སྙན་བརྒྱུད་ཀྱི་ཁྲིད་ཡིག །

From Damngak Dzö
DNZ-18-TSHA-010-091
Wylie title snyan brgyud kyi khrid yig DNZ-18-TSHA-010.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 18, Text 10, Subtext 91, Pages 432-435 (Folios 117b3 to 119a3)
Author ཀུན་དགའ་གྲོལ་མཆོག་
Citation Kun dga' grol mchog. Snyan brgyud kyi khrid yig. In Gdams ngag rin po che'i mdzod, Vol. 18: 432-435. Kalimpong: Rigpe Dorje Publications, 2024.
Side notes Recto: zab khrid   Verso: jo nang khrid brgya skor
More details More details
Genre Contemplative Guide Books and Instructional Manuals - khrid yig
Colophon

ཞང་ལོའི་ཁྲིད་ལས་བཏུས་སོ།

zhang lo'i khrid las btus so/

[edit]
(༩༡) །སྙན་བརྒྱུད་ཀྱི་ཁྲིད་ཡིག །སྙན་བརྒྱུད་སྟེང་སྒོ་ཆོས་དྲུག་གི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། གཏུམ་མོ་འབར་ཐབས་ཨ་ཤད་ལ་སེམས་གཏད། སུམ་མདོ་རུ་མེའི་སྙིང་པོ་ཨ་ཤད་ཁབ་ཙམ་ཤིན་ཏུ་དམར་ཞིང་ཚ་བ། ཉི་ཟླའི་ལམ་ནས་རླུང་གིས་བུས། དབུ་མའི་ནང་ཚ་འུར་གྱིས་དྲོས་ལུས་སེམས་བསྒྲིམ། ཡང་དམིགས་པ་སྤོ་སྟེ། མེའི་སྙིང་པོ་དེ་ལ་རླུང་གིས་བུས་པས་མེ་ཅུང་ཟད་འབར་བས་ཇེ་ཆེ་ཇེ་ཆེ་ལ་སོར་བཞི་ཙམ། དེ་ནས་སོར་བརྒྱད་ཙམ། མཚན་ཉིད་བཞི་ལྡན་དེ། རེག་བྱ་ཚ་བ། ཁ་དོག་དམར་བ། རྩེ་མོ་རྣོ་བ། འཇམ་ཞིང་མཉེན་པ། དེ་ལ་སྦྱང༌། དྲོད་སྐྱེ། དེའི་དུས་སུ་རས་གོན། སྤྱི་བོར་ཧཾ་དཀར་པོ་མགོ་ཐུར་དུ་བལྟས་པ། ཨ་ཐུང་ལ་མེ་འབར། འོད་ཀྱིས་ཧཾ་བྱང་སེམས་དཀར་པོ་གྲང་སི་ལི་ལི་བྱུང༌། ཐམས་ཅད་སྐྱ་མེར་ཁེངས། དེ་ལ་མ་ཡེངས་པར་བྱ། ཕྱིར་འགྲོ་བ་ཧཱུྃ། འཇུག་པ་ༀ། གནས་པ་ཨཱཿ རྡོ་རྗེའི་བཟླས་པ་ཡིག་འབྲུ་གསུམ་ལ་གོམས་ཤིང༌། སངས་རྒྱས་ལྔ་ལ་ཁ་དོག་སོ་སོར་བསླབ། སྣའི་ཀ་བ་ལ་བརྟེན་པ་ས། མཆུ་གཉིས་ལ་བརྟེན་པ་ཆུ། ཕྱི་ལོགས་ལ་བརྟེན་པ་མེ། སྟེང་དུ་བརྟེན་པ་རླུང༌། ས་སེར༑ ཆུ་དཀར། མེ་དམར། རླུང་སྔོན། ས་ཡིས་ཤ་སྐྱེ་ཞིང་ཁ་དོག་གསལ། ཆུས་ལུས་སྣུམ། མེས་དྲོད་ཆེ། རླུང་གིས་ལུས་ཡང༌། ནམ་མཁས་ལུས་ཡོད་དུ་མི་ཚོར། བོགས་འདོན་སྒྱུ་མ་གསེར་འགྱུར་གྱི་རྩི་ནི། སེམས་ཉིད་འཁྲུལ་པ་ལས་ཀྱི་བག་ཆགས་ཀྱི་སྣང་བ་སྣ་ཚོགས་ཀྱི་རྒྱུ་ལ་བརྟེན་ནས། དགེ་བ་དང་སྡིག་པའི་རྒྱུ་འབྲས་སྣ་ཚོགས་སུ་སྐྱེ་བས་ན་སྒྱུ་མ། དཔེར་ན་སྒྱུ་མ་མཁན་གྱིས་རྫས་ཀྱི་དངོས་པོ་རྡེའུ་དང་གྱོ་མོ་ལ་སོགས་པ་ལ་བརྟེན་ནས། རྟ་དང་གླང་པོ་ཁང་ཁྱིམ་ལ་སོགས་པ་དུ་མར་སྣང་ཡང༌། དོན་ལ་བདེན་པར་མ་གྲུབ། དཔེ་དེ་བཞིན་དུ་འཁོར་བའི་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུའི་ངེས་པའི་ཤེས་པ་གཏིང་ནས་ལྷག་གེ་མ་སྐྱེས་བར་དུ་སྦྱང༌། ཉི་ཟླའི་འོད། འཕོ་འགྱུར་གྱི་དུས། སྟོད་སྨད་ཀྱི་སྒྲ་ལ་སྦྱང༌། སྣང་བ་ཐམས་ཅད་བུན་ལོང་བའི་ཉམས་འཆར། ཉིན་སྣང་མཚན་མོ་རྨི་ལམ་དུ་ཁྱེར་བ་ལ་འདུན་པ་དྲག་པོ་བསྟེན། རྨི་ལམ་ཟིན་པར་གསོལ་བ་འདེབས། སྔས་བསྟོད། གཡས་ཕབ། གཉིད་ཐུམ་འགྲོ་དུས་ཟིན་མ་ཟིན་བརྟགས་ལ། གནས་ཁང་ཉལ་ས་ངོས་བཟུང༌། འདུན་པ་ལ་སྦྱངས་པས་ཟིན། རྨི་ལམ་ཟིན་དུས་རྨི་ལམ་དུ་ངོ་ཤེས་པས་རྨི་ལམ་ཟིན། སྦྱོང་དུས་མང་པོ་ཉུང་ངུ༌། ཉུང་ངུ་མང་པོ་རུ་སྤྲུལ་པས་རྨི་ལམ་འབྱོངས། འབྱམས་པ་བཞི། བརྗེད་འབྱམས། སད་འབྱམས། འཁྲུལ་འབྱམས། རྒྱུན་འབྱམས། རྨི་ལམ་འབྱོངས་ནས། གཉིད་འཐུག་འོད་གསལ་དུ་གཞུག་པ་ལ། གཉིད་ལོག་པའི་དུས། བླ་མ་ལ་མོས་གུས་དུངས་པ་བྱ། སྙིང་ཁར་ཤེས་པ་གཏད། དམིགས་པ་ཡེངས་མེད་འཛིན་མེད་ངང་ལ་བཞག་པས་རིག་པ་ཕྱི་མ་མེད་པར་གསལ་ལ་ངོས་བཟུང་མེད། སྒྲིབ་གཡོགས་དང་བྲལ་བ། འོད་གསལ་བའི་ཏིང་ངེ་འཛིན་འབྱུང༌། གཉིད་སད་པ་དང༌། ད་ལྟར་གྱི་སྣང་བ་ཐམས་ཅད་གསལ་ལ་ངོས་གཟུང་མེད་པ། ཕྱག་རྒྱ་ཆེན་པོའི་ངང་རྒྱུན་ཆད་མེད་པར་སྦྱང༌། དེས་ལམ་བགྲོད། གལ་ཏེ་དུས་ཀྱིས་གཏུགས་ནས་འཕོ་བ། ལུས་གནད་བྱས། སྙིང་ཁའི་ཐད་ཀར་ཧཱུྃ། སྤྱི་བོར་བླ་མ་བསམ། ཧཱུྃ་དེ་ཚངས་པའི་བུ་གའི་ལམ་ནས་ཐོན། བླ་མའི་ཐུགས་ཁར་ཐིམ་པར་བསམ། འཇོག་དུས་ཚངས་བུག་ཀྵས་བཀག །རྨི་ལམ་དང་འཆི་ཀ་མ་ལ་ཞིབ་ཏུ་བྱས་ལ། འོད་གསལ་བེའུ་མ་འཕྲད་ལྟར། རིག་པ་རྨུགས་པ་དྲན་པ་སད་ནས་རིག་པ་གསལ་ལ་ངོས་བཟུང་མེད་པ། འོད་ལྔའི་རང་བཞིན་མ་འདྲེས་པ་ཡོངས་སུ་རྫོགས་པ། སྐྱེལ་བསུ་དང་མཚམས་སྦྱོར་བདུན་ཕྲག་དང་པོ་ཡོན་ཏན་རྫོགས་པའི་དུས་སུ། སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །རིགས་མཐུན་ལྷ་མིག་དག་པས་མཐོང༌། །འདིའི་དུས་སུ་སྔར་གྱི་གདམས་པ་དྲན་པར་བྱ། འཁོར་བ་ལུགས་ཀྱི་རིགས་མཐུན་ལམ་ མངལ་ཟེར་བའང་སྣང༌། གྱི་དུག་གསུམ་སྲེ་བྱེད་ཚེ་འདིར་བསྒོམས་ནས་ད་བཟོད་སངས་རྒྱ་བ་ཡིན་པ་ལ་སྙམས་པའི་ཐེ་ཚོམ་ཆོད་ནས་ཆོས་ཐམས་ཅད་ཟད་སར་སྐྱོལ་བ་ལམ་ཉམས་སུ་བླང་བའི་ཆོས་དྲུག་ལམ་དུ་ཤེས་པར་བྱའོ། །མི་ལའི་གསུང་ཀུན༵་རས་ཆུང་པའི། །སྙིང་ཁུང་ནང་དུ་དག༵འ་སྦྱིན་ཆོས། །སྨིན་གྲོལ༵་ཟུང་འབྲེལ་ལམ་མཆོ༵ག་གི །གནད་བསྡུས་ཡི་གེར་བྲིས་འདིའོ། །ཞང་ལོའི་ཁྲིད་ལས་བཏུས་སོ།