དཔལ་ཆེན་རྒྭ་ལོའི་སྦྱོར་དྲུག་གི་ཁྲིད་ཡིག།

From Damngak Dzö
DNZ-18-TSHA-010-094
Wylie title dpal chen rgwa lo'i sbyor drug gi khrid yig DNZ-18-TSHA-010.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 18, Text 10, Subtext 94, Pages 444-447 (Folios 123b3 to 125a5)
Author ཀུན་དགའ་གྲོལ་མཆོག་
Citation Kun dga' grol mchog. Dpal chen rgwa lo'i sbyor drug gi khrid yig. In Gdams ngag rin po che'i mdzod, Vol. 18: 444-447. Kalimpong: Rigpe Dorje Publications, 2024.
Side notes Recto: zab khrid   Verso: jo nang khrid brgya skor
More details More details
Genre Contemplative Guide Books and Instructional Manuals - khrid yig
Colophon

བླ་མ་ཞང་འཚལ་པའི་ཁྲིད་ཡིག་ལས་བཏུས་སོ།

bla ma zhang 'tshal pa'i khrid yig las btus so/

[edit]
(༩༤) །དཔལ་ཆེན་རྒྭ་ལོའི་སྦྱོར་དྲུག་གི་ཁྲིད་ཡིག ༑དཔལ་ཆེན་རྒྭ་ལོའི་སྦྱོར་དྲུག་གི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། མཆོག་གྲུབ་ཡེ་ཤེས་ཀྱི་ལམ་ལ་གནས་ཁང་མུན་པ་ཅན་ལ་ལུས་གནད་དང་བཅས་པས། ཐ་མལ་པའི་མིག་ཤེས་གཟུགས་ལ་འཇུག་པ་ལྟར་རྣལ་འབྱོར་པས་རྟགས་སྣང་གང་ཤར་གྱི་ཡུལ་ལ་སོ་སོར་བསྡུད་དེ། དེ་ལ་གཟུགས་མཐོང་ལ་གཡེང་ཚེ་དུང་སྒྲ་རྣ་བར་མི་ཚོར་བས་རྟོག་གཉིས་གཅིག་ཆར་མི་ལེན་པ་བཞིན། རྣལ་འབྱོར་པས་འཆར་སྒོ་གང་སྣང་དེ་རང་ལ་ཡིད་རྩེ་གཅིག་ཏུ་བཞག་པས། ལས་སྣང་གི་ཚོར་བས་མི་འཕྲོག་པའི་སེམས་རང་མལ་དུ་གནས་པའི་ངང་ཚོར་ཆུང་ཀུན་འགྲོའི་བྱེད་པ། དུ་སོགས་བསམ་གཏན་ཡུལ་ཅན་ལྔ་ལ་སྦྱར་ནས་དགའ་བདེ་རྟོག་དཔྱོད་ཤེས་རབ་གཡོ་མེད་རྣམས། གང་ཤར་དེའི་འཆར་སྒོར་དྲངས་ལ། ཞི་ལྷག་ཟུང་འབྲེལ་སོར་བསམ་མ་བུ་ཞལ་མཇལ་བྱ། རོ་རྐྱང་ཉི་ཟླ་ཁ་སྦྱོར་རླུང་སེམས་གཉིས་འདྲེས་སྲོག་རྩོལ་རྡོ་རྗེའི་བཟླས་པ་ཕྱིར་འོངས་ནང་འགྲོ། གནས་པའི་དབང་ལས་ཧཱུྃ་ༀ་ཨཱཿ སྒྲ་མེད་ཡིད་ཀྱིས་བཟླས་ཤིང་གནས་ཚེ་ཁ་སྦྱོར་བུམ་ཅན་གྱི་རྩོལ་བས་དབུ་མར་བཙན་ཐབས་སུ་འཇུག་ལ། སྟེང་དུ་ཡང༌། ཡང་ཡང་ལོངས་སྤྱོད་ཀྱི་རླབས་བཏབ་སྟེ་སྟེང་འོག་ལས་རླུང་གི་རྒྱུ་བ་འགག་པ་ལ་སྲོག་རྩོལ་གའུ་ཁ་སྦྱོར་བྱ། གཏུམ་མོའི་མེས་བྱང་སེམས་ཞུ་བའི་བདེ་ཉམས་རང་རིག་གི་འཛིན་པའི་ཤུགས་འབྱུང་དུ་ལུས་ཚོར་བདེས་ཡུལ་སྣང་དེ་མཚུངས་སྣང་བ་བདེ་བའི་རང་བབས་སྐད་ཅིག་རེ་ལ་ཡང་ལུས་གནད་འཇོག །ཐབས་ལྟ་སྟངས་གང་གི་ཚེ་ཡང་སྔར་བདེ་རྗེས་དྲན་སྡུག་བསྔལ་གྱི་སྣང་བ་འགོག་པའི་ཏིང་ངེ་འཛིན་ལྷུག་པར་རང་ཤར་ཏེ། དྭངས་མས་ལུས་ཁྱབ་པས་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་གཞན་སྣང་ཟིལ་གནོན་འབད་མེད་འབྱུང་སྟེ། དཔལ་དུས་ཞབས་པས། རབ་ཀྱིས་དང་པོར་རྒྱུད་ལས་རྟོགས་ཞེས་གསུངས་པའི་ལག་ཁྲིད་སྙིང་གཏམ་གསང་བའི་མདུད་འཆིང་ཡིན་ལ། དེའི་བོགས་འབྱིན་བསིལ་བའི་ཚུལ་དུ་མཁའ་འགྲོས་དངོས་སུ་སྩལ་བའི་དམན་པ་ལས་ཀྱི་གཏུམ་མོ་ཞག་བདུན་གྱིས་ངེས་པ་བསྐྱེད་པའི་གནད་ཀྱང༌། རང་ཡི་དམ་དུ་གསལ་བའི་ལྟེ་བའི་མེ་ཚང་དུ་བླ་མས་ཡེ་ཤེས་ཀྱི་མེའི་རྣམ་པ་བླ་མའི་འཆར་སྒོར་ལམ་མེ་བ་ཚོན་གང་བསམ་པ་འདི་ཉིད། སངས་རྒྱས། ཆོས། དགེ་འདུན། སྐྱབས་ཡུལ་ཀུན་འདུས་ཡིན་ངེས་ཞེས་མོས་དུང་བསྐྱེད། རྐང་པ་བསྣོལ། ལག་པ་ཕན་ཚུན་བསྡམ། མགྲིན་པ་དགུག །སྒལ་སྐེད་བསྲང༌། དཔུང་པ་བརྒྱང༌། རླུང་རོ་ཕྱིར་བསལ་རྗེས་རྔུབ་པ་འཇམ་རིང་ཤུགས་རྫོགས་པ་སྨད་དུ་གཅུན། སྟེང་འོག་རླུང་ཐད་མཉམ་བཟུང་ལ་དགང་བ་ཕན་ཚུན་གཅུས་ཤིང་རླུང་དགང༌། གཞིལ་བ་ལུས་གསིགས་ལ་རླུང་གིས་ལུས་ཀུན་ཁྱབ་པར་བསམ། དབྱུང་བ་དངོས་སུ་སྣ་སྒོ་དང༌། དམིགས་པ་བ་སྤུའི་རྩེ་ནས་ཕར་སོང་བར་བསྒོམ་ཞིང་ལྟེ་བར་མེ་སྲན་མ་ཙམ་པ་མེ་སྟག་འཕྲོ་བ་ལུས་སྲེག་པ་ཙམ་གྱི་དྲོད་དང་ལྡན་པ་ལ་སེམས་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟར་བསྒྲིམས་པས་མེ་རྒྱུའི་ཐིག་ལེ་སྲན་མ་ཙམ་པ་ལམ་ལས་ཐོབ་པའི་རཀྟ་ཉི་མ་མེ་འབར་ཏེ་མེ་ལྕེ་སོར་བཞིའི་ཚད་དུ་སྦྲུལ་ལྕེ་ལྟར་འཁྱུག་ཅིང༌། རླུང་གིས་བསྐྱོད་པའི་མར་མེའི་རྩེ་ལྟར་རྣམ་པར་གཡོ་བ་ལ་ཡིད་རྩེ་གཅིག་གཏད་དོ། །མེ་ལྕེའི་རྩེས་རྩ་དབུ་མའི་སྒོ་ཕྱེ་ནས་ཤེལ་ནང་དུ་སྐུད་པ་ཚུད་པ་ལྟར་དབུ་མ་དྭངས་གསལ་ཆོས་བཞི་ལྡན་གྱི་ནང་ན་ཡར་དར་དམར་སྣལ་མ་བརྐྱངས་པ་འདྲ་བའི་མེ་ཏལ་ལ་འབར་བ་ལ་སེམས་མ་ཡེངས་པར་འཇོག །དབུ་མའི་རྩེ་ནས་སྤོས་དུད་ལྟར་དུ་བ་སྔོ་ལྗང་སྤྱི་བོ་ནས་སོང༌། ཡར་ནམ་མཁར་གདུགས་ཕུབ་པ་ལྟར་ཁྱིལ་ལེ་ཡོད་པར་བསམས་ལ། དམིགས་པ་ལྟེ་བའི་མེ་ཉིད་ལ་གཏད་དེ་འབད་ནས་བསྒོམས། དུ་བ་དེ་ཡང་རི་ལ་རྨུགས་པ་བབས་ཚུལ་དུ་རང་ལུས་ལ་གོས་སུ་གཡོགས་ཤིང༌། ལུས་ནང་མེ་འབར་བ་ལ་དམིགས་པ་གཅུན་ནས་རྩེ་གཅིག་ཏུ་བསྒོམ། མེ་ལྕེ་འཁྱོགས་པོ་སྤྱི་བོ་བཤང་སྒོའི་ལམ་གཉིས་ནས་ཕྱིར་ཐོན་ཞགས་པ་བསྐོར་བ་ལྟར་རྩེ་འཁྱིལ་ནས་འོད་ཀོར་རེ་བ་ལ་སེམས་གཏད་ནས། རླུང་དྲག་ཏུ་འཛིན། དབུ་མའི་ནང་ནས་ལུས་རྩ་སྒོ་ཐམས་ཅད་དུ་མེས་གང་ཞིང༌༑ རང་གི་ཕྱིའི་ཕྱོགས་བཞིར་ཉི་མའི་དཀྱིལ་འཁོར་ཆེ་བ་མེ་དབལ་གྱིས་ལུས་སྲེག་པ་ཙམ་དང་ཉི་མའི་འོད་ཟེར་དང་ལུས་ལས་འཕྲོས་པའི་མེ་འོད་ཀྱི་རྩེ་འཕྲད་ནས། མེའི་ཟེར་འཐབས་པས་ལུས་ཕྱི་ནང་མེ་དྲོད་དུ་འུར་འུར་བ་ལ་ཡིད་གཏད་ནས། ལུས་ཉྭ་བཞི་སྒྲིམས། རླུང་བཙན་ཐབས་སུ་དགང༌། འཁྱགས་པ་ཡིད་ལ་མི་བྱེད། དྲོ་ཧུ་རེ། ཚ་ལམ་མེ། ཉི་མ་སྟོང་གི་འོད་ཀྱིས་གདུངས་པར་བསྒོམ་མོ། །རྒྭ་ལོའི་གསང་གཏམ་ཀུན༵་གྱི་གཙོ། །དག༵འ་བདེ་རང་གྲོལ༵་མཆོ༵ག་གི་བཅུད། །སྨན་མཆོག་གཏུམ་མོའི་ཉམས་ལེན་ཉིད། །ཞང་གི་ཟབ་གནད་ནང་ནས་བཀོལ། །བླ་མ་ཞང་འཚལ་པའི་ཁྲིད་ཡིག་ལས་བཏུས་སོ།