སྦྱོར་དྲུག་གི་ཁྲིད་ཡིག།

From Damngak Dzö
DNZ-18-TSHA-010-090
Wylie title sbyor drug gi khrid yig DNZ-18-TSHA-010.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 18, Text 10, Subtext 90, Pages 420-432 (Folios 111b3 to 117b3)
Author ཀུན་དགའ་གྲོལ་མཆོག་
Citation Kun dga' grol mchog. Sbyor drug gi khrid yig. In Gdams ngag rin po che'i mdzod, Vol. 18: 420-432. Kalimpong: Rigpe Dorje Publications, 2024.
Side notes Recto: zab khrid   Verso: jo nang khrid brgya skor
More details More details
Genre Contemplative Guide Books and Instructional Manuals - khrid yig
Colophon

ཙན་དན་དང་དེའི་དྲི་ལྟར་རྒྱུད་འགྲེལ་ལས་བཏུས་སོ།

tsan dan dang de'i dri ltar rgyud 'grel las btus so/

[edit]
(༩༠) །སྦྱོར་དྲུག་གི་ཁྲིད་ཡིག །སྦྱོར་དྲུག་གི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། མུན་ཁང་དང་སྟེགས་བུ་སོགས་ཚགས་སུ་ཚུད་པར་བྱས་ལ། སྐྱིལ་ཀྲུང་ཕལ་བ་དང་ལག་པ་གཉིས་ས་གནོན་བྱས་ནས། རླུང་གི་དུག་དབྱུང་བ་ཅི་རིགས་གྲུབ་པའི་རྗེས་སུ། ལུས་གནད་རྡོ་རྗེ་སྐྱིལ་ཀྲུང༌། ལག་གཉིས་ཁུ་ཚུར་གན་རྐྱལ་ལམ། ཁ་སྦུབ་བརླའི་རྩ་བར་བཀོད་ཅིང༌། ལག་ངར་གཉིས་དྲང་པོར་བྱས་པ་རྩིབ་ལོགས་སུ་སྦྱར་བ་དང་ལྷན་ཅིག་ཏུ་རྒལ་ཚིགས་དྲང་པོར་བསྲང་བའམ། དེ་ལྟར་མ་ནུས་ན་སེམས་སྐྱིལ་དང༌། མཉམ་གཞག་གི་ཕྱག་རྒྱ་བྱས་ལ། རོ་སྟོད་རྒྱབ་ཏུ་དགྱེ་ཞིང་མགྲིན་པ་ཅུང་ཟད་སྒུར་ཀོས་ཀོས་ཨོལ་མདུད་ནོན་ཙམ། ལྕེ་རྐན་ལ་སྦྱར། མཆུ་རང་བབས་སུ་བཞག་པ་སྟེ། ལུས་གནད་མདུན་རྒྱབ་གཡས་གཡོན་ཡོ་འཁྱུགས་མེད་པར་བཅོས་ཏེ། ལྟ་སྟངས་སྣ་རྩེ་ནས་སོར་བཅུ་དྲུག་གི་ནམ་མཁར་གཡོ་བ་མེད་པར་རྩེ་གཅིག་ཏུ་གཏད་ལ། སེམས་འདས་མ་འོངས་ཀྱི་རྟོག་པའི་རྗེས་བཅད་སྔོན་བསུ་མེད་ཅིང་ད་ལྟ་བའི་ཤེས་པ་ལའང་འཕྲོ་གཞིག་མི་བྱ་བར་མི་རྟོག་པའི་ངང་ལ་བཞག་གོ །དེ་ལྟར་ལུས་ངག་ཡིད་དབེན་པ་གསུམ་ལ་གནས་པ་ནི། ལྟོས་མེད་བཞི་ལས། ལུས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང༌། ངག་གི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང༌། སེམས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པའི་དོན་ནོ། །སོ་སོར་སྡུད་པ་ནི། ས་རླུང་རྒྱུ་དུས་ངེས་པར་བྱས་ནས་སམ། སྣ་བུག་གཡས་ཀྱི་རླུང་སྡུད་རིམ་གྱིས་རྒྱུ་བའི་རྟེན་འབྲེལ་གྱིས་ཀྱང་རྣམ་པར་མི་རྟོག་པ་སྐྱེ་བས། དུས་དེའི་ཚེ་བསྒོམ་ཞིང༌། སྲོད་ཐོ་རངས། སྔ་དྲོ་ཕྱི་དྲོ་རྣམས་སུ་བསྒོམ། ཉིན་མཚན་གྱི་གུང་དང༌། དགོང་ཆའི་དུས་སུ་བྱིང་རྒོད་ཀྱི་དུས་ཡིན་པས་ངལ་གསོའོ། །ལུས་གནད་སྔར་བསྟན་པ་ཉིད། རླུང་གི་དུག་དབྱུང་བ་དང་བཅས་པ་བྱས་ནས་ལྟ་སྟངས་ཀྱང་སྨིན་མཚམས་ནས་སོར་བཅུ་དྲུག་གི་ཐད་སོར་གཡོ་མེད་དུ་གཏད། ངག་རླུང་རང་བབས་སུ་བཞག །སེམས་རྣམ་པར་མི་རྟོག་པར་བཞག་པ་གཙོ་བོར་བྱ། དེའི་ཚེ་ཅུང་ཟད་རྟོག་པ་འཕྲོ་ན་ལྟ་སྟངས་ཀྱིས་རིག་པ་གཅུན། ཡིད་མིག་རླུང་གསུམ་རྩེ་གཅིག་ཏུ་གཟིར་ཏེ་རིག་པ་རྩེ་གཅིག་ཏུ་བཞག་པ་གཅེས་སོ། །དེའི་དུས་ཀྱང་རྟོག་པ་ཡུལ་གྱི་སྟེང་དུ་རྒྱུག་ན། འདས་པ་དང༌། མ་འོངས་པ་གཉིས་བཅད་ནས་ད་ལྟ་བའི་ཤེས་པ་མ་བཅོས་པར་འཇོག་གོ །སེམས་ཀྱི་འཇོག་ཐབས་དེ་རྣམས་ཀྱི་གྲིམས་ཆས་ཤེས་པ་ཡེར་བར་གྱུར་ན། བསྒྲིམས་པའི་རྩོལ་བ་བཤིག་ནས་གློད་དེ་འཇོག་མོད་ཀྱི། མ་ཡེངས་པའི་དྲན་པས་ཅུང་ཟད་བྱ་ར་བྱའོ། །ཉིན་མོའི་རྣལ་འབྱོར་ནི། ཤར་ནུབ་ཏུ་ནམ་མཁའ་རྒྱ་ཆེར་སྣང་ལ་གངས་ལ་སོགས་པའི་དཀར་འཚེར་མེད་པར། སྤྲིན་དང་སེར་བུ་མེད་པའི་ཚེ་སྔ་དྲོ་ཁ་ནུབ་ཏུ་ཕྱོགས་ཤིང༌། ཕྱི་དྲོ་ཤར་དུ་ཕྱོགས་པས་ལྟ་སྟངས། ལུས་གནད། སེམས་ཀྱི་འཇོག་ཚུལ་སྔ་མ་ལྟར་བྱའོ། །ཉིན་གུང་ཐུན་མཚམས་བྱ། མན་ངག་རྣལ་འབྱོར་གཉིས་པོ་དེ་དག་གི་དུས་སུ་བྱིང་བ་ཤས་ཆེ་ན། སྐྱིལ་ཀྲུང་ལག་གཉིས་པུས་མོ་ལ་དགབ་པའི་ལུས་གནད་དང་ལྡན་པས་རླུང་ཅུང་ཟད་བཟུང་ནས་ཁ་སྣ་གཉིས་ཆར་ནས་རླུང་ཕྱིར་དྲག་ཏུ་དབྱུང༌། འཕྲོ་རྒོད་ཤས་ཆེ་ན། ལུས་འོད་ཀྱི་གང་བུར་བྱས་ནས། དེ་ཡང་ཇེ་ཆུང་ཇེ་ཕྲར་རིམ་གྱིས་མི་དམིགས་པ་ལ་འཇུག་པས་སེལ་ལོ། །རྣལ་འབྱོར་དེ་དག་ལ་རྩེ་གཅིག་ཏུ་བརྩོན་པར་བྱས་པའི་མཐུས། རླུང་སེམས་རྡོ་རྗེའི་ལམ་ལས་ཨ་ཝ་དྷཱུ་ཏིར་ཞུགས་ནས། འོད་གསལ་བའི་སྣང་བ་རྒྱ་ཆེར་མཐོང་བ་ཡང་མཚན་རྟགས། དུ་བ་དང༌། སྨིག་རྒྱུ་དང༌། མཁའ་སྣང་སྲིན་བུ་མེ་ཁྱེར་