིས་འཕགས་ཡུལ་དུ་ལན་གསུམ་བརྟོལ་ཏེ། ནཱ་རོ་མེ་ཏྲིས་གཙོས་གྲུབ་ཐོབ་ཀྱི་བླ་མ་མང་པོ་བསྟེན་ཅིང་བཀའ་བབས་བཞི་ལྡན་གྱི་གདམས་པ་གཙོ་བོར་གྱུར་པའི་གདམས་པའི་ཉི་འོད་མ་ལུས་པ་དད་བརྩོན་ཤེས་རབ་ཆེན་པོས་གཉེན་དུ་བཀུག་པས་ཉམས་རྟོགས་ཀྱི་སྦྲང་རྩི་རབ་ཏུ་གཏམས་པའི་བློ་གྲོས་ཀྱི་འདབ་སྟོང་མངོན་པར་བཞད་པས། རྗེ་ནཱ་རོ་དང་མེ་ཏྲི་ཟུང་གིས་བྱང་ཕྱོགས་ཁ་བ་ཅན་འདུལ་བའི་རྒྱལ་ཚབ་ཏུ་མངའ་གསོལ་པ་བཞིན་བོད་ཀྱི་མགོན་དུ་བྱོན་ཏེ། ཇི་སྐད་དུ། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །ཞེས་པ་བཞིན་སྐལ་ལྡན་གྱི་གདུལ་བྱ་མང་པོ་ངང་གིས་མགྲོན་དུ་འདུ་ཞིང་རྒྱུད་དང་མན་ངག་གི་སྦྲང་རྩི་ངོམས་པར་སྤྱོད་པས་མཁས་གྲུབ་ཀྱི་ཚང་བརྡོལ་ཏེ་བཤད་བརྒྱུད་དང་སྒྲུབ་བརྒྱུད་ཀྱི་བཀའ་སྲོལ་དར་ཞིང་རྒྱས་པ་བྱུང་བ་མངའ་བདག་མར་པ་བཀའ་བརྒྱུད་དང་། རྡོ་རྗེ་འཆང་དངོས་ལས་ཆོས་གསན་པའི་ཡེ་ཤེས་ཀྱི་ཌཱ་ཀི་ནི་གུ་མ་དང་། སུ་ཁ་སིདྡྷི་རྣམ་གཉིས་གཙོས་མཁས་གྲུབ་ཀྱི་བླ་མ་བརྒྱ་དང་ལྔ་བཅུའི་ཐུགས་བཅུད་ཆོས་ཀྱི་གསང་མཛོད་མ་ལུས་པ་གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་གྱིས་བླངས། གཏུམ་མོ་མཐར་ཐུག་དགྱེས་རྡོར། ལས་རྒྱ་མཐར་ཐུག་བདེ་མཆོག །སྒྱུ་ལུས་དང་འོད་གསལ་མཐར་ཐུག་གསང་འདུས། རྨི་ལམ་མཐར་ཐུག་མ་ཧཱ་མ་ཡཱ། འཕྲིན་ལས་མཐར་ཐུག་རྡོ་རྗེ་འཇིགས་བྱེད་མཛད་དེ་རྒྱུད་སྡེ་ལྔ་སྐུ་ཡི་གནས་ལྔར་དངོས་སུ་བསྒྲུབས་པས། ཡེ་ཤེས་ཀྱི་སྐུ་བརྙེས་པ་མདའ་བསྣུན་ཞབས་སོགས་དང་མི་གཉིས་པའི་གྲུབ་པའི་སར་བཞུགས་ཤིང་། བསམ་གྱིས་མི་ཁྱབ་པའི་ཆོ་འཕྲུལ་ཆེན་པོས་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་བསྐོར་བའི་ལམ་སྲོལ་བཤད་པ་དང་། རྩོད་པ་དང་། སྒྲུབ་པའི་ལམ་རིམ་གསུམ་དུ་གནས་པ་ལས་ཕྱི་མ་སྒྲུབ་པའི་ལམ་རིམ་གྱི་སྙིང་པོའི་བཅུད་གསེར་ཆོས་གཙོ་བོར་གྱུར་པའི་ཆོས་སྐོར་ལྔ་མན་ངག་ཐོར་བུ་དང་བཅས་པ་ནི་ཤངས་པ་བཀའ་བརྒྱུད་པའི་ཤིང་རྟའི་ལམ་སྲོལ་དང་། རྗེ་བཙུན་ཀ་མ་ལ་ཤཱི་ལས་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞི་བསྟེན་ཅིང་ཐུན་མོང་གི་དངོས་གྲུབ་བརྙེས་ཏེ་དགུང་ལོ་ལྔ་བརྒྱ་དང་བདུན་ཅུ་བཞུགས། ཐུགས་དམ་བདེ་གཤེགས་བཅུ་གཉིས་སོགས་སངས་རྒྱས་དུ་མ་དང་མཁའ་སྤྱོད་ཀྱི་བླ་མ་སུམ་ཅུ་རྩ་དྲུག་ཞལ་གཟིགས་ཏེ་བྱིན་རླབས་དང་དམ་པའི་བཅུད་བརྙེས་པས་མཆོག་གི་དངོས་གྲུབ་ཐོབ། བོད་དང་རྒྱ་ནག་ཏུ་ལན་ལྔར་ཕེབས་པའི་མཐར་དིང་རིར་བཞུགས། གཞུང་ཨཱ་ལི་ཀཱ་ལི་ཆུ་ཀླུང་ཆེན་པོའི་རྒྱུད་དང་། ཕྱག་རྒྱ་ཆེན་པོ་བརྡའ་ཡི་རྒྱུད་སོགས་ལ་བརྟེན་ནས་ཐབས་ཉིད་ཀྱི་རྣམ་པར་ཐར་པ། རྟེན་སྡོམ་པ་གསུམ་ལྡན། ལམ་བཀའ་ཐུབ་ཀྱི་སྲང་། འབྲས་བུ་གཞན་དོན་སྤྱོད་པ་གསུམ་སོགས་ཟབ་མོའི་ཆོས་ཚུལ་གྱིས་ལས་ཅན་འགྲོ་བ་གནམ་གྱི་སྐར་མའི་གྲངས་ལྡན་མང་པོ་སངས་རྒྱས་ཀྱི་ས་ལ་བསྒྲལ་བར་མཛད་པའི་ཆོས་ཚུལ་དེ་ནི་ཆོས་གཞན་དང་མི་འདྲ་བར་འབྲས་བུ་སྡུག་བསྔལ་དངོས་སུ་སྦྱངས་པའི་ཤུགས་ལ་ཉོན་མོངས་དྲུངས་འབྱིན་པའི་ཐབས་ཤིན་ཏུ་ཟབ་པས་སྤྱི་མིང་སྒེར་དུ་ཆགས་པ་དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་ཤིང་རྟའི་བཀའ་སྲོལ་དང་། གསང་བདེ་དགྱེས་དུས་སོགས་རྒྱུད་སྡེ་རྣམས་ཀྱི་རྫོགས་རིམ་ཐམས་ཅད་ཀྱི་སྙིང་བཅུད་རྡོ་རྗེ་གསུམ་གྱི་རྣལ་འབྱོར་དང་འབྲེལ་བའི་སྦྱོར་བ་ཡན་ལག་དྲུག་ཅེས་བྱ་བ་བླ་མེད་རྒྱུད་ནས་གསུངས་པའི་རིམ་གཉིས་ཐམས་ཅད་ཀྱི་སྐྱེལ་སོ་རྣལ་འབྱོར་ཀུན་གྱི་རྩེ་མོ་རྡོ་རྗེའི་རྣལ་འབྱོར་གྱི་བཀའ་སྲོལ་དང་། རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ་དངོས་ཀྱིས་གྲུབ་ཆེན་ཨོ་རྒྱན་པ་རིན་ཆེན་དཔལ་ལ་ཐུགས་ཀྱི་ཟུངས་བཅུད་དུ་བསྩལ་བ། སྦྱང་གཞི་གཞི་ལམ་འབྲས་བུའི་གནས་སྐབས་གསུམ་དུ་རྒྱུན་ཆགས་པའི་རང་བཞིན་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་པོ། སྦྱང་བྱ་ལུས་ངག་ཡིད་གསུམ་གློ་བུར་འཁྲུལ་འཛིན་བག་ཆགས་དང་བཅས་པས་བསྒྲིབས་པ་དེ་ཉིད། སྦྱོང་བྱེད་སོར་བསམ་བསྙེན་པའི་ཡན་ལག །སྲོག་འཛིན་སྒྲུབ་པའི་ཡན་ལག །དྲན་ཏིང་སྒྲུབ་པ་ཆེན་པོའི་ཡན་ལག་གིས་སྦྱངས་པའི་འབྲས་བུ་དབང་རྣོན་བརྩོན་འགྲུས་ཅན་ཚེ་གཅིག་ལ་སྐུ་གསུམ་མངོན་དུ་བྱེད་པའི་མན་ངག་རྡོ་རྗེའི་བསྙེན་སྒྲུབ་ཀྱི་ཤིང་རྟའི་ལམ་སྲོལ་བཅས་བརྒྱད་ཀ་ཆ་མཉམ་དུ་བོད་ཡུལ་མཐའ་དབུས་ཀུན་ཏུ་ས་དར་རྡོ་དར་དུ་ཁྱབ་བརྡལ་བྱུང་མོད། རིམ་གྱིས་བསྟན་པའི་བབ་ཡོལ་ཏེ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ནང་ནས་ས་དགེ་བཀའ་རྙིང་ཙམ་ལས་གཞན་རྣམས་ཀྱི་བརྒྱུད་པ་རང་རྐང་དུ་འཛིན་མཁན་མེད་པར་གདམས་པའི་སྲོལ་ཀ་ནུབ་ལ་ཉེ་བ་ན། རྣམ་པར་སྣང་མཛད་ངུར་སྨྲིག་གི་གར་དུ་ རྣམ་པར་རོལ་པ་རིས་མེད་བསྟན་པ་ཡོངས་ཀྱི་འཁོར་ལོ་སྒྱུར་བ་ᨊརྗེ་འཇམ་མགོན་བློ་གྲོས་མཐའ་ཡས་གང་ཉིད་བསམ་གྱི་མི་ཁྱབ་པའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུ་བཙན་པོ་དུས་སུ་སད་པའི་སྟོབས་ཀྱིས། བཀའ་གཏེར་མདོ་སྔགས་བསྟན་པ་རྒྱ་མཚོ་རིས་སུ་མེད་པའི་ངོ་མཚར་ཡོངས་སུ་རྫོགས་པ་མཛོད་ཆེན་རྣམ་ལྔའི་ཤིང་རྟའི་བཀའ་སྲོལ་ལེགས་པར་འབྱེད་ཅིང་། འཆད་ཉན་གྱི་རྒྱུན་སྤེལ་བས་བསྟན་པ་འཆི་ཁའི་སྲོག་མཐུད་ལྟ་བུར་ཉམས་པ་སོར་ཆུད། མི་ཉམས་རྒྱུན་འཛིན་གྱི་འཕྲིན་ལས་རླབས་སུ་ཆེ་བ་བསྐྱངས། དེ་ཡི་ཡ་གྱལ་སྒྲུབ་བརྒྱུད་འདྲེན་པའི་ཤིང་རྟ་བརྒྱད་ཀྱི་སྨིན་གྲོལ་གྱི་གདམས་པ་གནད་ཅན་ཕལ་ཆེར་ཕྱོགས་གཅིག་ཏུ་བསྒྲིགས་པ་གདམས་ངག་མཛོད་ནི། རྒྱལ་ཕྱི་ནང་ཀུན་ཏུ་འཆད་ཉན་གྱི་རྒྱུན་ཉིན་རེ་བཞིན་ཇེ་འཕེལ་དུ་འགྲོ་བཞིན་ཡོད་པས་དེ་སྔ་དཔེ་སྐྲུན་ཡང་འདྲ་མིན་གཉིས་གསུམ་ཙམ་བྱུང་ཟིན་པ་ཡིན་རུང་། གཏན་པ་མེད་པའི་མཆོད་སྦྱིན་གྱི་མངའ་བདག་ཙཱ་འདྲ་ཐེབས་རྩ་ཚོགས་པའི་ངེས་སྟོན་པ་ཆེན་པོ་བསྟན་འཛིན་བྱམས་ཆེན་ནམ་(Director Sean Price)མཆོག་ནས་དེ་རྣམས་ལ་དཔེ་ཆའི་བཀོད་སྒྲིག་དང་ཡི་གེའི་གཟུགས་དབྱིབས་དང་ཚིག་སྦྱོར་གྱི་དག་ཐེར་སོགས་ཀྱི་ཐད་ནས་ལེགས་བཅོས་དགོས་ངེས་ཀྱི་དགོངས་བཞེད་ཟབ་མོས། བསྐྱར་དུ་སྤར་སྐྲུན་བྱ་དགོས་པའི་གསུང་བསྐུལ་ནན་ཏན་དུ་གནང་བའི་རྐྱེན་བྱས། ༸རྗེ་འཇམ་མགོན་བླ་མའི་འཕྲིན་ལས་ཀྱི་གཙོ་བོ་གསུང་རབ་རྣམས་དག་ཐེར་གྱིས་ཁྱབ་སྤེལ་དུ་བྱ་བ་ནི་རིག་པའི་རྡོ་རྗེ་དཔེ་སྐྲུན་ཁང་འདི་ཉིད་ཀྱི་འདོར་ཐབས་མེད་པའི་ལས་སུ་བྱ་བ་གཙོ་བོ་ཉིད་དུ་འཁུམས་ནས་དཔེ་སྐྲུན་སྤུས་ལེགས་ཚད་དུ་འཁྱོལ་བ་ཉིད་བསྒྲུབ་བྱར་བཟུང་ནས། ནུས་པ་ཡོད་དགུ་རྩལ་སྤྲུགས་ཀྱིས་འབད་འབུངས་ཁོ་ན་སྙིང་པོར་བྱས་ཏེ་གདམས་ངག་མཛོད་ཀྱི་ཞུ་དག་དང་བཀོད་སྒྲིག་སྤེལ་ལུགས་ཀྱི་གཏམ་རགས་ཙམ་བརྗོད་པ་ལ་དོན་ཚན་གསུམ་དུ་གནས་པ་ལས། དང་པོ་མ་དཔེ་གང་ལ་གཞི་བཅོལ་ཏེ་ཞུ་དག་གཏོང་ལུགས་ནི། དཔལ་སྤུངས་སྤར་མ་ཉིད་ལ་ཁུངས་གཏུགས་ཀྱི་གཙོ་བོའི་མ་ཕྱིར་གཞི་བཅོལ་ཏེ། དེ་དང་ལྷན་དུ་ཞེ་ཆེན་སྤར་མ་དང་། གཞན་ཡང་དྲྭ་ཐོག་བརྒྱུད་ནས་ས་དགེ་བཀའ་རྙིང་སོགས་མ་དཔེ་ཇི་སྙེད་ཅིག་ལག་སོན་བྱུང་བ་དག་ལའང་ཞིབ་བསྡུར་གྱིས་རྟོག་དཔྱོད་ནན་ཏན་བྱས་ཡོད། དེ་ཡང་ཞུ་དག་སྐབས་མ་ཕྱི་གཙོ་བོ་དཔལ་སྤུངས་དཔར་མ་ནི་ཡི་གེ་ཆུང་ཞིང་སྐབས་འགར་ཡིག་འབྲུ་མི་གསལ་བ་དང་། སྐབས་འགར་ཚེག་མི་གསལ་བ་སོགས་ཀྱི་རྐྱེན་པས་ཡི་གེ་ཕན་ཚུན་རུ་འཛིངས་ཏེ་ཇི་བཞིན་དུ་ངོས་འཛིན་བྱ་དཀའ་བ་མ་ཟད། ཡིག་ནོར་ཤོར་བའང་མི་ཉུང་བ་ཞིག་སྣང་སྟེ། འདིར་དེ་དག་གི་དཔེ་མཚོན་ཙམ་ཞུ་ན། ཡི་གེ་ང་ད་ར་གསུམ་དང་། གཞན་ཡང་པ་བ་ས་གསུམ་གྱི་ཐད་གསལ་ཁ་མེད་པ་དང་། ལྷག་པར་དུ་ཡི་གེ་དེ་དག་འདྲ་ཆེ་བའི་དབང་གིས་ཕན་ཚུན་ནོར་ནས་བྲིས་པ་དང། ཡང་འགའ་ཞིག་ལ་དབྱངས་ཡིག་དང་། དེ་བཞིན་མགོ་ཅན་དང་། འདོགས་ཅན་རྣམས་ཆད་པ་དང་། ལྷག་པར་དུ་གཞུང་ཕན་ཚུན་བསྣོར་མར་ཤོར་བ་དེ་འདྲ་ཡང་མི་ཉུང་བ་ཞིག་མཆིས་པས། དེ་དག་སྙོམ་ལས་ཀྱིས་རས་སུ་མ་བོར་བར། མ་དཔེ་ཁག་གཞན་རྣམས་ལ་ཞིབ་བསྡུར་ནན་ཏན་གྱིས་དཔྱད་འབྲས་སུ་མ་དཔེ་གཅིག་ཏུ་མི་གསལ་བ་ཅིག་ཤོས་སུ་གསལ་ཁ་འབྱུང་བར་བརྟེན། ཆད་ལྷག་ཏུ་ཤོར་བ་དག་ལ་འཕྲི་སྣོན་དང་། གཞུང་ཕན་ཚུན་བསྣོར་མར་ཤོར་བ་དེ་དག་ཀྱང་གོ་རིམ་མ་འཆོལ་བར་བསྒྲིགས་ཐུབ་པ་ཁོ་ན་ལ་ནུས་ཚད་ཀྱིས་འབད་འབུངས་བཏོན་པ་ནི་གསུང་རབ་དག་ཐེར་གྱི་སྲི་ཞུ་ཆ་ཙམ་ཞུ་ཁུལ་དུ་རློམས་པ་ལགས