གྲོལ་བའི་ཐིག་ལེའི་ཁྲིད་ཡིག།

From Damngak Dzö
DNZ-18-TSHA-010-062
Wylie title grol ba'i thig le'i khrid yig DNZ-18-TSHA-010.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 18, Text 10, Subtext 62, Pages 350-353 (Folios 76a1 to 78a6)
Author ཀུན་དགའ་གྲོལ་མཆོག་
Citation Kun dga' grol mchog. Grol ba'i thig le'i khrid yig. In Gdams ngag rin po che'i mdzod, Vol. 18: 350-353. Kalimpong: Rigpe Dorje Publications, 2024.
Side notes Recto: zab khrid   Verso: jo nang khrid brgya skor
More details More details
Genre Contemplative Guide Books and Instructional Manuals - khrid yig
Colophon

བྱང་ཕུག་པའི་ཟིན་ཐོ་ལས་བཏུས་སོ།

byang phug pa'i zin tho las btus so/

[edit]
(༦༢ ) །གྲོལ་བའི་ཐིག་ལེའི་ཁྲིད་ཡིག །གྲོལ་བའི་ཐིག་ལེའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རང་ཉིད་སྲུང་འཁོར་དབུས་སུ་འཇམ་པའི་རྡོ་རྗེར་གསལ་བའི་ལུས་ཀྱི་ནང་དུ་རྩ་གསུམ་འཁོར་ལོ་བཞི། སྙིང་ཁར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་རལ་གྲིའི་ཡུ་བ་ལ་ཏིང་འཛིན་སེམས་དཔའ་མཾ་ལ་སེམས་གཏད། མཾ་ཞུ་ཐིག་ལེ་དམར་སེར་སྲན་ཆུང་ཙམ་འོད་ཟེར་ལྔ་ལྡན། དེའི་ནང་དུ་རྟེན་དང་བརྟེན་པའི་ཐིག་ལེ་བསྒོམ། དུ་བ་སོགས་འབྱུང༌། བོག་འདོན་ཐིག་ལེ་ལས་འོད་འཕྲོས། རྩེ་ལ་དཀྱིལ་འཁོར་སྤྲུལ། ཕྱོགས་བཅུའི་འཇིག་རྟེན་བཀང་ཞུ། བསྟིམ། ངོ་བོ་སེམས། ཐིག་ལེ་ལ་མཉམ་པར་བཞག །དཀར་ཆ་བཅུ་དྲུག །ནང་ནས་གཞི་ལུས་ཐིག་ལེ་བཅུ་དྲུག་དབྱངས་ཡིག་ཏུ་གསལ་བཏབ། རྐང་པ་གཉིས་ཀྱི་མཐེ་བོང་གི་རྩ་བར་ཨ། བྱིན་པ་གཉིས་ལ་ཨཱཿ བརླ་གཉིས་ལ་ཨི། གསང་བར་ཨཱི། གསུས་པའི་རྩ་བར་ཨུ། སྟེང་དུ་ཨཱུ། ནུ་མ་ལ་ར། ལག་པ་གཉིས་ལ་རཱ། མགྲིན་པ་ལ་ལ། མཆུ་ལ་ལཱ། འགྲམ་པ་གཉིས་ལ་ཨེ། མིག་གཉིས་ལ་ཨཻ། རྣ་བ་གཉིས་ཀྱི་རྩ་བར་ཨོ། སྤྱི་གཙུག་ཏུ་ཨཽ༑ ཚིགས་ཀུན་ཏུ་ཨཾ་ཨཿ དམིགས་ཏེ། སྙིང་གའི་ཐིག་ལེའི་འོད་ཀྱིས་དྲངས་ནས་བསྟིམ། སངས་རྒྱས་ཀྱི་བདུད་རྩི་བཀུག་བསྟིམ། རལ་གྲིའི་ཡུ་བ་གཞི་ལུས་བར་སྔར་བཞིན་གསལ་བར་བྱས། རྩེ་ལས་སྤྲུལ་པའི་དཀྱིལ་འཁོར་རབ་འབྱམས་ཞིང་དུ་བྱོན། རྒྱལ་བ་རྣམས་ཀྱི་ཞལ་དུ་ཞུགས། བདུད་རྩི་དང་འདྲེས། ཡབ་ཀྱི་གཡས། ཡུམ་གྱི་གཡོན་ནས་རྩ་བའི་ཐིག་ལེ་ལ་བསྟིམ། མཐར་ཆོས་ཐམས་ཅད་སེམས་སུ་བསྡུ༑ སེམས་ཐིག་ལེ་འབའ་ཞིག་ལ་རྩེ་གཅིག་ཏུ་མཉམ་པར་བཞག །མི་ཤིགས་ཐིག་ལེ་ལ་གནད་དུ་བསྣུན་ཏེ། གསང་བ་ནོར་བུའི་ཐིག་ལེ། སྙིང་ཁའི་ཐིག་ལེ་ལ་འོད་སྔར་བཞིན་འབར་ནས་རོ་རྐྱང་དབུ་མ་གསུམ་ནས་རྡུལ་མུན་སྙིང་སྟོབས་ཀྱི་རང་བཞིན་ཐུར་ལ་བབས། ནོར་བུའི་རྩེར་ཕྱག་མཚན་རལ་གྲི་སྔོན་པོ་ནས་འབྲུ་ཙམ་འོད་ཟེར་ལྔ་ལྡན་གྱི་ཡུ་བར་ཐིག་ལེ་ཡུངས་ཀར་སྦོམ་པོའི་ཚད་ཀྱི་ནང་དུ་ཐིག་ལེ་ཆེར་དང༌། དཀྱིལ་འཁོར་ཆུང་དུ་མ་སོང་བའི་ཚུལ་གྱིས། གཙོ་བོ་སེམས་དཔའ་སུམ་བརྩེགས་ལ་སེམས་གཅིག་ཏུ་གཏད། བོགས་འདོན། སེམས་བྱིང་རྒོད་དུ་གྱུར་ན་ཐིག་ལེ་རང་གི་མས་སྣ་ནས་ཕྱིར་ཕྱུང༌། ཡུམ་གྱི་མས་སྣར་བབས་པ་ལ་སེམས་གཏད། སངས་པ་ན་རྩ་བའི་ཐིག་ལེ་ལ་སེམས་བཟུང་བས། སྨིག་རྒྱུ། དུ་བ། མེ་ཁྱེར། སྒྲོན་མ་འབར་བ། སྤྲིན་མེད་ནམ་མཁའ་སོགས་རྟགས་ལྔ་འབྱུང༌། རྗེས་དྲན་ལྷ་བསྐྱེད་ཆོག་མེད་པར། རིགས་ལྔ་ཡུམ་བཞི། ཁྲོ་བོ་སོགས་དྲན་ནས་སྙོམས་པར་ཞུགས། ཞུ་བའི་ཐིག་ལེ་བསྒོམ། འདི་ཆེས་ཟབ། དབུ་མའི་མས་སྣར་བསྒོམ། རླུང་འཛིན། རླུང་སེམས་སྡུད་ཐབས་ཁྱད་པར་ཅན་ནོ། །དཔྲལ་བ། མགྲིན་པ། སྙིང་ཁ༑ ནུ་མའི་བར་རྣམས་སུ། སྐུ་གསུང་ཐུགས་ཡེ་ཤེས་སེམས་དཔའ། འཁོར་ལོ། པདྨ། རྡོ་རྗེ། རལ་གྲི། རླུང་གི་དཀྱིལ་འཁོར། ཆུ་མེ་སའི་དཀྱིལ་འཁོར་རོ། །ལྟེ་བར་ཟླ་བ་ལ་ༀ་དཀར་པོ། ཨཱཿ དམར་པོ། ཧཱུྃ་སྔོན་པོ། མཾ་འགྲོ་འོང་གནས་གསུམ་དང་བྲལ་བའི་རྣམ་པ་ཅན། འབྱུང་བཞིའི་རྣལ་འབྱོར། བཟླས་བྱ། ནང་འཇུག་ༀ། གནས་པ་ཨཱཿ ལྡང་བ་ཧཱུྃ། འབྲུ་གསུམ་ལྡང་འཇུག་གནས་གསུམ་ལ་བརྩོན་འགྲུས་བརྩམས། ནང་དུ་སྡུད་པའི་ཚེ་མི་ཤིགས་པ་ལ་བསྟིམ། གཡས་མཉམ་གནས་རླུང་གི་དང༌། གཡོན་སྲོག་འཛིན། ཆུ་གཉིས་ཀ་གྱེན་རྒྱུ། མེ་གཉིས་ཐུར་སེལ། རྡོར་བཟླས། དཔྲལ་བའི་རླུང་འབྱུང་འཇུག་གནས་གསུམ། སྣང་བའི་རྣམ་རིག་གི་གསལ་ཆ། ཀྵུཾ་ཞེས་པ། ཀ྄་ཥ྄་ཨུ་མ྄་འདུས་པའི་ཡིག་འབྲུ་ལས་འོད་ཟེར་ཕྱུང༌། དཀྱིལ་འཁོར་གསུམ་མམ་གཅིག །སྟོང་གསལ་བཞུ། མཉམ་པར་བཞག །གསལ་ཆ་གཙོ་བོར་འདོན་པ་ལ་འཇོག །རིམ་གྱིས་ཐིག་ལེ་བསྡུས་སྣང་སྟོང་ནམ་མཁའི་དཀྱིལ་ལྟ་བུར་འཇོག །འདིར་ཟབ་པ་གཙོ་བོར་འདོན། ཟུང་འཇུག་ཐིག་ལེའི་འོད་ཟེར་དཀྱིལ་འཁོར་གསུམ། ཟབ་གསལ་དབྱེར་མེད་ཆུ་ཟླ་ལྟ་བུའི་ངང་ལ་མཉམ་པར་གཞག །འདིར་ཟབ་གསལ་གཉིས་སུ་མེད་པ་གཙོ་བོར་འདོན། བརྩོན་འགྲུས་ཅན་ཚེ་འདིར་སངས་རྒྱ། ལེ་ལོ་ཅན་བར་དོར་སངས་རྒྱ། བར་ཆད་ཅན་སྐྱེ་བ་བརྒྱུད་ནས་སངས་རྒྱ། ཞེས་པའི་ཐ་སྙད་སྦྱར་ཏེ། ལྟེ་བ། སྨིན་མ། སྤྱི་གཙུག །མིག །རྣ་བ། ཁ། སྣ། བཤང་གཅིའི་སྒོ་སྟེ་དགུ་ཧཱུྃ་གིས་བཀག །རང་གི་སྤྱི་བོར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རྡོ་རྗེ་རྩེ་དགུ། དེའི་ལྟེ་བར་རང་སེམས་རྡོ་རྗེ་དཀར་པོ་རྩེ་ལྔ་པ། གཉིས་ཀ་གྱེན་ལངས། རྩེ་ལྔ་པའི་ལྟེ་བར་ཟླ་བ་ལ་ཐིག་ལེ་སེར་པོ་སྲན་མ་ཆུང་བ་ཡུངས་གྲུ་ཙམ་ལ་སེམས་གཏད་དེ་གསལ་ཆ་འདོན། སྣོད་བཅུད་སྣང་བ་རང་ཉིད་འཇམ་པའི་རྡོ་རྗེར་གསལ་བའི་སྙིང་གའི་ཐིག་ལེ་ལ་བསྡུ། སེམས་དབུ་མར་ཞུགས། སྤྱི་གཙུག་གསེར་སྒོ་ནས་ཐོགས་མེད་དུ་སོང༌། རྡོ་རྗེ་གཉིས་ཀྱི་མར་གྱི་རྭ་དབུ་མ་ནས་ཞུགས། རྩེ་ལྔ་པའི་ལྟེ་བའི་ཐིག་ལེ་ལ་བསྟིམ། སེམས་བཟུང་ནས་རང་ལུས་རྩེ་དགུ་པ་ལ། དེ་རྩེ་ལྔ་པ་ལ། དེ་ཐིག་ལེར། ཐིག་ལེ་ཏ་ལ་བདུན་སྲིད་ཙམ་དུ་སྤར་ནས། ཐིག་ལེ་ཇེ་ཕྲ་ཇེ་ཕྲར་སོང༌། མཐར་འོད་གསལ་དུ་བསྡུ། སྤྲོས་པ་མཐའ་དག་ཞི་བའི་ཆོས་སྐུ་མངོན་དུ་བྱས། དེ་དང་དུས་མཉམ་མཚན་དཔེ་གསལ་རྫོགས་ལོངས་སྐུ། ཕལ་པའི་སྣང་ངོར་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་པ་སྤྲུལ་སྐུར་མོས་པ་ཡིད་ལ་བྱའོ། །འཕོ་བའི་རྣམ་བཞག་ཞལ་ལུང་མ་གཏོགས་ཕ་རྒྱུད་དུ་གསལ་བར་མི་འབྱུང་ངོ༌། །ཀུན༵་གཟིགས་འཇམ་པའི་རྡོ་རྗེ་ཡི། །དག༵འ་ཆེན་གྲོལ༵་བ་མཆོ༵ག་གི་ལམ། །རྫོགས་རིམ་ཨུ་དུམ་མེ་ཏོག་འདྲའི། །དམིགས་རིམ་ཡི་གེར་འཕོས་འདི་དཀོན། །བྱང་ཕུག་པའི་ཟིན་ཐོ་ལས་བཏུས་སོ།