ནི་གུ་ཆོས་དྲུག་གི་ཁྲིད་ཡིག།

From Damngak Dzö
DNZ-18-TSHA-010-076
Wylie title ni gu chos drug gi khrid yig DNZ-18-TSHA-010.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 18, Text 10, Subtext 76, Pages 390-398 (Folios 96b6 to 100b1)
Author ཀུན་དགའ་གྲོལ་མཆོག་
Citation Kun dga' grol mchog. Ni gu chos drug gi khrid yig. In Gdams ngag rin po che'i mdzod, Vol. 18: 390-398. Kalimpong: Rigpe Dorje Publications, 2024.
Side notes Recto: zab khrid   Verso: jo nang khrid brgya skor
More details More details
Genre Contemplative Guide Books and Instructional Manuals - khrid yig
Colophon

བསམ་སྡིངས་པ་གཞོན་ནུ་གྲུབ་ཀྱི་ཁྲིད་ཡིག་ལས་བཏུས་སོ།

bsam sdings pa gzhon nu grub kyi khrid yig las btus so/

[edit]
(༧༦) །ནི་གུ་ཆོས་དྲུག་གི་ཁྲིད་ཡིག །ནི་གུ་ཆོས་དྲུག་གི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། སྤྱི་བོར་པད་ཟླའི་སྟེང་དུ་བླ་མ་བསྒོམས་ལ། བླ་མ་རིན་པོ་ཆེ་བདག་གི་ནད་གདོན་ཞི་བར་མཛད་དུ་གསོལ། སྡིག་སྒྲིབ་དག་པར༴ ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། རང་གི་མགོ་ནང་དུ་ཆོས་འབྱུང་དཀར་སངས་པའི་སྟེང་ཐད་དུ་ཨ་དཀར་པོ་ལས་བདུད་རྩི་བྱུང་ལུས་གང་སྡིག་སྒྲིབ་བག་ཆགས་དུད་ཁུའི་རྣམ་པར་ཕྱིར་སྦྱངས་ནས། ལུས་ཤེལ་གོང་ལྟར་གྱུར། ནད་ཚད་པ་ལ་བདུད་རྩི་བསིལ། གྲང་བ་ལ་དམར། རླུང་ལ་དམར་སེར་ཚ་གྲང་སྙོམས་པས་སྦྱངས། གདོན་ལ་ཁྲོ་ཆུ་ཁོལ་མ་ལྟ་བུ། རྟགས་རྣམས་དངོས་དང་རྨི་ལམ་དུ་འཆར། གཏུམ་མོའི་སྔོན་འགྲོ་མེའི་སྟོང་རར། ལུས་མེ་ཐབ་དྲུག་ཆིངས་སུ་བྱ་ཞིང༌། རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ནང་དར་དམར་རྐྱལ་པ་ལྟར་སྲབ་དྭངས་ཀྱི་མཁལ་རྩ་གཡས་གཡོན་མདུན་རྒྱབ་ཏུ་མེ་གོང་བསམ། བླ་མ་རིན་པོ་ཆེ་བདག་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདེ་དྲོད་ཀྱི་ཏིང་ངེ་འཛིན། བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་བར་མཛད་དུ་གསོལ། འཇམ་རླུང་བཟུང་ལ་ཕོ་སྐོར་བྱས་པས་མེ་གང་འཐབ། མེ་སྟག་དམར་སྐྱ་ཐོར་འཐོར་བར་བསམ། གཏུམ་མོ་ཟས་བཟའ། རྩ་གསུམ་འདུས་མདོར་རཾ་ཡིག་མེ་རླུང་གིས་བསྐུལ་ཏེ་དབུ་མ་ཇེ་ཡངས་ལ་སོང་བ་མེས་ཁེངས་པར་བསམས་ལ། ལུས་དཀྲུགས་འཁོར། གཙུབ་ཤིང་མའི་འཁྲུལ་འཁོར། ངག་ལྟེ་འོག་གི་རླུང་ཁ་སྦྱར། སེམས་མེ་འབར་བ་ལ་རྩེ་གཅིག་གཏད་དོ། །གོས་གྱོན་མཐིལ་མེས་ལུས་འགེབས། སྟན་འདིང་ཁྱི་ཉལ་སྒོར་མོར་ཉལ། རྟ་ཞོན་མཆན་འོག་ནས་རླུང་གི་ལྷ་མོས་འདེགས་པར་བསམས་ལ། རླུང་ཁུག་པ་ཉེར་གཅིག་སྦྱོང༌། སྲིད་པའི་དབང༌། སྤྱི་བོའི་བླ་མའི་སྐུ་ལས་བདུད་རྩི་དཀར་ཆིལ་གྱིས་བྱུང་ནས་རང་གི་སྤྱི་མགྲིན་སྙིང་ཁ་ལྟེ་གསང་གང༌། དབང་བཞི་བསྐུར་བར་མོས། གེགས་སྟོད་ལ་ནོར་བུ་མིག་གསུམ་གང་ན་སར་བསྒོམ། ལུས་ཁྲོལ་ཚགས་ལྟར་ཡང་ཡང་བསམས་ལ་འབུད། ནད་རླངས་ཀྱི་རྣམ་པར་ཕྱིར་ཐོན་ཧ་དྲག་པོ་དང༌། ཁུ་ཚུར་ཕྱིར་བསྟན་ནུ་མའི་སྟེང་ཐད་དུ་བརྡེག །སྨད་ལ་རྡོ་རྗེའི་བུ་གར་རཀྟའི་ངོ་བོ་པདྨ་དམར་པོའི་རྩ་བ་ཕྲ་བ་བུ་གའི་ནང་ན་ཡར་ཆུད་པར་བསྒོམས་ལ་རྐང་མཐིལ་སྤྲད་ནས་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་སྤྱི་བོར་བསྒྱུར་བས་དམིགས་པ་ནོར་བུ་རྒྱུ་མ་ནང་ཟློག་ཏུ་གྱེན་ལ་བྱུང་བས་ཧཱུྃ་ཡིག་དམར་ལ་དྭངས་པ་གཅིག་དབུ་མའི་ལམ་ནས་ཚངས་བུག་བར་དུ་བྱོན་པ་ལ་ཤེས་པ་གཏད། འཛག་པ་དྲུག་ཀ་འདིས་ཆོད། ཞལ་ཤེས་བྲིས་པ་ཡིན། སྒྱུ་ལུས་ལ། སྐྱོ་ཤས་བསྐྱེད་དེ་རང་བདེ་མཆོག་ལྷན་སྐྱེས་སུ་བསྒོམས་པའི་སྤྱི་བོར་བླ་མ་ཀུན་འདུས། བླ་མ་རིན་པོ་ཆེ་བདག་འཛིན་བློས་ཐོངས་པར༴ དགོས་མེད་རྒྱུད་ལ་སྐྱེ་བར༴ སྒྱུ་ལུས་རྨི་ལམ་འབྱོངས་པར་མཛད་དུ་གསོལ། བླ་མ་རང་ལ་བསྟིམ། རྗེས་ཅིར་སྣང་སྒྱུ་མར་ཤར་བའི་འཆར་སྒོ་དང་མ་བྲལ་བའི་རྗེས་ཐོབ་སྐྱོང་བ་ནི་དབང་པོ་རབ། འབྲིང་རང་ལུས་བདེ་མཆོག་གིས་མཚོན་པའི་སྣང་དམིགས་སྒྱུ་མ་རྨི་ལམ་དུ་ཐག་རྦད་བཅད་ནས་ཡིད་དང་ངག་མཚུངས་པར་སྒྱུ་མ་རྨི་ལམ་ཞེས་བརྗོད། ཐ་མས་འགྲོ་འདུག །འཕོ་སྐྱས། བློ་སྣ། ལོང་གཏམ་གྱི་སད་བཞི་སྤངས་ནས་ལྟེ་བར་ཆོས་འབྱུང་ནང་དུ་འགྲོ་བ་རིགས་དྲུག་ལ་སྙིང་རྗེ་བསྐྱེད། འོག་རླུང་བསྐུམ། སྟེང་རླུང་རིམ་པས་མནན་པས་བདེ་དྲོད་སྐྱེ། རྨི་ལམ་རང་ཟིན༑ སྦྱངས། སྤེལ། ཡུལ་སྣང༌། རང་ཤར་ཏེ་ཡོན་ཏན་དྲུག་འཆར། ནད་ལ་སྒྱུ་མར་ཐག་བཅད། གདོན་ཆོས་འབྱུང་དུ་བཀུགས་ལ་དཀྲུགས་འཁོར་བྱས་པས་ཐུལ་འགྲོ་ཞིང༌། ཞེན་མེད་སྒྱུ་མའི་རང་ཉམས་ཀྱི་རྩིས་བཟུང༌། རྨི་ལམ་ལ། བླ་མ་རིན་པོ་ཆེ་བདག་འཛིན༴ དགོས་མེད༴ རྨི་ལམ་ཟིན་པར་མཛད་དུ་གསོལ། སྤྱི་བོའི་ཧཾ་ལས་ཐིག་ལེ་དཀར་པོ། གསང་གནས་ཀྱི་ཧཱུྃ་ལས་ཐིག་ལེ་དམར་པོ། སྙིང་ཁར་འཁོར་བ་བུམ་དབང༌། རེག་པ་གསང་དབང༌། རེག་བདེ་ཤེས་རབ་ཡེ་ཤེས། གཅིག་ལ་གཅིག་ཐིམ་པ་དབང་བཞི་པར་མོས་ཤིང༌། གནད་འཕྱུགས་མེད་དགུ་ལ་དུས་ཐོ་རངས། ནམ་ལངས། ཉི་ཤར། ལུས་སྐྱིལ་ཀྲུང་ཙོག་པུ་སེང་གེའི་ཉལ་སྟབས། དམིགས་པ་རྟོག་བཅས་གཉིས་རྟོག་མེད་གཅིག་གིས། ཐིག་ལེ་དཀར་དམར་སྣ་སྒོ་གཡས་གཡོན་ནས་ཐོན་སྨིན་མཚམས་སུ་བདེ་མཆོག་ཡབ་ཡུམ་དུ་གསལ་བ་འོད་དུ་ཡལ་བ་དང༌། སྙིང་ཁར་བླ་མའི་ཐུགས་ཀར་ཧཱུྃ་བསམས་ལ་རང་བླ་མ། བླ་མ་ཧཱུྃ། ཧཱུྃ་འོད་དུ་ཡལ་འདི་ཉིད་རྨི་ལམ་ཞེས་པས་འདུན་པ་རྐྱང་དྲིལ་བྱས་ལ་གཟུང༌། སྦྱང་བ་རྨི་ལམ་འབྱོངས་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ། གཡང་ཟ་ལ་བདེ་མཆོག་གིས་སྦྱོང་བ་སེམས་ཀྱིས་ལུས། སྒོ་དགུའི་ཐིག་ལེ་ནང་དུ་འདུས་ནས་ཡལ་སོང་བ་ལུས་ཀྱིས་སེམས། མདུན་དུ་བདག་མེད་མའི་པདྨ་ལ་ཨ་ཕྲེང་དང༌། བདག་མེད་མ་འོད་སྔོན་དུ་རྡོ་རྗེ་ནོར་བུའི་ནང་ནས་འདྲེན་ལ༑ བདག་མེད་མའི་འདུན་རྐྱང་རྩེ་གཅིག་འདུན་པས་སྦྱངས་པའོ། །སྤེལ་ནུས་པར་མཛད་དུ་གསོལ་ཞེས་བྱས་ལ། བེམ་པོ་དང་སེམས་ཅན་གཅིག་ནས་བཅུ་ལ་སོགས་པར་སྤེལ་ཞིང་རྩ་བའི་གཅིག་ལ་བསྡུ། གང་འདུལ་དུ་སྤེལ་བ་ལ། བྱི་བར་བྱི་ལ། བྱིའུ་ཁྲ། ཁྱི་སྤྱང་ཁུ། སྟག་སེང་གེ །མི་སྲིན་པོ་སོགས་དང༌། ཀླུ་ལ་ཁྱུང༌། གཟའ་ལ་ཕྱག་ན་རྡོ་རྗེ། རྒྱལ་འགོང་ལ་རྟ་མགྲིན། ཀུན་ཁྱབ་ཏུ་རྡོ་རྗེ་འཇིགས་བྱེད་ལྟར་སྤྲུལ་ནས་ཕྱག་མཚན་གྱིས་བརྡུངས་པ། མེ་དཔུང་གིས་བསྲེགས་པར་མོས་པས་འདུལ། སྤྲུལ་ནུས་པར་གསོལ་བ་བཏབ་རྗེས། གང་སྤྲུལ་གོང་བཞིན། བསྒྱུར་ནུས་པར་གསོལ་བ་བཏབ་པ་དང༌། འབྱུང་བཞི་སེམས་ཅན་ནམ། ཕྲ་རགས། ལྷ་སྐུ་སྣ་ཚོགས་ཞལ་ཕྱག་མང་ཉུང་རྣམས་སྣང་སྟོང་ཞེན་བྲལ་དུ་བསྒྱུར། ཡུལ་སྣང་གཏན་ལ་ཕེབས་པར་གསོལ་བ་བཏབ་ནས། དམིགས་མེད་གསལ་མཁྱེན་གང་བསམ་གསལ་མཐོང༌། ཡིད་ལུས་མཁའ་ལྡིང་རྣམས་ལས་དམན་པའི་ཡུལ་སྣང་ལ། ལྟེ་བར་ཆོས་འབྱུང་དང་ཐོད་པའི་ནང་དུ་ༀ་ཨཱཿ སྭཱ་ཧཱ་ལས་བདག་མེད་མ་མན་ཤེལ་དྭངས་པ་ལྟ་བུ་ལས་འོད་ཟེར་སྣ་ལྔའི་རྩེར་ལྷ་ཚོགས་རང་རང་གི་སྔགས་སྒྲ་སྒྲོགས། ཕྱི་ནང་གསང་བའི་མཆོད་པས་མ་དག་སྣོད་བཅུད་སྦྱངས་ཤིང༌། ཁྲིག་མེར་གྱིས་གང་བའི་བདག་མེད་མའི་ཐུགས་ཁར་གང་བལྟ་འདོད་པའི་ཡུལ་འགོད་པའམ། བདག་མེད་མ་ཨར་བསམས་པའི་འོད་ཀྱིས་ཡུལ་སྣང་བལྟ་བའམ། ཨ་ཐིག་ལེར་བསམས་པའི་འོད་ཟེར་ཡུལ་སྣང་གོང་ལྟར་སྤྲོ་བའོ། །འོད་གསལ་ལ་ཡང་སྔར་ལྟར་སྐྱོ་ཤས་ཆེར་བསྐྱེད། དམ་རྫས་དང་ཁ་ཟས་སྣུམ་པ་སྤྱོད་ལམ་དལ་ཞིང་རྔུལ་ཐོན་གྱི་ལས་སྤང༌༑ ཤ་ཆེན་དང་ཚིལ་ཆེན་བསྲེག །ཚོགས་དང་གཏོར་མ་བཟང་དུ་བཤམ། བླ་མ་སངས་རྒྱས་དངོས་མཐོང་གི་བློས་འོད་གསལ་ཟིན་པར་གསོལ་བ་གདབ། རང་ལུས་རྩ་དབུ་མ་དྭངས་གསལ་བསྒོམས་པའི་ལྟེ་བའི་ཨ་ལ་མ་ཡེངས་པར་སེམས་འཇོག །ཀླད་རྒྱའི་སྟེང་དུ་བདག་མེད་མའི་ཐུགས་ཀའི་ཨའི་འོད་ཀྱིས་ཀླད་པ་གཏི་མུག་གི་རང་བཞིན་སྦྱངས། ཐོད་པ་དུང་ཁང་གི་གཞལ་མེད་ཁང༌། སྙིང་དབུས་སུ་གསལ་དྭངས་ཐིག་ལེའི་ནང་དུ་བླ་མ་དང་ཐུགས་ཀའི་ཧཱུྃ་ཡང་ཐིག་ལེའི་རང་བཞིན་ཅན་ལ་ཡིད་རྩེ་གཅིག་ཏུ་གཏོད་ཅིང་སྐུ་གསུམ་ལམ་འཁྱེར་ངང་ནས་གསལ་སྟོང་དབྱེར་མེད་དུ་ལྟ་སྟངས་ཀྱིས་མཉམ་རྗེས་བསྲེ་བ། སྣང་སྟོང་བདེ་སྟོང་གསལ་སྟོང་རིག་སྟོང་ཟབ་ཞི་སྤྲོས་བྲལ་དག་པ་གཉིས་ལྡན་དུ་ངེས་ཤེས་ལྷག་པར་བསྐྱེད་ཅིང་ངོ་སྤྲོད། དམ་ཚིག་སྤྱི་དང་བྱེ་བྲག་ལ་ནན་སྦྱོར་བྱ། གེགས་སེལ་ངེས། སྐྱོན་རང་གྲོལ། བོགས་འདོན་ཐེ་ཚོམ་རྩ་བ་གཅོད། ཉམས་རྟོགས་ཉིན་མཚན་ཁྱད་པར་རྣམས་ཀྱིས་ཤན་ཕྱེད་པར་བྱ་བ་གཅེས་སོ། །འཕོ་བ་ཐེབ་པར་མཛད་དུ་གསོལ་ཅེས་གསོལ་བ་ཕུར་ཚུགས་སུ་བཏབ་ལ་རང་ལུས་དར་སྔོན་གྱི་གུར་ཁྱིམ་ལྟར་སྣང་བའི་ལྟེ་བར་འགྲོ་དྲུག་སྐྱེ་སྒོ་གཅོད་པའི་ཆོས་འབྱུང་ཟུར་དྲུག་པའི། སྨད་ཟུར་ཐུར་བསྟན་ངན་སོང་གསུམ་གྱི་ལམ་སྒོ་གཅོད། སྟེང་ཟུར་གསུམ་མདུན་དང་མཁལ་རྩ་གཡས་གཡོན་ལ་གཏད་པའི་ནང་ནས་ཡར་རྩ་དབུ་མ་སྤྱི་གཙུག་རྒྱ་མཐོང་ཐ་ལེ། ལྟེ་བར་ཨ་དཀར་པོ་འོད་ཕིར་བ། ལྟོ་བ་སྒལ་པ་ལ་བཅར་རྒྱབ་པས་ཨ་སྐར་མདའ་ལྟར་དབུ་མའི་གཞུང་ལམ་ནས་སོང༌། སྤྱི་བོའི་རྒྱ་མཐོང་ནས་ཐོན་ཏེ་འོད་དུ་ཡལ་བ་ཆོས་སྐུ་དེ་བཞིན་ཉིད། བདེ་ཀྱེ་སོགས་ཡི་དམ་གང་མོས་ལ་བསྟིམ་ན་ཟུང་འཇུག་ཡི་དམ། མཁའ་སྤྱོད་དཀར་དམར་གང་རུང་གི་གསང་སྒོར་ཞུགས་ན་འཆུགས་མེད་མཁའ་སྤྱོད། བླ་མའི་ཐུགས་ཀར་འཕོས་ན་བྱིན་རླབས་བླ་མའི་འཕོ་བའོ། །བླ་མ་ལ་བར་དོ་ལོངས་སྐུ་འགྲུབ་པར་གསོལ་བ་བཏབ་ནས་རབ་བར་དོ་དང་པོའི་འོད་གསལ་རང་ཤར་རང་བཞིན་མའི་ངང་དུ་བུ་བསྒོམ་པའི་འོད་གསལ་མ་བུ་ཞལ་མཇལ་སྔར་འདྲིས་པའི་མི་དང་འཕྲད་པ་ལྟར་ངོ་ཤེས་དྲན་པའི་ཡིད་ཆེས་ཐོབ་པ་ཡིན་ལ། འབྲིང་ལུས་ལྷ། ངག་སྔགས། སེམས་སྐྱེ་མེད་ཕྱག་རྒྱ་ཆེན་པོའི་རང་རྩལ་གྱིས་གཤིན་རྗེའི་གཟུགས་རྒྱོབ་སོད་འབྱུང་བཞི་ལོག་པའི་སྒྲ་བར་དོར་སྐྱེ་བའི་དངངས་སྐྲག་དེར་འཛིན་པ་གྲོལ་བ། ཐ་མས་ཕྱི་སྣོད་གཞལ་ཡས་ཁང༌། ནང་བཅུད་ཡི་དམ་ལྷར་མོས་ནས་མདུན་དུ་ཆོས་འབྱུང་སྔོན་པོ་གཅིག་བསྒོམ། འདི་མ་རྟོགས་པ་ལ་མའི་མངལ་སྒོ་རྟོགས་པ་ལ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཡིན་ཨང་སྙམ་དུ་བསམ། དེའི་དབུས་སུ་ཧཱུྃ་སྔོན་པོ་འོད་ཟེར་ལྔ་ལྡན་འཕྲོས་པས་སྐྱེ་གནས་བཞིའི་འདས་པའི་མངལ་སྒོ་དག །ད་ལྟར་གྱི་མངལ་སྒོ་སྦྱང༌། མ་འོངས་པའི་མངལ་སྒོ་བཀག་པར་བསམས་ལ། ཧཱུྃ་ལས་རང་བདེ་མཆོག །དེའི་སྤྱི་བོ་རྗེ་བཙུན་མ། དེའི་སྤྱི་བོར་བཞུགས་པའི་བླ་མ་འོད་ཟེར་བདེ་བའི་རང་བཞིན་ཅན་རྗེ་བཙུན་མ་ལ། དེ་ལས་འོད་ཟེར་བདེ་བའི་རང་བཞིན་ཅན་རང་ལ་ཕོག །ཕོ་ཞེ་སྡང་སྐྱེ་བའི་ཡུལ་ཆོས་འབྱུང་གཡས་ཟུར་དུ་བདེ་མཆོག་ཡབ་རྐྱང༌། མོ་འདོད་ཆགས་སྐྱེ་བའི་ཡུལ་ཆོས་འབྱུང་གཡོན་ཟུར་དུ་རྡོ་རྗེ་རྣལ་འབྱོར་མ་ཡུམ་རྐྱང་དུ་བསྒོམས་ལ་ཡིད་ཀྱིས་སྤྲུལ་པའི་མཆོད་པ་ཕུལ་ཞིང་སྦྱངས་པས་བར་དོ་ལོངས་སྐུར་སངས་རྒྱ་བ་ཉིད་དོ། །ཟབ་ཁྲིད་ཀུན༵་ལས་ཕུལ་བྱུང་བའི། །དག༵འ་སྟེར་ནི་གུ་ཆོས་དྲུག་ཁྲིད། །གྲོལ༵་མཆོ༵ག་རང་གི་ཉམས་ལེན་ཚུལ། །ཡི་གེར་གསལ་བར་བཀོད་འདིའོ། །བསམ་སྡིངས་པ་གཞོན་ནུ་གྲུབ་ཀྱི་ཁྲིད་ཡིག་ལས་བཏུས་སོ།