སྤྲོས་མེད་ཀྱི་ཁྲིད་ཡིག།

From Damngak Dzö
DNZ-18-TSHA-010-063
Wylie title spros med kyi khrid yig DNZ-18-TSHA-010.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 18, Text 10, Subtext 63, Pages 353-359 (Folios 78a6 to 81a3)
Author ཀུན་དགའ་གྲོལ་མཆོག་
Citation Kun dga' grol mchog. Spros med kyi khrid yig. In Gdams ngag rin po che'i mdzod, Vol. 18: 353-359. Kalimpong: Rigpe Dorje Publications, 2024.
Side notes Recto: zab khrid   Verso: jo nang khrid brgya skor
More details More details
Genre Contemplative Guide Books and Instructional Manuals - khrid yig
Colophon

གློ་བོ་ལོ་ཙཱ་བའི་གཏོང་ཐུན་ལས་བཏུས་སོ།

glo bo lo tsA ba'i gtong thun las btus so/

[edit]
(༦༣) །སྤྲོས་མེད་ཀྱི་ཁྲིད་ཡིག །སྤྲོས་མེད་ཀྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། ཧཱུྃ་ལས་མདུན་གྱི་ནམ་མཁར་ཐུན་མོང་བའི་སྲུང་བའི་འཁོར་ལོའི་དབུས་སུ་སེང་ཁྲི་པདྨ་ཉི་མ་མ་ཧེ་དམར་པོའི་གདན་གྱི་སྟེང་དུ། དྲིན་ཆེན་རྩ་བའི་བླ་མ་འཇམ་དབྱངས་གཤིན་རྗེའི་གཤེད་དམར་པོ། དེའི་མཐའ་བསྐོར་དུ་རིན་ཆེན་པད་ཟླའི་གདན་ལ། བརྒྱུད་པའི་བླ་མ། ཡི་དམ་ལྷ་ཚོགས། སངས་རྒྱས་བྱང་སེམས། འཕགས་པ་ཉན་རང༌། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བ། བླ་མའི་ཐུགས་ཀའི་འོད་ཟེར་གྱིས་ཁམས་གསུམ་སེམས་ཅན་ཐམས་ཅད་ཡི་དམ་ལྷའི་རྣམ་པར་བྱས། གོང་གི་མཐར་འཁོད། ༀ་བཛྲ་པུཥྤེ་ཨཱཿ ཧཱུྃ། ༀ་བཛྲ་དྷཱུ་པེ་ཨཱཿ ཧཱུྃ། ༀ་བཛྲ་ཨཱ་ལོ་ཀེ་ཨཱཿ ཧཱུྃ། ༀ་བཛྲ་གནྡྷེ་ཨཱཿ ཧཱུྃ། ༀ་བཛྲ་ནེ་ཝིདྱ་ཨཱཿ ཧཱུྃ། ༀ་རཱུ་པ་བཛྲི་ཧཱུྃ། ༀ་ཤབྡ་བཛྲི་ཧཱུྃ། ༀ་གནྡྷེ་བཛྲི་ཧཱུྃ། ༀ་ར་ས་བཛྲི་ཧཱུྃ། ༀ་སྤརྴེ་བཛྲི་ཧཱུྃ། ༀ་དྷརྨ་དྷཱ་ཏུ་བཛྲི་ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པ་ལ་བདག་ལ་གནོད་པའི་དགྲ་བགེགས་ཐམས་ཅད་དབུལ་བར་བགྱིའོ། །ཞེ་སྡང་བྲལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཕན་འདོགས་པའི་བཤེས་གཉེན་ཐམས་ཅད་དབུལ་བར་བགྱིའོ། །ཆགས་པ་དང་བྲལ་བར་བྱིན་གྱིས་བརླབ་ཏུ་གསོལ། བར་མའི་འགྲོ་བ་རྣམས་དང༌། བདོག་པའི་དངོས་པོ་ཐམས་ཅད་དབུལ་བར་བགྱིའོ། །འཛིན་ཆགས་སེར་སྣ་དང་བྲལ་བར་བྱིན་གྱིས་བརླབ་ཏུ་གསོལ། དཔལ་ལྡན་བླ་མ་དམ་པས། བདག་གི་བསམ་པ་མཁྱེན་པར་མཛད་དུ་གསོལ། བདག་ལ་ཐུགས་རྗེས་གཟུང་དུ་གསོལ། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཐོད་པའི་ནང་གི་ལུས་ཀྱི་དུམ་བུ་རྣམས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿ ཧཱུྃ། དགེ་འདུན་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མི་ཕྱེད་པའི་ངང་དེ་ཉིད་ནས། ཐོལ་སྐྱེས་ཀྱི་ཤེས་པ་གང་ཤར་གྱི་འཆར་སྒོ་དེ་ཉིད་ཐོག་མར་གང་ནས་འོངས། ད་ལྟ་ཇི་ལྟར་གནས། མཐར་གང་དུ་འགག །ཅེས་རང་སེམས་ལ་རང་སེམས་ཀྱིས་བརྡ་སྦྱར་བས། དང་པོ་གང་ནས་ཀྱང་མ་འོངས། ད་ལྟར་གང་དུའང་མི་གནས། མཐར་གང་དུའང་མི་འགག་མོད་ཀྱི། འོང་བར་སྣང་བ་དང༌། གནས་པར་སྣང་བ་དང༌། འགག་པར་སྣང་བའི་སྐད་ཅིག་མ་དེ་ཉིད་ལ། ངེས་ཤེས་ཀྱིས་ཡིད་ཆེས་སུ་དྲངས། དེ་ལྟར་བཙལ་བས་རྙེད་པའི་སེམས་རྣམ་རྟོག་ཡུལ་ཡུལ་ཅན་གང་ཡིན་སྒོ་དགུ་ནས་རང་གི་ལུས་ནང་དུ་པུར་གྱིས་བཅུག་པས། གསལ་ཞིང་དྭངས་པའི་མར་མེའི་རྩེ་ལྟ་བུ་དེ་ཉིད་གློག་ལྟར་འོད་དུ་འཁྱུག་ཅིང༌། མཐར་སྙིང་ཁ་ནས་བུ་ག་ཧར་གྱིས་ཕྱེ་ནས། སྐྱེས་བུས་མདའ་འཕངས་པ་ལྟར། ཕྱིའི་རྒྱ་མཚོའི་འགྲམ་མཐའ་ཀླས་པར་སོང༌། ལུས་གཤིན་རྗེའི་གཤེད་སྐུའི་རྣམ་པ་དེ་ཉིད་ཡང་ཞིང་གཡོ་བའི་ཤིང་ལོ་རླུང་གིས་བསྐྱོད་པ་ལྟར། བདེ་བ་ཅན་དུ་འོད་དཔག་མེད་པའི་དྲུང་དུ་བཞག །ༀ་ཨཱཿ ཧཱུྃ། སེམས་རིག་པའི་ངོ་བོ་ནམ་མཁའ་སྟོང་པའི་ཡེ་ཤེས་རྣམས་གཅིག་ཏུ་འདྲེས་ཏེ་དེར་འཛིན་པ་མེད་པར་བཞག །བྱིན་རླབས་བླ་མའི་རྣལ་འབྱོར་ནི། རང་ཉིད་ཀྱི་སྤྱི་བོར་བླ་མ་འཇམ་པའི་དབྱངས་གཤིན་རྗེའི་གཤེད་དངོས་སུ་བསྒོམས་ནས། སྙིང་ཁོང་རུས་པའི་གཏིང་ནས། མོས་གུས་ཀྱི་གདུང་ཤུགས་དྲག་པོས་ངག་ཏུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཞེས་ཕུར་ཚུགས་སུ་གསོལ་བ་བཏབ་ནས། རང་ལ་ཐིམ་པའི་ངང་ལ་མཉམ་པར་འཇོག་གོ །མཉམ་མེད་སྙིང་རྗེའི་རྣལ་འབྱོར་ནི། གནོད་བྱེད་ཀྱི་དགྲ་བགེགས་ལྟ་བུ་ཞིག་ལ་ཆེད་དུ་གཏད་ནས་བསྒོམས་ཏེ། ཨ་རེ་སྡུག །འདི་དང་བདག་སྐྱེ་བ་དུ་མར། ཕ་མ། ཕུ་ནུ༑ མཛའ་བཤེས་སུ་ཡང་ཡང་འགྲོགས་ཤིང༌། ཕན་ཚུན་ཕན་པ་རྗེས་སུ་སྒྲུབ་པ་ལ། ད་ལྟ་ལས་ཀྱིས་བསྐུལ་ནས་སྨྱོན་པ་ལྟར་རང་དབང་མེད་པར་གནོད་ཅིང་འཚེ་བར་བྱེད་པ་སྙིང་རེ་རྗེ། འདིའི་གནོད་སེམས་ཐམས་ཅད་ཞི་བར་གྱུར་ཅིག་སྙམ་དུ་བསྒོམ། རྩ་བ་རྒྱུའི་རྣལ་འབྱོར་ནི། རང་གི་སོ་ན་བ་ལྟ་བུའི་དཔེས་མཚོན་པ་གཅིག་ལ། དེ་དང་རིགས་མཐུན་པའི་སེམས་ཅན་གཞན་གྱི་སྡུག་བསྔལ་དང་ལེན་གྱི་བྱམས་པ་བཅོས་མ་མ་ཡིན་པ། བདག་གི་སོ་ན་བ་འདི་ཁོ་ནས་སེམས་ཅན་ཐམས་ཅད་ཀྱི་སོ་ན་བའི་གོ་ཆོད་པར་གྱུར་ཅིག་སྙམ་དུ་བསྒོམ། སྲོག་རྩོལ་རླུང་གི་རྣལ་འབྱོར་ནི། རང་ཉིད་ཕྱི་གཤིན་རྗེའི་གཤེད། ནང་དར་དམར་གྱི་རྐྱལ་པ་བུས་པ་ལྟ་བུ་སྟོང་པའི་ངང་ནས། ཧཱུྃ་གསུམ་དང༌། ཧ་གསུམ་གྱིས་སྟོད་སྨད་ཀྱི་རླུང་རོ་མ་ལུས་པ་བསལ་ནས་འཇམ་རླུང་ཁ་སྦྱར་ཏེ། ཕོ་བ་གཡས་སྐོར་གཡོན་སྐོར་ལན་བཅུ་དྲུག །ཡན་ལག་ལྔ་སྦྱོང་དང་འབྲེལ་བར་བྱའོ། །རྟེན་འབྲེལ་རྫས་ཀྱི་རྣལ་འབྱོར་ནི། བསྒྲུབས་ཤིང་བྱིན་གྱིས་བརླབས་པའི་བཅུད་ལེན་བརྟེན་པ་ཉིད་ཡིན་ནོ། །རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ནི། རང་ལུས་གཤིན་རྗེའི་གཤེད་དུ་གསལ་བའི་སྤྱི་བོར་བླ་མ་འོད་དུ་ཞུ། སྨིན་མཚམས་ནས་རྡོ་རྗེ་ནོར་བུའི་བར་གྱི་རྩ་དབུ་མ་སྲོག་གི་རླུང་སྔོ་དམར་འོད་ཟེར་ལྔ་ལྡན་གྱིས་གང་བར་བསམ་ནས་འཇམ་རླུང་འཛིན་པའོ། །བདུན་པ་བར་ཆད་ཀྱི་ཆོས་བསལ་བའི་གཟེར་བུ་ཡང༌། སྔར་ཤིན་ཏུ་སྤྲོས་པ་མེད་པའི་བཀའ་ལུང་མན་ངག་ལ་གོམས་པ་ལྷུར་བླངས་པའི་ངང་ཉིད་ནས། གུ་ཡངས་རྒྱ་འབྱམས་སུ་སྤྱོད་པ་ཉིད་གནད་ཀྱི་སྙིང་པོར་གྱུར་པས་སྔ་མའི་ཏིང་ངེ་འཛིན་གྱི་བོགས་འབྱིན་པ་སྟེ། རྐྱེན་སྣང་གི་འཆར་སྒོས་བློ་ཡུལ་གཡེངས་ཏེ། བསམ་གཏན་གྱི་ཡུལ་ལ་ཚེར་མ་བྱེད་ན། རྐྱེན་སྣང་དེ་ཉིད་དངོས་གྲུབ་ཏུ་བླངས་ནས། སྔར་སེམས་བསྐྱེད་པའི་ཐབས་དྲུག་གི་བྱིན་རླབས་བླ་མའི་རྣལ་འབྱོར་སྐབས་ལྟར་བླ་མའི་སྣང་བ་ལམ་དུ་བྱེད་པའི་རྣལ་འབྱོར་དང་ལྡན་པས་གསོལ་བ་རྩེ་གཅིག་ཏུ་བཏབ་མཚམས། བླ་མ་དང་རང་སེམས་བསྲེས་ནས་འབོལ་ལེ་ཤིག་གེ་རྒྱ་ཡན་དུ་འཇོག་ཅིང༌། བློ་རབ་ཀྱིས་ཅེར་ཕོག་ལས་མ་གཡོས་པར་རང་སོ་གཟུང༌། བློ་འབྲིང་གིས་འཆར་སྒོའི་ཡུལ་གང་སྣང་ལ་སོར་འཇོག་ཏུ་བསྐྱང༌། བློ་ཐ་མས་གང་ཤར་རྗེས་མཐུད་རྩ་བྲལ་དུ་ལམ་དུ་འཁྱེར། ཡང་རྣམ་རྟོག་གི་ཚོགས་ཀྱི་འཆར་སྒོ་འགག་མེད་དུ་སྣང་ན། རང་གི་ལུས་ཐ་མལ་པར་གནས་པའི་ལག་པ་གཡས་སུ་གང་བྱུང་ཆ་མེད་པའི་ཡེ་ཤེས་ཀྱི་རལ་གྲི་རྣོ་ངར་དང་ལྡན་པས། ལུས་གཅེས་འཛིན་གྱི་སྙེམས་འཕྲིགས་རྡུལ་ཙམ་མེད་པར་དུམ་བུ་བརྒྱ་སྟོང་དུ་གཏུབས་ཏེ་གནོད་བྱེད་འབྱུང་པོ་རྣམས་ལ་ཅི་དགར་བྱིན་པས། ཚིམས་ཤིང་ཡི་རང་མགུ་བ་བླ་ན་མེད་པ་ཐོབ་སྟེ། སེམས་རྒྱུད་ཀྱི་འཁོན་འཛིན་གདུག་རྩུབ་མ་ལུས་པ་ཞི་ནས་ཕན་བདེ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བསམས་ལ། ༀ་ཨཱཿ ཧཱུྃ། ཞེས་བརྗོད་ལ་མཉམ་པར་བཞག །ཡང་རྣམ་རྟོག་ཏོལ་གྱིས་སྐྱེས་ན། གང་སྣང་བའི་རྣམ་རྟོག་ཟུག་རྔུ་ཅན་དེ་ཉིད། གོང་གི་རྣམ་རྟོག་འོད་གསལ་གྱི་མན་ངག་ལྟར། ལུས་སེམས་རྟེན་དང་བརྟེན་པ་སོ་སོར་ཕྱེ་ནས། རང་རིག་མར་མེའི་རྩེ་མོ་ལྟ་བུ་དེ་ཉིད། གང་འཇིགས་པར་སྣང་བ་དེ་ཉིད་ཀྱི་སྙིང་དཀྱིལ་དུ་ཐིམ་པས་སེམས་ཉིད་དེ་ཉིད་ཀྱི་ངོ་བོར་གྱུར་པར་བསམ་ལ་མཉམ་པར་གཞག །ཡང་རྣམ་རྟོག་ཏོལ་སྐྱེས་ན། འཆར་སྒོ་དེ་ཉིད་ཀྱི་ངོ་བོ་རང་ལ་མ་ཡེངས་རྒྱང་སོ་བཙུགས་པས། ང་ཉིད་གཉིས་མེད་ཀྱི་ཡེ་ཤེས་ཡིན་ན། ཁྱོད་རྟོག་པར་བལྟའམ་ཞེས། ཐག་ཁྲ་ལ་སྦྲུལ་དུ་འཁྲུལ་པ་ཐག་པར་གོ་བའི་རང་ཉམས་བཞིན་དུ་འཁྲུལ་པ་གཞི་མེད་རྩ་བྲལ་དུ་གྱུར་ཏེ། བར་ཆད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའོ། །སྤྲོས་པ་ཀུན༵་གྱི་ཡིད་དག༵འ་ལ། །སྤྲོས་མེད་གྲོལ༵་བའི་ལམ་སྟོན་པའི། །ལམ་མཆོ༵ག་དམིགས་པའི་གནད་བསྡུས་འདི། །ཉུང་བསྡོམས་ཡི་གེར་བཀོད་པའོ། །གློ་བོ་ལོ་ཙཱ་བའི་གཏོང་ཐུན་ལས་བཏུས་སོ།