གྱི་རྣམ་པ་དང༌། མར་མེ་འབར་བ་ལྟ་བུ་དང་བཞི་འབྱུང༌། ཉིན་རྟགས་མེ་འབར་བའི་རྣམ་པ་སེར་པོ་འབར་བ་དང༌། ཟླ་བ་དང༌། ཉི་མ་དང༌། རྡོ་རྗེ་སྒྲ་གཅན་ཁ་དོག་ནག་པོ་དབྱིབས་དུ་མ་ཅན་དང༌། མཆོག་གི་ཆ་གློག་འགྱུ་བ་ལྟ་བུ་དང༌། ཐིག་ལེ་སྔོན་པོ་སོགས་ཀྱི་སྣང་བརྙན་རྣམ་པ་དྲུག་ཀྱང་འཆར། འདི་དག་ཀྱང་གཙོ་ཆེ་ཆུང་གི་ཉིན་རྟགས་དང་མཚན་རྟགས་སུ་བཞག་མོད་ཀྱི་མ་ངེས་པར་འབྱུང་ངོ༌། །དེ་ལྟར་ཡུན་རིང་དུ་བསྒོམས་པས་ཐིག་ལེ་དེའི་དབུས་སུ་རྣམ་པ་ཀུན་ལྡན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གཟུགས་སུ་སྣང་བར་འགྱུར་རོ། །གཞོམ་དུ་མེད་པའི་སྒྲ་བརྙན་ནས་རེག་བརྙན་གྱི་བར་ཉམས་སུ་མྱོང་ངོ༌། །དེ་ལྟར་རྣམ་པའི་རྟགས་སྣང་འབྱུང་བའི་རྒྱུ་མཚན་ནི། བསྡུ་རིམ་དང་བསྐྱེད་རིམ་གྱི་རྒྱུ་བའི་རླུང་དབུ་མར་ཞུགས་པ་ལས་ཡིན་པར་གསུངས་ཀྱང༌། རགས་པའི་འབྱུང་འཇུག་བྱེད་པའི་རླུང་རིམ་པས་ཐིམ་པར་མི་མངོན་བཞིན་དུ་རྟགས་སྣང་ཇི་ལྟར་འཆར་བར་འགྱུར་རོ་སྙམ་ན། དེ་ནི་སེམས་རྣམ་པར་མི་རྟོག་པའི་མཐུས། ཕྲ་བའི་རླུང་རྣམ་ཤེས་ཀྱི་བཞོན་པར་གྱུར་པ་ངག་གི་གཡོ་བ་ལོག་ནས་གཟུང་འཛིན་གྱི་རྣམ་པར་རྟོག་པ་ཅི་ཙམ་འགགས་པ་ལྟར། འབྱུང་བ་ལྔའི་རླུང་རྣམས་རྒྱུ་བ་རིམ་གྱིས་ཐིམ་ཞིང་ཞུགས་པར་དགོངས་ལ། སྟོང་གཟུགས་དེ་མཐོང་བའི་མིག་ཀྱང་ཕལ་པ་ཉིད་མ་ཡིན་པར་ཤའི་མིག་གིས་མཐོང༌། དེ་ཡང་དབང་པོའི་མངོན་སུམ་རྣལ་འབྱོར་པའི་ཡེ་ཤེས་ཀྱི་སྣང་བ་རྟོག་བྲལ་མ་འཁྲུལ་པའི་མངོན་སུམ་དེ་ཉིད་ཉེ་བར་སྟོན་པར་བྱེད་པའི་མཚན་ཉིད་དུ་བཤད་པ་ཁོ་ན་ཡིན་ནོ། །རྟགས་དང་རྟགས་ཅན་དེ་དག་ལ་ངེས་པ་དང༌། ཡང་དག་པར་ངེས་པའི་རྟགས་ཤེས་ཀྱང་གསུངས་ཤིང༌། མ་ངེས་པའི་རྟགས། བུམ་པ། སྣམ་བུ་རེ་ལྡེ་སོགས་སྣ་ཚོགས་པའི་རྣམ་པ། རྨི་ཉམས་དུ་མ་འབྱུང་ལ། སྤུ་རིས་ཕྱེད་པ་ལས་རྟོགས་པར་བྱའོ། །བསམ་གཏན་ཞེས་པའི་དོན་ནི། སྔར་སོར་སྡུད་ཚེ་མཐོང་བའི་སྟོང་གཟུགས་ལ་སེམས་རྩེ་གཅིག་ཏུ་གནས་པར་བྱེད་པ་སྟེ། ཐོག་མར་སྟོང་གཟུགས་སྣ་ཚོགས་ཤར་ཡང་རང་བཞིན་སྟོང་པ་ཉིད་དུ་ཤེས་པ་ཤེས་རབ་དང༌། རྣམ་རྟོག་གཡོ་བར་འགྱུར་ན་སྟོང་གཟུགས་ཀྱང་གཡོ་ཞིང༌། སེམས་མི་འཕྲོ་བའི་དུས་མི་གཡོ་བར་ངེས་པ་ལ། སྟོང་བཞིན་དུ་དངོས་པོའི་རྣམ་པ་ཙམ་འཛིན་པ་རྟོག་པ་དང༌། དེ་ལྟར་སྟོང་གཟུགས་གཅིག་ཏུ་མ་ཟད་གང་སྣང་ཐམས་ཅད་ལ་ཡང་དེ་ཁོ་ན་ལྟར་ངེས་ཤེས་དང་བཅས་སྐྱེ་བ་ནི་དཔྱོད་པ་ཡིན་ལ། ཚུལ་དེས་སྟོང་པ་ཉིད་ཀྱི་གཟུགས་དེ་ལ་སེམས་ཀུན་ཏུ་གནས་པས་ཆགས་པའམ། ཡང་ཡུལ་དེ་ལ་མཚན་མར་འཛིན་པའི་ཆགས་པས་མ་གོས་པར་བྱ་བ་དག་འགལ་མེད་དུ་ཉམས་སུ་བླངས་པས་ཡིད་ལ་དགའ་བ་ཁྱད་པར་ཅན་འབྱུང་ཞིང༌། སྔ་མ་དེ་རྣམས་ལ་ཡང་ཡང་གོམས་པར་བྱས་པས། སེམས་དང་སྟོང་གཟུགས་རོ་གཅིག་ཏུ་འདྲེས་པ་ལྟར་གྱུར་ནས་ལུས་ཤིན་ཏུ་སྦྱངས་པའི་བདེ་བ་སྐྱེ་བ་ལ། གཡོ་མེད་བདེ་བའམ། མི་གཡོ་བའི་བདེ་བ་ཞེས་བྱ་ཞིང༌། ཡན་ལག་ལྔ་ལྡན་ལ་ནན་ཏན་བྱས་པས། སྟོང་གཟུགས་བརྟན་པོར་གྱུར་ཀྱང༌། མིག་བཙུམ་ན་སྟོང་གཟུགས་མི་གསལ་ན་ཉིན་མོའི་རྣལ་འབྱོར་གྱི་དུས་སུ། རྟགས་སྣང་ནམ་མཁར་ཤར་བ་རིམ་གྱིས་ཕབ་སྟེ། ལས་སྣང་གི་དངོས་པོ་གང་རུང་གི་སྟེང་དུ་ལྟ་སྟངས་རྩེ་གཅིག་ཏུ་གཏད་ཅིང་སེམས་བཟུང་བས་ཅི་ཞིག་ན་ལས་སྣང་དེ་རྣམས་འགགས་ནས། རྟགས་སྣང་འདྲེས་པར་འཆར། མིག་བཙུམ་པའི་སྟོང་གཟུགས་གསལ་ན། རྩ་གསུམ་གྱི་འདུས་མདོ་ཨ་ཝ་དྷུ་ཏིའི་ནང་དུ་སེམས་བཟུང་བས་ཁྱད་པར་དུ་ཡང་སེམས་གནས་ཆ་བརྟན་པར་འགྱུར་རོ། །ཡང་སྣ་བུག་གི་སྒོ་ནས་སོར་བཅུ་དྲུག་ཙམ་གྱི་ཐད་སོར། རླུང་རྒྱུ་བ་དང་སྟོང་གཟུགས་ཕྱོགས་མཐུན་དམིགས་པའི་ཡུལ་དུ་བྱས་པས་རླུང་གི་ཁ་དོག་མཐོང་བ་དང༌། ཞི་རྒྱས་ཀྱི་ལས་སྦྱོར་རྣམས་ཀྱང་འགྲུབ། མལ་སྟན་བདེ་ཞིང་སྔས་མཐོ་བར་བྱས་པ་ལ། སེང་གེའི་ཉལ་སྟབས་སུ་ལུས་གནད་དང༌། རླུང་རང་སོར་རྒྱུ་བ་ཉིད་ལ་སེམས་རྣམ་པར་མི་རྟོག་པའི་ངང་དུ་བཞག་པར་གཉིད་དུ་འགྲོ་བ་བྱས་པས། རྨི་ལམ་གྱི་རྣམ་པ་ཅི་རིགས་པའང་མེད་ཅིང༌། སད་པའི་རྗེས་སུ་སེམས་གསལ་སྟོང་དུ་གནས་པ་འབྱུང་བ་ནི་འཐུག་ཟིན་དང༌། གཉིད་ཤིན་ཏུ་སྲབ་མོར་གྱུར་ཏེ། མུན་ཁང་གི་ནང་སྐྱ་བོར་སྣང་བ་ལྟ་བུ་དང༌། སྟོང་གཟུགས་རྣམས་ཀྱང་གསལ་བར་འཆར་བ་དག་འབྱུང་ངོ༌། །རིམ་གྱིས་མཉམ་རྗེས་འདྲེས་པར་འགྱུར་བས་དེ་རྣམས་ལ་བརྩོན་པར་བྱའོ། །སོར་སྡུད་ཀྱི་དུས་ལ་རྟགས་སྣང་གསལ་བ་དང༌། རྒྱ་ཆེར་འཆར་བ་དང༌། སྒྲ་བརྙན་དྲི་བརྙན་སོགས་འབྱུང་བ་དང༌། ཐིག་ལེ་ལ་ཡང་འོད་སྣ་ཚོགས་འཕྲོ་ཞིང༌། ཕྲ་བ། འཚེར་བ། འདར་བ། གཞིག་དཀའ་བའི་ཆོས་ལྔ་ལྡན་དང༌། དེའི་དབུས་ཀྱི་སངས་རྒྱས་ཀྱི་སྐུ་ངེས་པ་གསུམ་ལྡན་རེ་ཁཱ་དང་བཅས་པ་སྣང༌། ལྷའི་མིག་གི་མངོན་ཤེས་ནས། རྣ་བ་དང༌། རྫུ་འཕྲུལ་གྱི་དང༌། གཞན་གྱི་སེམས་དང༌། སྔོན་གྱི་གནས་དྲན་པའི་མངོན་ཤེས་ལྔ་ཐོབ་ཅིང༌། རྩ་དག་ཅིང་རྡོ་རྗེའི་སྐུ་འགྲུབ། སྲོག་དང་རྩོལ་བ། སྟེང་ནས་རྒྱུ་བའི་སྲོག་གཡས་དང་གཡོན་པའི་རྩར་འབབ་པ་དགག་ཅིང་དབུ་མར་འཇུག་པའི་རིམ་པ་ནི་རྩོལ་བ། གཡོན་ནས་རླུང་རྒྱུ་བའི་དུས་དང་སྦྱར། གཙོ་ཆེར་མུན་ཁང་ལ་གནས་ནས་ལུས་གནད་རྐང་པ་གཡས་པའི་རྟིང་པས་རྡོ་རྗེའི་རྩ་དང་བཤང་སྒོ་དགག་ཅིང༌། གཡོན་མདུན་དུ་ཅི་བདེར་བརྐྱང༌། ལག་གཉིས་ཐལ་མོ་བསྣོལ་མར་བརླའི་སྟེང་ཙམ་དུ་བཞག་པ་ཐབ་འགལ་ལམ་འཁྱུད་པའི་ཚུལ་གྱིས་ཁུ་ཚུར་བཅིངས་པ་དང་ལྟ་སྟངས་སྨིན་མཚམས་ནས་སོར་བཅུ་དྲུག་གི་ཐད་དུ་ལྟ་བར་མཛད་པ་བཞིན་བྱས་ལ། ལྟོ་བ་ལྟེབས་པ་དང་སྦྱར་བའི་དབུགས་རྒྱུན་ཉེར་གཅིག་ཙམ་གྱི་བར་ཕྱིར་འབུད་པའི་ཚེ་ལུས་རྩ་ཐམས་ཅད་ནས་རླུང་ཕྱིར་བྱུང་ཞིང༌། རྩ་རྣམས་ཀྱང་ལྡེམ་ཀྱོག་བྱེད་པའི་དམིགས་པ་དང༌། གཡས་གཡོན་མཉམ་པར་དབྱུང་བ་ལག་ལེན་ལྟར་ཅི་རིགས་གྲུབ་པའི་རྗེས་སུ་ཉམས་སུ་བླང་བྱའི་མན་ངག་ཁ་ཆེ་པཎ་ཆེན་ནས་བརྒྱུད་པ་རྡོ་རྗེའི་ཚིག་དྲུག་ཅེས། རྩ་ལམ་སྦྱོང་བ་རྡོར་བཟླས། འཇམ་རླུང་དགང་གཏོང་གིས་རླུང་དབུ་མར་གཞུག་པ། རྩུབ་རླུང་བུམ་པ་ཅན་གྱིས་རླུང་དབུ་མར་ཞུགས་པ་དེ་བཅིང་བ། དེ་དག་གིས་ཚུད་པ་དང་འཆིང་བར་མ་གྱུར་ན་དྲག་རླུང་བཙན་ཐབས། ཞེས་གསུངས་པས། སྔ་དྲོ་ལྟོ་སྟོང་ལ་སོགས་པའི་དུས་སུ་སེམས་སྐྱིལ་ལམ་རྡོ་རྗེ་སྐྱིལ་ཀྲུང་བྱས་ལ། སྣ་བུག་གཡོན་ནས་རླུང་རྒྱུན་གཡས་པའི་ཁུ་ཚུར་གཡོན་པའི་མཆན་རྩ་དང་ནུ་མའི་སྟེང་དུ་བཞག་ལ་གྲུ་མོ་གཡོན་པས་མནན། གདོང་གཡས་སུ་གཅུས་ནས་འོག་རླུང་ཅུང་ཟད་འཐེན་ཞིང་ལག་པ་གཡོན་པའི་ཁུ་ཚུར་གྱི་མཛུབ་མོ་བརྐྱངས་པས་སྣ་བུག་གཡས་བཀག་ཅིང༌། རླུང་སྣ་བུག་གཡོན་ནས་དྲག་ཏུ་རྔུབས་ལ་ལྟེ་བར་མནན་ཟིན་པ་དང་གཡོན་ཕྱོགས་སུ་གདོང་བསྒྱུར་ལ། མཛུབ་མོས་སྣ་བུག་གཡས་བཀག་པ་བཏང་ནས་གཡོན་བཀག་ལ་གཡས་པའི་སྣ་བུག་ནས་རླུང་ཤུགས་ཕྱུང་སྟེ་འབུད་དོ། །དེ་བཞིན་དུ་གཡས་ནས་རྒྱུ་ན་ལག་པ་གཡོན་པའི་ཁུ་ཚུར་གྱིས་གཡས་པའི་མཆན་རྩ་དང་ནུ་མ་མནན། གདོང་གཡོན་དུ་བལྟས་ཏེ་འོག་རླུང་འཐེན། གཡས་པའི་ཁུ་ཚུར་གྱི་འཛུབ་མོས་སྣ་བུག་གཡོན་བཀག །གཡས་ནས་རྔུབས། གདོང་གཡས་སུ་བསྒྱུར་ནས་མཛུབ་མོས་སྣ་བུག་གཡས་བཀག་ལ་གཡོན་ནས་འབུད་དོ། །དེ་ལྟར་ལན་བདུན་ལ་སོགས་པར་རེས་མོས་ཀྱིས་བསྒྱུར་ནས་མཉམ་རྒྱུར་བྱ་ཞིང༌། སྐབས་སུའང་ངལ་གསོའོ། །སྲོག་རྩོལ་འདི་རྣམས་ཀྱང་ཇི་སྲིད་དུ་མགོ་བོ་ན་ཞིང་སྙིང་ཁར་འཚང་བ་དང༌། འོད་ཀྱི་འཁོར་ལོ་ལྟ་བུའི་རྟགས་མཐོང་ནས་ཀྱང༌། དེ་ཉིད་སྟེང་གི་ཕྱོགས་མཐོན་པོར་སོང་བ་མཐོང་ན། རེ་ཞིག་ཐུན་མཚམས་བྱ་བའམ། སོར་བསམ་དག་བསྒོམ་མོ། །སྲོག་ཐུར་བསྲེ་བ་དང༌། ལྕེའུ་ཆུང་གིས་བདུད་རྩི་མྱང་བ་གཉིས་སུ་བཞེད་ཀྱང༌། སྲོག་ཐུར་བསྲེས་རྗེས་འཁོར་ལོ་སོ་སོའི་དབུས་སུ་ས་ཆུ་ལ་ཐིམ་པ་ནས་ནམ་མཁའ་ཡེ་ཤེས་ལ་ཐིམ་པའི་ཚུལ་གྱིས་འཛིན་པའི་ཡན་ལག་བསྒོམ་པ་ལ། ལུས་གནད་བུམ་པ་ཅན་གྱི་སྐབས་བཞིན་ནམ་རླུང་གཡོན་དུ་གཙོ་བོར་རྒྱུ་ན་རྐང་པ་གཡས་ཀྱི་རྟིང་པས་འོག་སྒོ་མནན། གཡོན་ཅུང་ཟད་མདུན་དུ་བརྐྱངས་པའི་གཡོན་རོལ་དང༌། གཡས་རླུང་རྒྱུ་ན་དེ་ལས་བཟློག་པར་བྱ་ཞིང༌། ལག་གཉིས་པུས་མོ་ལ་བཀབ་པ་དང་ལྟ་སྟངས་སྔ་མ་ལྟ་བུས༑ ཐོག་མར་འོག་རླུང་སྟེང་དུ་འཐེན། སྟེང་རླུང་ཧཱུྃ་རིང་པོའི་གདངས་ཀྱིས་དྲངས་པས་སྣ་གཉིས་ཆར་ནས་ཕྱིར་ཕྱུང༌། སླར་ནང་དུ་རྔུབས་ཏེ་ཧཱུྃ་ཐུང་གིས་ལྟོ་བར་བཙུད་པས་སྲོག་ཐུར་འདྲེས་པར་བསམས་ནས། ལྟོ་བ་ཕྱིར་ལན་འགའ་ཕུལ། གསང་རླུང་ཧཱུྃ་ཐུང་གིས་དྲག་ཏུ་ཡར་དྲངས། མིག་སྨིན་མཚམས་སུ་བཟློག་ཅིང༌། ལྕེ་རྩེ་རྐན་ལ་སྦྱར་བ་དང་ཕཊ་ཅེས་དྲན་པས་འོག་རླུང་འཐེན། ལུས་ཀྱི་དབུས་སུ་རྩ་དབུ་མ་གསལ་བཏབ་ནས༑ ལྟེ་བའི་རྩ་འཁོར་འདབ་མ་བཞི་བརྒྱ་བཅུ་གཉིས་སོགས་ཕྱི་ནང་ཐམས་ཅད་དང༌། ཕྱི་རོལ་དྲུག་ཅུ་རྩ་བཞི་པོ་ཁ་དོག་སེར་པོར་བསྒོམས་པའི་དྷཱུ་ཏིའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ༀ་དཀར་པོ་ཟླ་ཚེས་ཐིག་ལེ་ནཱ་ད་དང་བཅས་པ་དམིགས་ལ། ཐུར་སེལ་གྱིས་རླུང་ཡར་འཐེན། སྟེང་རླུང་རྩུབ་རླུང་གི་སྐབས་ལྟར་དྲངས་པ་དང༌། བུམ་པ་ཅན་དུ་བྱ་བ་སྟེ་ཡིད་ཐིག་ལེ་ལ་ཐིམ་པར་མོས་ནས་སེམས་རྩེ་གཅིག་ཏུ་གཏད་ཅིང༌། དེ་ལ་གོམས་ནས་སྟོང་གཟུགས་དང་ཡིད་རོ་གཅིག་ཏུ་བསྲེས་ལ་བསྒོམ། རླུང་མི་ཐུབ་པ་སྙམ་བྱེད་ན་དལ་གྱིས་བཏང་བ་སྟེ་འདི་ལ་ནན་ཏན་དུ་བྱའོ། །ལྟེ་བའི་འཁོར་ལོའི་རྩ་ཐིག་རླུང་གསུམ་རོ་གཅིག་ཏུ་གྱུར་པར་བསྟིམ། ཐུར་སེལ་འཐེན། སྟེང་རླུང་དང་ཁ་སྦྱར། སྙིང་ཁའི་འཁོར་ལོ་ལ་སེམས་རྩེ་གཅིག་ཏུ་བཟུང་ནས། སྟེང་རླུང་དལ་གྱིས་བཏང་ངོ༌། །ཕྱི་མ་རྣམས་ལའང་རླུང་སྦྱོར་གསུམ་འདྲ་བ་ལ། དམིགས་པ་མགྲིན་པར་རྩ་འདབ་བཞི། བརྒྱད། བཅུ་དྲུག །སོ་གཉིས་ཀྱི་ཕྱི་རིམ་ཁ་དོག་དམར་པོ་ལ་སྙིང་གའི་རྩ་ཐིག་རླུང་གསུམ་རོ་གཅིག་ཐིམ་པ་སོགས་སྔར་བཞིན་དང༌། དཔྲལ་བར་རྩ་འདབ་བཞི། བརྒྱད། བཅུ་དྲུག་གི་ཕྱི་རིམ་ལ་མགྲིན་པའི་རྣམ་གསུམ་རོ་གཅིག་པ་དང༌། སྤྱི་བོའི་རྩ་འདབ་བཞི་སྔོན་པོ་ལ། དཔྲལ་བའི་རྣམ་གསུམ་རོ་གཅིག་པ་དང༌། གསང་འཁོར་རྩ་འདབ་དྲུག་ཅུ། བཅུ་དྲུག་གི་ཕྱི་རིམ་ལྗང་གུ་ལ། སྤྱི་བོའི་རྩ་ཐིག་རླུང་གསུམ་དབྱེར་མེད་པར་ཐིམ་པར་མོས་ཤིང་གོམས་ནས་སྟོང་གཟུགས་དང་བསྲེས་པ་རྩེ་གཅིག་བསམ་གཏན་ཀྱང་ཐམས་ཅད་དུ་བྱའོ། །ཡན་ལག་དང་པོ་གཉིས་དང་བར་པ་དག་གི་གོ་རིམ་བརྟན་པས་ལྟེ་བ་སོགས་འཁོར་ལོ་དྲུག་ཏུ་རིམ་བཞིན་དེ་ལྟར་བསྒོམ་རིམ་ལ། བྱང་ཆུབ་ཀྱི་སེམས་སླ་བ་དང༌། ཅུང་ཟད་སྐ་བ་དང༌། ཤིན་ཏུ་སྐ་བར་གྱུར་པའི་གནས་སྐབས་ན་འཛིན་པ་ལ་སོགས་པའི་ཐབས་སུ། ལས་རྒྱ་ནས་རིམ་པར་འཇུག་དགོས་པར་བཞེད་པ་ཡང་ཡོད་མོད་ཀྱི། འདིར་རྣལ་འབྱོར་པ་མཆོག་གི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ལམ་དུ་བྱས་ཏེ། ནང་རིག་འགྱུར་མེད་བདེ་བ་ཆེན་པོ་རྟོགས་པའི་མཐུས་འཕོ་བ་མེད་པར་འགྲུབ་ཅིང་འབྲིང་དང་ཐ་མས་ཕྱག་རྒྱ་གཉིས་ལ་བརྟེན་ནས་ཞུ་བདེ་ལྷན་སྐྱེས་ཉམས་སུ་མྱོང་ལ། ཁམས་ཀྱང་དངུལ་ཆུ་འཆིང་བ་བཞིན་དུ་བྱེད་ཅིང༌། འགྱུར་མེད་བདེ་བ་མངོན་དུ་འགྱུར་བས་གོ་རིམ་དེ་ལྟར་བྱ། ལུས་ཀྱི་དབུས་སུ་རྩ་དབུ་མ་ཡར་སྣ་སྨིན་མཚམས་སུ་ཟུག་ཅིང་འཁོར་ལོ་དྲུག་པོ་སྔར་སྨོས་པ་བཞིན་གསལ་བཏབ་པའི་ལྟེ་བར་གནས་པའི་རོ་རྐྱང་གཉིས་གཙུག་ཏོར་ནས་བརྩམས་ཏེ། འཁོར་ལོ་སོ་སོའི་ཐད་དུ་དབུ་མ་དང་འབྲེལ་བ་ལ་འཁོར་ལོ་དྲུག་གི་བར་དུ་གཡས་གཡོན་དུ་གྱེས་པ། གསང་བའི་འཁོར་ལོ་ནས་དབུ་མ་གཡས་དང༌། རོ་མ་གཡོན་དང༌། རྐྱང་མ་དབུས་སུ་སོང་བ་ལ་བཤང་གཅི་ཁུ་བ་འབབ་པས། རྩའི་གནས་ལུགས་དང་མཐུན་པར་