ཕག་གྲུའི་ཐེལ་སྐོར་གྱི་ཁྲིད་ཡིག།

From Damngak Dzö
DNZ-18-TSHA-010-095
Wylie title phag gru'i thel skor gyi khrid yig DNZ-18-TSHA-010.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 18, Text 10, Subtext 95, Pages 447-453 (Folios 125a5 to 128a3)
Author ཀུན་དགའ་གྲོལ་མཆོག་
Citation Kun dga' grol mchog. Phag gru'i thel skor gyi khrid yig. In Gdams ngag rin po che'i mdzod, Vol. 18: 447-453. Kalimpong: Rigpe Dorje Publications, 2024.
Side notes Recto: zab khrid   Verso: jo nang khrid brgya skor
More details More details
Genre Contemplative Guide Books and Instructional Manuals - khrid yig
Colophon

རྗེ་ཕག་གྲུའི་གསུང་འབུམ་ལས་བཏུས་ཏེ་འདིར་ཕྱུང་ངོ༌།

rje phag gru'i gsung 'bum las btus te 'dir phyung ngo /

[edit]
(༩༥) །ཕག་གྲུའི་ཐེལ་སྐོར་གྱི་ཁྲིད་ཡིག །ཕག་གྲུའི་ཐེལ་སྐོར་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། ལུས་གནད་སྐྱིལ་ཀྲུང་ཚིགས་པ་བསྲང༌། མིག་སྣ་རྩེ། མཉམ་བཞག་ཕྱག་རྒྱ་བཅའ། ཕག་མོའི་བརྡ་དབང་དུག་གསུམ་ཞལ་བསྒྱུར་གྱིས་སྒོ་ངེས་པར་བྱས་ལ། རྐྱེན་བཞིའི་གཉིས་དང་བྲལ་བའི་བཤེས་གཉེན་ལ་བརྟེན་ཏེ། ཤེས་རབ་ཀྱིས་རང་གི་སེམས་ཀྱི་མཚན་ཉིད་ཤེས་པར་བྱས། སྐྱེ་འགག་གནས་མེད། བློ་འདས་སྐུ་བཞི་གདོད་ནས་ལྷུན་གྲུབ། ཆོས་ཐམས་ཅད་ཀྱི་མཚན་ཉིད་མཚན་གཞི་ལས་འདས་པ། ཚིག་གི་ཆུ་ལས་དོན་གྱི་ཉ་གཟུང༌། ཆོས་ཐམས་ཅད་ཀྱི་མཉམ་ཉིད་ཤེས་པས། སྐད་ཅིག་ལ་བྱུང་ཚད་ཆོས་སྐུའི་ཡོ་ལང་དུ་ལོངས་སྤྱད་པས་སྐུ་ཡོངས་རྫོགས། ཚོགས་ལམ་སོགས་ཁྱད་པར་གྱི་ལམ་ལྔ་སྦྱང༌། མཐར་ཕྱིན་བྱང་ཆུབ་ཀྱི་ཕྱོགས་ཆོས་སུམ་ཅུ་རྩ་བདུན་ནམ། དྲན་པ་ཉེར་གཞག །ཡང་དག་སྤོང༌། ལམ་དེ་ལས་རྫུ་འཕྲུལ་གྱི་རྐང་པ་བཞི། དད་པས་རྒྱུ། དྲན་པས་ལམ། གྲོགས་བརྩོན་འགྲུས་གསུམ་ཐབས་ཤེས་རབ་ཀྱིས་ཤེས་དགོས། ཏིང་ངེ་འཛིན་འབྲས་བུ་སྟོབས་ལྔ་དང་བྱང་ཆུབ་ཀྱི་ཡན་ལག་འཕགས་ལམ་བརྒྱད། དེ་ལྟར་ལྟ་བའི་གོ་ཆས་རྟོག་པ་ལམ་དུ་འཁྱེར་བ་ནི། ནམ་མཁའི་ཁམས་ལ་བརྟག་པར་མི་ནུས་བཞིན། །སེམས་ཀྱི་མཚན་ཉིད་རིག་པ་མ་ཡིན་ན། །སྒྱུ་མའི་གཟུགས་ལ་ལེགས་ཉེས་རྟོག་མཁན་འཁྲུལ། །གཟུགས་བརྙན་དོན་དུ་འཛིན་པའི་བུ་ཆུང་བཞིན། །མཉམ་རྗེས་གཉིས་པོ་ལྕགས་ཟད་བརྡར་ཟད་ཡིན། །འཁོར་འདས་དབྱེར་མེད་ཆོས་སྐུ་ཉིད་ལ་མཚུངས། །ཆོས་རྣམས་ཐམས་ཅད་ནམ་མཁའ་ཉིད་ལ་མཚུངས། །ཆོས་རྣམས་ཐམས་ཅད་ནམ་མཁའི་ཆོ་འཕྲུལ་ཡིན། །རང་མཚངས་རིག་ན་བཅིངས་གྲོལ་དགོས་པ་མེད། །མེད་བཞིན་སྣང་བ་ནམ་མཁའི་ཆོ་འཕྲུལ་ཡིན། །ཤེས་པས་གྲོལ་བ་རྨི་ལམ་སད་པ་འདྲ། །སྣ་ཚོགས་སྣང་བ་ནམ་མཁའི་མེ་ཏོག་ཡིན། །བྱིས་པའི་དགའ་སྡུག་རྒན་ལ་ཅང་བདེན་ནམ། །ཕན་ཡོན་མེད་པ་སྒྱུ་མའི་རང་སྣང་ཡིན། །ནམ་མཁའི་ལྟས་མོ་འདི་འདྲ་ཤེས་པས་ལྟོས། །གཟུགས་ནས་རྣམ་མཁྱེན་ནམ་མཁའི་རི་མོ་ཡིན། །སྒྲོ་འདོགས་སེམས་ལ་ཆོད་ཅིག་སྒོམ་ཆེན་ཀུན། །གང་བྱུང་ཆོས་ཀྱི་དབྱིངས་ལ་བླང་དོར་མེད༑ ༑ཐམས་ཅད་སྒྲོ་བཏགས་ཡིན་ཕྱིར་རྫུན་ཕུགས་རྡིབ། །སྤང་བླང་མེད་པའི་དོན་ཅིག་རྟོགས་ཏེ་མཆི། །བཅིངས་གྲོལ་གོལ་ས་མེད་པའི་ཚུལ་ལུགས་མཆོག །རང་ལ་རང་གིས་ལྟོས་དང་རང་མཚངས་རིག །ཅིར་ཡང་འཆར་བ་གང་དུ་མི་འཛིན་པ། །ལམ་མཆོག་འདི་ལས་གོང་ན་གཞན་མ་མཆིས། །བག་ཆགས་འཐས་པའི་མི་སྣང་དགུ་སྣང་འདི། །བློ་ཡིས་བཟུང་ཚད་མཚན་མའི་ས་བོན་ཡིན། །ལྟོས་ཤིག་ལྟོས་ཤིག་ཅིར་ཡང་མ་བལྟ་ཞིག །བརྡར་ཤ་སེམས་ལ་ཆོད་ལ་གཅོད་མཁན་ལྟོས། །རེ་དོགས་འཁོར་འདས་ཐམས་ཅད་ཀློང་དུ་ཞི། །དངོས་པོའི་ཆོས་ཉིད་སྟེང་དུ་དེ་ཡིས་ཕེབ། །གཉིད་སད་རྨི་ལམ་བཞིན་དུ་རྟག་པར་ལྟོས། །དོན་གྱི་དབྱིངས་ཉིད་སྨྲ་བསམ་བརྗོད་མེད་ཡིན། །བློ་དང་བྲལ་བ་ཕྱག་རྒྱ་ཆེན་པོར་འདོད། །ཐབས་ལམ་གཏུམ་མོ། ལུས་ལྷའི་སྟོང་ར། ལུས་གནད་གཙོ་བོར་འདོན། མིག་དེ་བཞིན་དུ་བསྒྲིམ། རང་ཉིད་ལྷའི་སྤྱི་བོར་བླ་མ༑ རྩ་གསུམ་འཁོར་ལོ་བཞི་དྭངས་གསལ། རླུང་གཡོན་ནས་རྒྱུ་དུས་བསྒོམ། རླུང་སྦྱོར་བཞི་ལྡན་རྔུབ་དགང༌། གཞིལ། འཕངས། ལྟེ་བའི་ཨ་ཐུང་སོགས་ལ་རླུང་སེམས་བཟུང༌། མེ་སོར་བཞི་ནས་ཉི་ཤུའི་བར་ལུས་ཀྱི། ལྟེ། སྙིང༌། མགྲིན། སྤྱི། རིལ་པོར་བདེ་དྲོད་ལ་ངེས་ཤེས་བསྐྱེད་དེ་བོགས་དབྱུང་འབར་འཛག་སྐྲ་ཤད་འཛིངས་པའི་བསམ་གཏན་ལ་སྙུགས་ཇེ་རིང༌། མི་རྟོགས་མཚམས་སུ་ངལ་གསོ། རླུང་ཐམས་ཅད་ལྕགས་ཐག་སྦྲེལ། རྡུབ་ངལ་མི་གསོ། མཁལ་ཁུང་གཉིས་སུ་རཾ། ལྟེ་བར་མེའི་པདྨ་དམར། དབུས་ཨ་ཐུང་རང་བཞིན་མེ། རོ་རྐྱང་གི་རླུང་བུས། མེ་སོར་བཞི། བརྒྱད། བཅུ་གཉིས། ལྟེ་སྙིང༌། མགྲིན་སྤྱི་བར་དུ་ཕྲ་རགས་ཀྱི་མེས་གང༌། ཧཾ་ཞུ་བའི་ཐིགས་པ་ཕྲ་མོ་དང༌། རིགས་པ་དར་སྐུད་བརྐྱངས་པ་བཞིན་བབས་པས་འཁོར་ལོ་གོ་རིམ་བཞིན་གང༌། དམིགས་པ་བསྒྲིགས་ཆགས་མ་མེད། བྱེད་བྱང་ལུགས། བདེ་དྲོད་ཆེར་འབར་བ་ལ་ཡིད་གཏད། ལས་དང་གཏུམ་མོ་མཆོག་གི་གཏུམ་མོ་གསུམ་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན། སྤྱན་མ་སོགས་ཡུམ་ལྔ་ཞུ་བའི་བདེ་བ་རླུང་སེམས་ཀྱི་སྟེང་དུ་འཆར། སྒྱུ་ལུས་ཀྱི་འཚང་རྒྱ་ཐབས། སྔོན་འགྲོ་གཏུམ་མོ་བཞིན། རང་དང་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་བསྒོམ། མེ་ལོང་གི་གཟུགས་བརྙན་ལ་བསྟོད་སྨད་བྱ། དགའ་མི་དགའ་མེད་ན་དེར་གཟུགས་བརྙན་རང་ལ་བསྟིམ། བདག་ལ་བསྟོད་སྨད་བྱེད་དུ་གཞུག །གཟུགས་བརྙན་བཞིན་དགའ་མི་དགའི་བསམ་པ་མི་ཡོང་ངེས། ཚོང་འདུས་སོགས་སུ་ཕྱིན་སྔར་བཞིན་བལྟ། མེད་ན་ཡི་དམ་སོགས་ཀྱི་སྐུ་མེ་ལོང་ལ་འཆར་དུ་བཅུག །དེ་བཏོན་ནས་རང་ལ་ཡང་ཡང་བསྟིམ། རང་ལུས་ལྷར་གསལ་ན་དག་པའི་སྒྱུ་ལུས་འབྱོངས་པ་ཡིན། སྦྱངས་པས་མཉམ་རྗེས་མེད་ན་མཆོག་ཐོབ། ཡོད་ན་བར་དོར་འཚང་རྒྱ། རྨི་ལམ་འཛིན་ཚེ་མགོ་བྱང་བསྟན། སྤྱི་བོའི་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བྱ། རྨི་ལམ་འཛིན་པའི་གསོལ་བ་བཏབ། སེམས་ཅན་ཐམས་ཅད་སྒྱུ་མས་རྡོ་རྗེ་འཛིན་པ་ཐོབ་པར་སྨོན་པའི་སེམས་བསྐྱེད། མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་བླ་མའི་ངོ་བོར་ༀ། འདབ་བཞིར་ཨ་ནུ་ཏ་ར་དཀར་སེར་དམར་ལྗང་མདུན་ནས་བསྐོར། འཁོར་བ་ལ་དམིགས་པ་གཏད། རྨི་ལམ་ཟིན་པར་བྱ་བའི་འདུན་པ་དྲག་པོ་ཡང་ཡང་བྱ། ཨ་ལ་ཤེས་པ་གཏད་ནས་གཉིད་པས་སྲོད་ནམ་གུང་ཐོ་རངས་ལ་ཟིན་ཡོང༌། མ་ཟིན་ན་སྨིན་མཚམས་སུ་ཐིག་ལེ་དམར་པོ་འཚེར་བ་སྲན་མ་ཙམ་ལ་ཤེས་པ་གཏད་པས་ཟིན། རྨི་ལམ་ལ་རྨི་ལམ་དུ་ཟིན་ཅིང་ཤེས་ན། ཡུན་བསྲིངས་ནས་བསྐྱང༌། གཅིག་ལས་གཉིས་སུ་སྤེལ་བ་དང༌༑ བསྒྱུར་བ། སྐྲག་ཟིན་རྩུབ་ཟིན་སོགས་ལ་མཆོངས་པ་སོགས་བྱ། གཉིད་ཀྱི་འོད་གསལ། རྨི་ལམ་གྱི་དངོས་པོ་ཐམས་ཅད་ལ་མཐའ་དབུས་མེད་པའི་ནམ་མཁའ་ལྟ་བུར་གྱུར་པའོ། །ཉམས་དེ་བསྐྱངས་པས་འཆི་ཁའི་འོད་གསལ་ཟིན་ནས་མཆོག་གི་དངོས་གྲུབ་ཐོབ་པས། གྲོགས་དང་བཅས་ཏེ་ལྭ་བ་པ་བཞིན་དུ་ཉམས་སུ་བླང་ངོ༌། །འཕོ་བ་གློ་གཡས་ཕབ། མགོ་བྱང༌། སྔར་གྱི་འོད་གསལ་ངང་ནས་འཕོས་ན་རབ་ཀྱིས་མཆོག་གྲུབ་ཅིང༌། ཐ་ནའང་མི་ལུས་ཆོས་ལྡན་ཐོབ། རང་ལུས་ལྷ། དབུ་མ་སྦ་ལྕག་ཙམ་གསལ་བཏབ། སྣོད་བཅུད་འོད་སྣང་དུ་གསལ་བར་ཞུ། རང་ལ་ཐིམ། ཧཱུྃ་ལ་བསྡུ། སྐར་མདའ་བཞིན་སྤྱི་བོར་བླ་མ་རྡོ་རྗེ་འཆང་གི་ཐུགས་ཁར་ཐིམ། དེ་ལ་མཉམ་པར་བཞག །ལན་མང་དུ་སྦྱང༌། དབང་པོ་རབ་འོད་གསལ། འབྲིང་སྒྱུ་ལུས། ཐ་མ་མི་ལུས་གང་འདོད་དུ་འཕོ། བསགས་པ་ཞན་ན་བར་དོར་འཁྱམས་པ་ཆོས་ཉིད་ཡིན་པས། ཞག་གསུམ་ཙམ་ནས་འཆི་བའི་རྟགས་གསུམ་འཆར། རྡོ་རྗེའི་གདན་དང་མངལ་མ་གཏོགས་གང་ལའང་མི་ཐོགས། མངལ་དགག་པ་ལ་རང་ཉིད་ཡི་དམ་དུ་གསལ་བས་འོད་གསལ་དུ་བཞག་པས་ཁེགས། ཡང་ན་རང་དང་སྣང་བ་ཐམས་ཅད་བླ་མ་ཡབ་ཡུམ་དུ་བསྒོམ་པས་དགག །ད་ལྟ་ནས་སྦྱོང༌། ཡང་ཕ་མ་འདུ་འཕྲོད་དུས་ཆགས་པ་སྐྱེ་བས། དེ་གཉིས་བླ་མའམ་ཡི་དམ་ཡབ་ཡུམ་དུ་མོས་གུས་བསྐྱེད། མཆོད་པ་དང་གསོལ་བ་བཏབ་པས་ཁེགས། ཡང་ན་སྔར་ཆགས་སྡང་བྱས་པས་ཉེས། ད་བྱེད་རི་ཤི་སྙམས་པས་ཁེགས། མ་ཁེགས་ན་རང་དང་སྣང་བ་ལྷ། ལྷ་སྐུ་སྒྱུ་མ་འཇའ་ཚོན། དེ་ཡང་འོད་གསལ་དང་བསྲེས་ཏེ། དྭངས་གསལ་འཛིན་མེད་ཕྱག་རྒྱ་ཆེན་པོ་ལ་བློ་འཇོག །དེས་མི་ཁེགས་མི་སྲིད། བདུན་ཕྲག་དང་པོ་དེས་ཁེགས་ཤིང༌། ཕྱི་མ་རྣམས་ཀྱང་རྩོལ་མེད་དུ་ཁེགས། འདས་པོའི་དོན་དུ་དགེ་རྩ་ལ་འབད་པ་གལ་ཆེ། ཀུན་ཁྱབ་ཏུ་སྔར་བསྟན་པའི་འོད་གསལ་ཕྱག་རྒྱ་ཆེན་པོ་ཉིད་ལ་རྩལ་འདོན། གནད་འདོམས་ལས་མངོན་རོལ་གཞན་མེད་དོ། །བཀའ་བརྒྱུད་ཕྱག་ཆེན་ཀུན༵་གྱི་བཅུད། །དག༵འ་བསྐྱེད་དྭགས་པོའི་དགོངས་གྲོལ༵་གནད། །གསང་མཆོ༵ག་ཕག་གྲུའི་ཉམས་བཞེད་མཐིལ། །ཆོས་དྲུག་གསལ་འདོམས་ཡི་གེར་བཀོད། །རྗེ་ཕག་གྲུའི་གསུང་འབུམ་ལས་བཏུས་ཏེ་འདིར་ཕྱུང་ངོ༌།