། འོན་ཀྱང་ལྷག་བསམ་ཆེ་ཁུལ་གྱིས་གསུང་རབ་ལ་གཟུ་ལུམ་དང་རས་གཅོད་ཀྱིས་ཆོས་ཚུལ་ཤིག་པའི་ལས་སུ་སོང་གིས་དོགས་ཏེ། སྙིང་ཁམས་འབའ་ཞིག་ལྷུར་ལེན་པའི་ཅི་བརྟོལ་དུ་མ་སོང་བར་གཙོ་བོ་དཔལ་སྤུངས་པར་མ་གཞིར་བྱས་ཀྱིས་ནོར་བ་མངོན་གསལ་དོད་པོའི་རིགས་རྣམས་བཅོས་པ་མ་གཏོགས་གཞན་རྣམས་མ་དཔེ་ཇི་བཞིན་རང་སོར་བཞག་ཡོད་ཅིང་། ཁྱད་པར་ཆོས་ཚན་འགའ་ཞིག་ནང་ཀླད་དུ་ས་བཅད་ཕྱེས་ནས་བཀྲམ་ཡོད་ཀྱང་དེ་ཉིད་དངོས་དོན་གཞུང་ཚིག་གི་ཐད་དུ་མ་སྦྱར་བ་ཡང་མི་ཉུང་བ་ཞིག་མཆིས་ན། དེ་དག་ཆད་སྐྱོན་དུ་འགྱུར་གྱིས་དོགས་ནས་( )གུག་རྟགས་འདིའི་ནང་དུ་བཅུག་སྟེ་ཐད་ཀར་གཞུང་ཚིག་དང་གུང་བསྒྲིགས་ནས་བཀོད་ཡོད། མ་དཔེར་བཅོས་བསླད་ཀྱི་དྲི་མས་མ་གོས་པའི་ཐབས་ཚུལ་ཁོ་ན་ལ་ནུས་ཚད་ཀྱིས་འབད་འབུངས་བཏོན་པ་དང་། གལ་ཏེ་མ་དཔེར་ཡིག་ནོར་ཤོར་བ་དེ་འདྲ་སྲིད་དུ་ཆུག་ཀྱང་དེ་ནི་རང་འདྲའི་སྐྱེས་བུ་ཐ་མལ་པས་ཁ་ཚོན་གཅོད་དུ་ག་ལ་རུང་སྟེ་མི་རུང་མོད། འོན་ཀྱང་དེ་ལྟར་བགྱིས་པའི་ངལ་བ་ལྷུར་བླངས་པ་ནི་ཅུང་ཟད་ཕན་དུ་རེ་བའི་ལྷག་བསམ་གྱིས་གསུང་རབ་དག་ཐེར་གྱི་རྣམ་དཀར་གྱི་བགྱི་བར་རློམས་པ་ལགས། གཉིས་པ་པོད་གྲངས་ཀྱི་དབྱེ་བསྡུ་བྱེད་ལུགས་ནི། དེ་ཉིད་ཀྱི་སྤར་བྱང་སྨོན་ཚིག་ཏུ་གསལ་བ་ལྟར་ན་པོད་གྲངས་དགུར་བཞུགས་པ་སྟེ། ཀ་པ་སྔ་འགྱུར་རྙིང་མ༑ ཁ་པ་བཀའ་གདམས། ག་པ་ས་སྐྱའི་ལམ་འབྲས། ང་པ་དང་ཅ་པ་མར་པ་བཀའ་བརྒྱུད་སྤྱི་བྱེ་བྲག །ཆ་པ་ཤངས་པ་བཀའ་བརྒྱུད། ཇ་པ་ཞི་བྱེད་དང་གཅོད་ཡུལ། ཉ་པ་རྡོ་རྗེའི་རྣལ་འབྱོར་དང་ཨོ་རྒྱན་བསྙེན་སྒྲུབ། ཏ་པ་ཁྲིད་ཕྲན་སྐོར། ཨ་པ་ཇོ་ནང་ཁྲིད་བརྒྱ་ཞེས་དགུར་དབྱེ་དགོས་པ་དེ་ལྟར་ལགས་མོད་ཀྱང་། འདིར་གླེགས་བམ་དུ་བགོ་བའི་ཚེ་གླེགས་བམ་གྱི་སྲབ་མཐུག་ཆ་སྙོམས་ཤིང་། ཤོག་གྲངས་མང་ཉུང་གི་ཚད་རན་པ་སོགས་ཀྱི་དགོས་མཁོར་དམིགས་ཏེ་ཀ་ནས་ཚའི་བར་ཏེ། དགོས་དབང་གིས་གླེགས་བམ་བཅོ་བརྒྱད་དུ་བགོས་ནས་བཀོད་སྒྲིག་བྱས་ཡོད། དེ་ཡང་དང་པོ་ཀ་པ་དང་ཁ་པ་རྙིང་མའི་སྐོར། ག་པ་དང་ང་པ་བཀའ་གདམས་སྐོར། ཅ་པ་དང་ཆ་པ་ལམ་འབྲས་སྐོར། ཇ་པ་དང་། ཉ་པ་དང་། ཏ་པ་དང་། ཐ་པ་བཞི་བཀའ་བརྒྱུད་སྐོར། ད་པ་དང་ན་པ་ཤངས་པའི་སྐོར། པ་པ་དང་ཕ་པ་ཞི་བྱེད་དང་གཅོད་ཡུལ་སྐོར། བ་པ་སྦྱོར་དྲུག་དང་བསྙེན་སྒྲུབ་སྐོར། མ་པ་དང་ཙ་པ་ཁྲིད་ཐོར་བུ་བའི་སྐོར། ཚ་པ་ཀུན་གྱི་རྒྱབ་རྟེན་རྗེ་བཙུན་གྲོལ་མཆོག་གི་ཁྲིད་བརྒྱའི་སྐོར་ཏེ་པོད་གྲངས་བཅོ་བརྒྱད་དུ་ཕྱེ་ཡོད་པ་དང་། ཁྱད་པར་དུ་འདི་ཉིད་ཀྱི་དཀར་ཆག་ནི་མ་དཔེ་ལྟར་ན་པོད་མཐའ་མའི་ནང་དུ་བཞུགས་ཡོད་ཀྱང་འདིར་གསུང་རབ་སྤྱི་འགྲོས་ལྟར་ཀློག་པ་པོ་རྣམས་འཇུག་པ་བདེ་བའི་དགོས་ཆེད་དུ་(གདམས་ངག་རིན་པོ་ཆེའི་མཛོད་ཀྱི་དཀར་ཆག་བཀྲ་ཤིས་གྲགས་པའི་རྒྱ་མཚོ་)ཞེས་པའི་གླེགས་བམ་ཟུར་དུ་ཕྱེས་ཡོད། གསུམ་པ་གྲངས་བཅོ་བརྒྱད་དུ་ཕྱེ་བའི་གླེགས་བམ་ནང་དུ་ཆོས་སྐོར་སོ་སོའི་ཆོས་ཚན་གོ་རིམ་སྒྲིག་སྟངས་ནི། དེ་ཡང་སྤར་སྐྲུན་སྔ་ཕྱི་རྣམས་སུ་གླེགས་བམ་ནང་གི་ཆོས་ཚན་རྣམས་གོ་རིམ་སྒྲིག་ཚུལ་འདྲ་མིན་འགའ་ཞིག་མཆིས་པ་ལས་འདིར་ནི་དཔལ་སྤུངས་སྤར་མ་གཞིར་བཟུང་བཀོད་སྒྲིག་བྱས་ཡོད། འོན་ཀྱང་དཔལ་སྤུངས་སྤར་མའི་ནང་དུ་མ་འཁོད་པའི་སྒྲུབ་བརྒྱུད་ཤངས་པའི་ཆོས་ཚན་འགའ་ཞིག་ཞེ་ཆེན་སྤར་མར་གསར་སྣོན་མཛད་འདུག་པ་འདི་དག་ནི་ཤངས་ཆོས་ཉམས་བཞེས་མཛད་མཁན་སྤྱི་དང་། ཁྱད་པར་དུ་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་པ་མཛད་མཁན་རྣམས་ལ་མེད་ཐབས་མེད་པའི་དམིགས་རྐྱེན་དམ་པར་ངེས་པ་མ་ཟད། འདི་དག་གི་སྨིན་གྲོལ་རྒྱབ་རྟེན་གྱི་རྒྱུན་ཡང་ཤིན་ཏུ་དཀོན་ཅིང་ཆད་ལ་ཉེ་བའི་གཉན་འཕྲང་འགྲིམ་པར་གསལ་བས། སྐལ་བཟང་སངས་རྒྱས་གཞན་རྣམས་ཀྱི་བསྟན་པར་ཡང་རྙེད་དཀའ་ཞིང་དོན་ཆེ་བའི་ཆོས་ཚན་ཡིད་བཞིན་ནོར་བུ་ལས་ལྷག་པ་འདི་དག་རྒྱུན་ཆད་པར་ཤིན་ཏུ་ཕངས་པའི་བློས་ཕན་བདེའི་གཞི་རྩར་མ་ཉམས་པར་འཛིན་སྐྱོང་སྤེལ་བའི་ཐབས་མཆོག་ཁོ་ནར་དམིགས་ཏེ་ཤངས་པའི་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་ཐབས་ཕྱོགས་སྒྲིག་ལས་བཏུས་ནས་པོད་ཕྲེང་འདིར་ཤངས་ཆོས་པོད་གཉིས་པའི་གཤམ་དུ་ཟུར་བཀོལ་བྱས་ཡོད། མཐའ་དོན་ཇི་ལྟར་གོང་དུ་གསལ་བ་བཞིན་སླ་ཆོས་སུ་མ་སོང་བར་དཔལ་སྤུངས་སྤར་མ་རྙིང་པ་གཞིར་བཞག་ཐོག་ཞེ་ཆེན་སྤར་མ་དང་ཞིབ་བསྡུར་བྱས་ཏེ་ཚིག་དོན་མི་གསལ་བ་དང་མི་མཐུན་པ་ཅི་ཡོད་སྒྲུབ་དཔོན་མཁན་པོ་བློ་རྣམ་གཙོས་མཁས་པའི་དབང་པོ་རྣམས་ཀྱི་སྤྱན་སྔར་བཀའ་འདྲི་ཞུས་ཤིང་དཔྱད་བསྡུར་བྱས་མཐར་ཐག་ཆོད་པ་ཁག་ཅིག་བཅོས་པ་ལས་གཞན་དག་དཔལ་སྤུངས་སྤར་མ་ལྟར་རང་སོར་བཞག་ཡོད་ཅིང་། ཡིག་ནོར་མངོན་གསལ་ཅན་ལ་དགོས་ངེས་ཀྱི་དག་བཅོས་བཏང་བའི་ཁུལ་ལགས་ཀྱང་། རྨོངས་བརྟུལ་སོ་སྐྱེ་རང་ག་བར་སོང་ཞུ་སྒྲིག་གི་བྱ་བ་འདི་ལ་ནོངས་པ་ཅི་མཆིས་སྲས་བཅས་རྒྱལ་བའི་སྤྱན་སྔར་སྙིང་ནས་མཐོལ་ཞིང་བཤགས་པ་དང་ཆབས་ཅིག །མཁྱེན་ལྡན་རྣམས་ཀྱིས་དགེ་འདོན་སྐྱོན་སེལ་གྱི་དགོངས་འཆར་ལྷུག་སྩོལ་ཅི་ནས་ཀྱང་ཡོང་བ་ཞུ། དེ་ཡང་གཏན་པ་མེད་པའི་མཆོད་སྦྱིན་གྱི་མངའ་བདག་ཙཱ་འདྲ་ཐེབས་རྩ་ཚོགས་པ་ནས་རབ་དཀར་ལྷག་བསམ་དག་ཅིང་གཏོང་ཕོད་རབ་ཏུ་ཡངས་པས་གདམས་ངག་མཛོད་དཔེ་སྐྲུན་གྱི་འགྲོ་གྲོན་ཡོངས་རྫོགས་རོགས་མགོན་བཀའ་དྲིན་བསྐྱངས་པ་དང་། གཞན་ཡང་གདམས་ངག་མཛོད་གློག་ཀླད་དུ་བཅུག་པ་དང་། ཞུ་དག་དང་དཔེ་བསྡུར་སོགས་བགྱིས་པའི་ལས་རིམ་གྱི་འགྲོ་གྲོན་ཐད་ལ་ཨ་རི་དང་ཐའི་ཝན་གྱི་དད་ལྡན་ཆོས་མཛད་ཁག་ཅིག་གིས་ལྷག་བསམ་དག་པས་རོགས་སྐྱོར་བཀའ་དྲིན་བསྐྱངས་པར་འདི་གའི་དཔེ་སྐྲུན་སྡེ་ཚན་གྱིས་སྙིང་ནས་དགའ་མགུ་ཡི་རངས་བཅས་ཐུགས་རྗེ་ཆེ་ཞུ། དེ་ལྟར་ཞུ་དག་གི་ལས་རིམ་ཐད་ཕྲན་གྱི་ལས་རོགས་སུ་རང་དགོན་གྱི་གྲྭ་ཟུར་ཚེ་རིང་བཀྲ་ཤིས་དང་སློབ་དཔོན་ཤེས་རབ་བསྟན་འཕེལ་གཉིས་ནས་གཙོ་བོར་འགན་ཁུར་གནང་ཡོད༑ ཚེ་རིང་བཀྲ་ཤིས་ནི་བཤད་གྲྭ་འདི་ཉིད་དུ་ལོ་གྲངས་བཅུ་ཕྲག་ལས་འདས་པར་གཞུང་དང་རིག་གནས་ལ་སློབ་གཉེར་ཟིན་ཅིང་། དེ་ནས་འབྲུག་གཞུང་གི་མཐོ་སློབ་ཅིག་ཏུ་རིག་གནས་དགེ་རྒན་གྱི་ཕྱག་འགན་བཞེས་མྱོང་ཡོད་པས། གཞུང་དང་རིག་གནས་གཉིས་ཀ་ལ་ཕྱོགས་རེར་མ་སོང་བའི་མཁྱེན་རྒྱ་ཡངས་པས་གསུང་རབ་ཀྱི་བརྗོད་དོན་དང་ཚིག་སྦྱོར་གཉིས་ཀྱི་ཕྱོགས་རེར་མ་ལྷུང་བར་གུང་བསྒྲིགས་ནས་དག་ཐེར་བྱེད་ནུས་པའི་ཤེས་ཚད་ལོན་ཞིང་བསྟན་ལ་ལྷག་བསམ་ཆེ་བས་རས་གཅོད་དང་སླ་ཆོས་སུ་མ་སོང་བར་ཡིད་བརྟན་འཕེར་ངེས་ཀྱི་ཞུ་དག་མཆོག་ཏུ་ལེགས་པར་འབུངས་གསུམ་བཏོན་པ་ཁོ་ན་སྙིང་པོར་མཛད་ཅིང་༑ སློབ་དཔོན་ཤེས་རབ་བསྟན་འཕེལ་ཉིད་ཀྱང་གློག་ཀླད་དང་བཟོ་དབྱིབས་བཀོད་སྒྲིག་གི་སྒྱུ་རྩལ་ལ་སྦྱངས་པ་ཆེ་ཞིང་ལྷག་བསམ་དག་པས་དཔེ་ཆའི་བཟོ་དབྱིབས་དང་བཀོད་སྒྲིག་སོགས་མཛེས་བརྗིད་ལྡན་པ་ཁོ་ནར་འབད་འབུངས་མཛད་འབྲས་སུ་གཟིགས་པ་པོ་ཡོངས་ཀྱི་འདྲེན་བྱེད་ཀྱི་རྒྱན་དང་རྣལ་འབྱོར་ལམ་གྱི་དམིགས་རྐྱེན་མཆོག་ཏུ་ངེས་པར་བསྒྲུབས་ནུས་པ་བྱུང་ཡོད། གཞན་ཡང་སློབ་དཔོན་ཀརྨ་ངེས་དོན་དང་དོལ་པོ་བ་སློབ་དཔོན་ནོར་བུ་རྒྱལ་མཚན་གཙོས་རང་དགོན་གྱི་བཤད་གྲྭའི་སློབ་གཉེར་བ་འགའ་ཞིག་ནས་ཀྱང་ཐོག་མཐའ་བར་གསུམ་དུ་ཞུ་དག་དཔེ་བསྡུར་སོགས་ཀྱི་ཐད་སྤྱིར་ཉིན་རེའི་མཛད་རིམ་ཛ་དྲག་ཆེ་བའི་བར་གསེང་དང་༑ ཁྱད་པར་ལོ་འཁོར་གུང་སེང་གི་དུས་སྐབས་རྣམས་སུ་ཡང་བདེ་སྐྱིད་བློས་བཏང་དང་ངལ་བ་དང་ལེན་གྱིས་ངང་པ་མཚོར་ཞུགས་ཀྱི་ཚུལ་དུ་སྤྲོ་བས་ཐུགས་ཁུར་རོགས་རམ་གནང་བར་འདི་ག་རིག་པའི་རྡོ་རྗེའི་ཡིག་གསོག་དང་རྩོམ་སྒྲིག་སྡེ་ཚན་ནས་ལེགས་གསོལ་རྗེས་སུ་ཡི་རང་བཅས་གསན་བསམ་སློབ་གཉེར་གེགས་མེད་མཐར་ཕྱིན་ཏེ་ཚེ་དང་སྒྲུབ་པ་མཉམ་པར་འགྱུར་བའི་སྨོན་འདུན་རྩེ་གཅིག་ཏུ་ཞུ་བ་དང་། ཁྱད་པར་སྤྱི་མཐུན་དུ་རྒྱལ་བའི་བསྟན་ལ་རྣམ་དཀར་གྱི་བགྱི་བ་འདི་ཙམ་བགྱིས་པས་ཀྱང་འགྲོ་བ་རྣམས་ཀྱི་རྒྱུད་ལ་ཤེས་རབ་གསུམ་གྱི་སྣང་བ་བདེ་བླག་ཏུ་རྒྱས་ཤིང༌། ས་ལམ་རིམ་བགྲོད་ཀྱིས་བླ་མེད་བྱང་ཆེན་མྱུར་དུ་འཐོབ་པའི་རྒྱུར་གྱུར་ཅིག་ཅེས་སྨོན་ཚིག་གིས་མཐའ་བརྒྱན་ཏེ་དཔེ་སྐྲུན་གསལ་བཤད་དུ་རིག་པའི་རྡོ་རྗེ་གཙུག་ལག་སློབ་གཉེར་ཁང་གི་ཡིག་གསོག་དང་རྩོམ་སྒྲིག་སྡེ་ཚན་གྱི་འགན་འཛིན་མཁན་པོའི་མིང་ཙམ་འཛིན་པ་ཤེས་རབ་རྒྱལ་མཚན་ནེ་གཱི་ནས་སྤྱི་ལོ་༢༠༢༣ སྤྱི་ཟླ་༡༡ ཚེས་༤ ཉིན་སྤེལ་བ་དགེའོ།། །།