ནཱ་རོ་ཆོས་དྲུག་གི་ཁྲིད་ཡིག།

From Damngak Dzö
DNZ-18-TSHA-010-075
Wylie title nA ro chos drug gi khrid yig DNZ-18-TSHA-010.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 18, Text 10, Subtext 75, Pages 386-390 (Folios 94b5 to 96b6)
Author ཀུན་དགའ་གྲོལ་མཆོག་
Citation Kun dga' grol mchog. NA ro chos drug gi khrid yig. In Gdams ngag rin po che'i mdzod, Vol. 18: 386-390. Kalimpong: Rigpe Dorje Publications, 2024.
Side notes Recto: zab khrid   Verso: jo nang khrid brgya skor
More details More details
Genre Contemplative Guide Books and Instructional Manuals - khrid yig
Colophon

གསེར་ཞུན་མ་ལས་བཀོལ་ཏེ་བྲིས་སོ།

gser zhun ma las bkol te bris so/

[edit]
(༧༥) །ནཱ་རོ་ཆོས་དྲུག་གི་ཁྲིད་ཡིག །ནཱ་རོ་ཆོས་དྲུག་གི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། ལུས་རྣམ་སྣང་གི་ཆོས་བདུན་ལྟ་བུ་ལ་གནས་ནས། ལུས་སྟོང་ར་སྐྲ་སེན་དང་བ་སྤུའི་བུ་ག་ཐམས་ཅད་ཀྱང་ཁྲོལ་ཚགས་ལྟར་བུག་པ་སང་ངེ་བར་བལྟས་ལ་བསྐྱང༌། བཅོམ་ལྡན་འདས་མ་ལྷན་ཅིག་སྐྱེས་མ་སྐུ་སྟོང་རའི་རང་བཞིན་དུ་བལྟས་ལ་བསྐྱང༌། ལུས་ཀྱི་དབུས་དྲང་པོ་ན་ཡར་དྷཱུ་ཏི་མདའ་སྙུག་ལྟར་དྲང་བ། སོག་སྦུབ་ལྟར་བུག་པ་ཡོད་པ། ཏིལ་མར་གྱི་མར་མེ་ལྟར་གསལ་བ། གསང་གནས་ཚངས་བུག་གི་བར་དུ། གཡས་གཡོན་རོ་རྐྱང་གཉིས། སྟེང་འོག་ཏུ་དབུ་མ་དང་འདྲེས་ཤིང༌། ཡར་སྣ་སྣ་བུག་གཉིས་སུ་ཟུག་པ། ལྟེ་བའི་འཁོར་ལོ་དྲུག་ཅུ་རྩ་བཞི། སྙིང་ཁའི་རྩ་འདབ་བརྒྱད། མགྲིན་པར་བཅུ་དྲུག །དཔྲལ་བར་སོ་གཉིས་སྟོང་རའི་རང་བཞིན་ཅན། བ་སྤུ་འཁྲུགས་པའི་བར་གྱི་རྩའི་ཕྲེང་བ་རྣམས་ཀྱང་སྟོང་རར་བསམ། འདི་ལ་རིགས་ལྡན་གྱི་གཞི་གཟུང་བ་ཞེས་ཀྱང་བྱ། རླུང་རོ་བསལ། སྣ་རྩེ་ནས་སོར་བཅུ་དྲུག་གི་ཐད་ནས་རླུང་དུ་བའི་མདོག་ཅན་ལ་དལ་བུས་རྔུབས་ཏེ་རོ་རྐྱང་གི་ལམ་གཉིས་ནས་དྷཱུ་ཏིའི་མར་སྣའི་ནང་དུ་སོང༌༑ འོག་རླུང་ཀྱང་དེར་དྲང༌། ཕྱིར་གཏང་རན་པ་ན་དྷཱུ་ཏི་ལས་སྤྱི་བོའི་ཚངས་བུག་ནས་ཡར་དུ་བ་འཐོན་པ་ལྟར་བསམ། སྟེང་འོག་གཉིས་ཀ་མི་འཛིན་པར། ལྟོ་བ་ཕྱིར་ཕུལ་ཏེ་བར་རླུང་དགང༌། དྷཱུ་ཏིའི་ཡར་སྣ་སྨིན་མཚམས་སུ་ཟུག་པའི་ཡར་སྣ་བྱང་སེམས་ཀྱི་ཐིག་ལེ་དཀར། སྣུམ། འདྲིལ། འཚེར་བ་སྟེ་ཆོས་བཞི་ལྡན་བསམ། རླུང་རྔུབས་པ་དང༌ལྷན་ཅིག་དྷཱུ་ཏིའི་ནང་ལ་འཁོར་ལོ་སོ་སོའི་ལྟེ་བར་གནས་པས་རིམ་གྱིས་གསང་གནས་ཀྱི་ལྟེ་བའི་བར་དུ་བྱུང༌། སླར་ཡང་གྱེན་དུ་གཤེགས་ཏེ་ཡར་སྣ་སྨིན་མཚམས་སུ་སྐྱ་ཡེར་གྱིས་བྱུང་བར་བསམ། གཏུམ་མོའི་ཐིག་ལེ་ལས་མེ་ལྕེ་ལྷག་པར་འབར་བ་ཕྱོགས་མཚམས་སྟེང་འོག་ཐམས་ཅད་དུ་སོང་བས་མེའི་རང་བཞིན་སྲུང་འཁོར་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གནས་ཁང་གཞལ་མེད་ཁང་གི་རྣམ་པ་མེ་ཆོས་བཞི་ལྡན་གྱི་རང་བཞིན་ཅན་བསམས་ཏེ་གཏུམ་མོ་གནས་ཁང་དུ་བྱའོ། །འདུག་པ་དང་ཉལ་བའི་ཚེ་སྟན་དང་མལ་མེའི་རང་བཞིན་ཅན་དུའང་བསམས་ཏེ་གཏུམ་མོ་སྟན་དུ་བྱའོ། །གོས་བགོ་བ་ཐམས་ཅད་ཀྱང་མེའི་རང་བཞིན་དུ་བསམས་ཏེ་གཏུམ་མོ་གོས་སུ་གྱོན་པའོ། །སྒྱུ་ལུས་ཀྱི་མན་ངག །སྡུག་བསྔལ་གྱི་རང་བཞིན་ཅན་གྱི་འཁོར་བ་སྤྱི་དང༌། སྒོས་སུ་རང་གི་ལུས་ཕུང༌། ཁྱད་པར་སེམས་རང་དབང་མ་ཐོབ་བར་སྐད་ཅིག་རེས་ཀྱང་མི་རྟག་པ་སྟེ། ཡིད་བརྟན་པར་མི་འོས་པའི་ཚུལ་ལ་བརྟག་ཅིང་དཔྱད། གདོད་ནས་སྣང་སྲིད་དག་པའི་འཁོར་ལོར་བཞུགས་པས་ལུས་ལྷག་པའི་ལྷའི་སྐུར་བལྟ། སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ངེས་ཤེས་བསྐྱེད་དེ། སྐུའི་རྣམ་པ་ཡོངས་སུ་རྫོགས་ཀྱང་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ། ཁ་དོག་ཅིར་ཡང་སྣང་བ་འཇའ་ལྟ་བུ། གཅིག་ལས་གཉིས་སུ་སྣང་བ་མིག་ཡོར་ལྟ་བུ། རླུང་དང་འོད་ཟེར་ལས་གྲུབ་པའི་མིག་འཕྲུལ་ལྟ་བུ། གཅིག་ཉིད་དུ་མར་སྣང་བ་ཆུ་ཟླ་ལྟ་བུ། དངོས་པོ་གང་གིས་ཀྱང་གཞིག་མི་ནུས་པ་གྲིབ་མའི་སྐྱེས་བུ་ལྟ་བུ། ཞིང་དང་བཀོད་པ་སྣ་ཚོགས་སུ་སྣང་བ་དྲི་ཟའི་གྲོང་ཁྱེར་ལྟ་བུ་སྟེ་བདུན་སྐུའི་དཔེ། གསུང་ལ་འཕོ་འགྱུར་མྱུར་བ་བྲག་ཆ་ལྟ་བུ། རོ་གཅིག་ལ་དུ་མར་སྣང་བ་ཆུ་བུར་ལྟ་བུ་སྟེ་གཉིས་གསུང༌། ཐུགས་ལ་ཉམས་སུ་མྱོང་བ་རང་བཞིན་མ་གྲུབ་པ་རྨི་ལམ་ལྟ་བུ། ལྷན་སྐྱེས་ཉིད་སྣང་བ་སྒྱུ་མ་ལྟ་བུ་སྟེ་གཉིས་ཐུགས། ཕྲིན་ལས་འཇུག་པ་མྱུར་བ་གློག་ལྟ་བུ་གསུམ་ཀའི་ངོ་བོ་སྟེ་དཔེའི་སྒོ་དེ་རྣམས་ཀྱིས་ངེས་ཤེས་བསྐྱེད་ཅིང་བསྒོམ་མོ། །རྨི་ལམ་གཟུང་བ་མགྲིན་པའི་འཁོར་ལོ་པད་འདབ་བཞི་པའི་དབུས་སུ་ཐིག་ལེ་དམར་པོ་མེའི་རང་བཞིན་ཅན་བསམས་ལ། པད་འདབ་བཞིར་ༀ་ཨ་ནུ་ཏ་ར་བསམས་ལ་ཉལ་བས་ངེས་པར་ཟིན་ནོ། །སྤྱོད་པ་ལ་བསྒྱུར་དང་སྤེལ་ཞིང་སྦྱང་། འོད་གསལ་ཉིན་གྱི་དུས་སུ་འོད་གསལ་རྣམ་པར་མི་རྟོག་པའི་ངང་ལ་གོམས་པ་བརྟན་པར་བྱས་པས་དེའི་སྟོབས་ཀྱིས་གཉིད་འཐུག་གི་འོད་གསལ་བདེ་གསལ་མི་རྟོག་པ་གསུམ་ཚོགས་ཀྱི་ཏིང་ངེ་འཛིན་མངོན་དུ་གྱུར་ནས། བར་སྲིད་ནམ་ཤར་བ་ན། གང་ཤར་དེ་སྔོན་གོམས་ཀྱིས་དག་སྣང་དུ་རྩལ་སྦྱངས་པས། བར་དོར་ལོངས་སྐུ་མངོན་དུ་འགྱུར་བ་ཡིན་ནོ། །སྐྱེ་བ་འདིའི་འཚོ་བ་ཡོངས་སུ་བཏང་སྟེ། ཕྱི་མའི་སྐྱེ་བ་ཡོངས་སུ་མ་བཟུང་བའི་བར་ན། རླུང་སེམས་ཙམ་གྱི་ལུས་ཅན་དུ་གནས་པ་དེ་ཉིད་ཉམས་སུ་ལེན་པ་ཡིན་ལ། དེ་ཡང་སྔོན་གོམས་ལ་རགས་ལས་པས༑ ད་ལྟར་གྱི་ཉིན་སྣང་གང་ཤར་བར་དོ་ཡིན་སྙམ་དུ་ངེས་པར་བྱས་ལ། རང་བཞིན་མངོན་དུ་བྱ་བའམ། ཡང་ན་དག་སྣང་དུ་བསྒྱུར་ཏེ། དེའི་ངང་དུ་རང་བབས་སུ་སྐྱོང་བ་གོམས་པར་བྱས་པས་རྨི་ལམ་དུ་འདྲོངས་ཏེ། རྨི་ལམ་གྱི་སྣང་བ་གང་ཤར་ལ་བར་དོའི་དྲན་འདུན་དང་དེའི་སྟེང་དུ་དག་སྦྱོང་དང༌། རང་གྲོལ་སྐྱོང་བའི་ཉམས་ལེན་ལག་ཏུ་ལོངས་པར་འགྱུར་ལ། དེ་གོམས་པས་ནམ་འཆི་བའི་ཚེ། རང་བཞིན་བརྒྱད་ཅུའི་རྣམ་རྟོག་རིམ་གྱིས་ཐིམ་སྟེ་སྣང་གསུམ་གྱི་རིམ་པས་ཚེ་འདིའི་འཇུག་པ་བརྟུལ་ཏེ། བར་སྲིད་ཀྱི་སྣང་བ་ཅི་ཡང་རུང་བ་ཤར་ན་སྔོན་གོམས་ཀྱི་མན་ངག་ཉམས་འོག་ཏུ་ཆུད་དེ། བར་སྲིད་ལོངས་སྐུའི་གོ་འཕང་མངོན་དུ་འགྱུར་རོ༑ ༑འཕོ་བའི་མན་ངག །སྤྱི་བོའི་མཐོ་གང་ཙམ་གྱི་ནམ་མཁར་བླ་མ་དང་ཡི་དམ་ཕོ་བྲང་མཁའ་སྤྱོད་དངོས་སུ་བསམ། ལུས་ཀྱི་ཨ་ཝ་དྷཱུ་ཏིའི་ནང་མགྲིན་པའི་གནས་སུ་ༀ་དཀར་པོ་ལ་ཨ་ནུ་ཏ་ར་བཞིས་བསྐོར་བར་བསམས་ལ། རླུང་ནང་དུ་རྔུབ་པ་དང་ལྷན་ཅིག་མགྲིན་པའི་ༀ་ལས་ཧཱུྃ་སྔོན་པོ་ཆད་དེ་སྙིང་ཁར་བྱུང༌། དེ་ལས་ཨཱཿ དམར་པོ་ཆད་དེ་ལྟེ་བར་གནས་པར་བསམས་ལ། རླུང་ཐུབ་ཚད་བཟུང་ལ། དེ་ནས་ཕྱིར་དབྱུང་བ་དང་ལྷན་ཅིག །ལྟེ་བའི་ཨཱཿ ཧཱུྃ་ལ་འདྲེས། དེ་མགྲིན་པའི་ༀ་ལ་འདྲེས། ༀ་ཡི་གེ་བཞི་དང་བཅས་པ་ལུས་ངག་ཡིད་གསུམ་གྱི་ངོ་བོ་ཐིག་ལེའི་གཟུགས་ཀྱིས་ཚངས་བུག་ནས་ཐོན་ཏེ། བླ་མའི་ཐུགས་ཀར་འདྲེས་པར་བསམ། ནཱ་རོ་ཆོས་དྲུག་ཀུན༵་ཁྱབ་ལས། །དག༵འ་བ་རྒྱས་པའི་མདུད་གྲོལ༵་མཆོ༵ག །གསེར་ཞུན་ནང་ནས་ཟ་འོག་གི །དུམ་བུ་ལོགས་སུ་བཀོལ་ལྟར་བྲིས། །གསེར་ཞུན་མ་ལས་བཀོལ་ཏེ་བྲིས་སོ།