དེ་ལྟར་བསྒོམས་ལ། ལྟེ་བའི་འཁོར་ལོའི་དབུས་སུ་ཧོ་ཡིག་ཡོངས་སུ་གྱུར་པའི་གཏུམ་མོའི་མེ་དམར་ཞིང་ཕྲ་ལ་རྣོ་བ་གྱེན་དུ་སོར་བཞིའི་ཚད་དུ་འབར་བའི་འོད་ཟེར་དབུ་མའི་སྟེང་འོག་ཐམས་ཅད་དུ་ཁྱབ་པར་དམིགས་ནས། འཇམ་རླུང་བུམ་པ་ཅན་དང་ལྷན་ཅིག་སྣང་བ་དང་བཅས་པའམ། མེ་ཁོ་ན་ལ་ཡུན་དུ་སེམས་བརྟན་པར་བཟུང་ལ། གཙུག་ཏོར་རམ་དཔྲལ་བའི་འཁོར་ལོ་བྱང་སེམས་ཧཾ་ཡིག་གམ་ཐིག་ལེའི་རྣམ་པ་ཅན་དུ་གཡོས་ཏེ༑ རྩ་ཕྲན་རྣམས་ཀྱང་རིམ་པས་ཁྱབ་ཅིང་དབུ་མར་འོང་བ་ལས། དཔྲལ་མགྲིན་དུ་དགའ་བ། སྙིང་ཁར་མཆོག་དགའ། ལྟེ་བར་ཁྱད་དགའ། གསང་བ་དང་ནོར་བུར་ལྷན་སྐྱེས་ཉམས་སུ་མྱོང་བར་བསྒོམ་པའམ། གཙུག་ཏོར་ནས་དཔྲལ་བའི་བར་དུ་སོན་པ་དགའ་བ། མགྲིན་པ་ནས་སྙིང་ཁར་མཆོག་དགའ། ལྟེ་བ་ནས་གསང་འཁོར་དུ་དགའ་བྲལ་ལམ་སྣ་ཚོགས་དགའ་བ། གསང་བ་ནས་རྡོ་རྗེ་ནོར་བུའི་བར་དུ་འོངས་པ་ལྷན་སྐྱེས་མཐར་ཐུག་འཆི་མེད་བདེ་བ་ཆེན་པོ་ཡེ་ཤེས་ཀྱི་སྐུ་འགྲུབ་པར་བྱ་བའི་དོན་དུ་ཐབས་ཀྱི་ཡན་ལག་འདི་དག་ཉམས་སུ་བླང་ངོ༌། །འཛག་མེད་དུ་རིམ་པར་བརྟན་པས་བདེ་བའི་སྐད་ཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཐོབ་ཅིང༌། དུས་སྦྱོར་གྱི་རླུང་རྣམས་ཀྱང་དེ་དང་མཚུངས་པར་འགགས་པ་ལས། ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་འགྱུར་ཏེ། དེ་ཡང་ཐིག་ལེ་རྡོ་རྗེ་ནོར་བུའི་རྩེར་བརྟན་པས་མི་འགྱུར་བའི་བདེ་བའི་སྐད་ཅིག་དང་པོ་ཐོབ་ནས་ཏིང་ངེ་འཛིན་གྱི་ཐོག་མ་སྟེ། དབུགས་འབྱུང་འཇུག་གཅིག་འགག་གོ །དེ་བཞིན་དུ། སྐད་ཅིག་མ་སྟོང་བརྒྱད་བརྒྱའི་བར་དུ་འཕེལ་ཞིང༌། དབུགས་ཀྱི་གྲངས་དེ་སྙེད་འགགས་པའི་རིམ་པས། གསང་བར་ས་དང་པོ་དང་གཉིས་པ། ལྟེ་བ། སྙིང་ཁ། མགྲིན་པ། དཔྲལ་བ། གཙུག་ཏོར་རྣམས་སུ་བདེ་བའི་སྐད་ཅིག་ཐོབ་པ་དང༌། དུས་སྦྱོར་གྱི་རླུང་འགག་པའི་ཚུལ་དེ་ཉིད་ཀྱིས་ས་གཉིས་གཉིས་ཐོབ་པའི་རྣམ་པར་བཞག་པ་བསྟན་ལ་མཐར་ཐུག་གི་འབྲས་བུ་ཡེ་ཤེས་ཀྱི་སྐུ་ནི་བླ་ན་མེད་པའི་སངས་རྒྱས་ཉིད་དོ། །སྦྱོར་དྲུག་ཀུན༵་ལས་ཁྱད་འཕགས་པ། །དག༵འ་བཞི་དངོས་སུ་འདྲེན་པའི་ཆོས། །རྣམ་དག་གྲོལ༵་ལམ་མཆོ༵ག་འདི་ནི། །རྒྱུད་འགྲེལ་ཉིད་ལས་ཕྱུངས་པའོ༑ ༑ཙན་དན་དང་དེའི་དྲི་ལྟར་རྒྱུད་འགྲེལ་ལས་བཏུས་སོ།