ལམ་འབྲས་ཀྱི་ཁྲིད་ཡིག།

From Damngak Dzö
DNZ-18-TSHA-010-042
Wylie title lam 'bras kyi khrid yig DNZ-18-TSHA-010.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 18, Text 10, Subtext 42, Pages 294-307 (Folios 48b6 to 55a3)
Author ཀུན་དགའ་གྲོལ་མཆོག་
Citation Kun dga' grol mchog. Lam 'bras kyi khrid yig. In Gdams ngag rin po che'i mdzod, Vol. 18: 294-307. Kalimpong: Rigpe Dorje Publications, 2024.
Side notes Recto: zab khrid   Verso: jo nang khrid brgya skor
More details More details
Genre Contemplative Guide Books and Instructional Manuals - khrid yig
Colophon

ཆོས་རྗེ་དཔལ་ལྡན་བླ་མ་དམ་པའི་ཁྲིད་ཡིག་སྦས་དོན་གསལ་བ་ལས་བཏུས་སོ།

chos rje dpal ldan bla ma dam pa'i khrid yig sbas don gsal ba las btus so/

[edit]
(༤༢) །ལམ་འབྲས་ཀྱི་ཁྲིད་ཡིག །ལམ་འབྲས་བུ་དང་བཅས་པའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། མ་དག་སྣང་བ་འཁོར་བའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་ཀྱང༌། བསྡུ་ན་སྡུག་བསྔལ་གྱི། འགྱུར་བའི། འདུ་བྱེད་གསུམ་ལས། དམྱལ་བ་ཚ་དམྱལ། ཡང་སོས། ཐིག་ནག །བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ཏུ་ཚ་བ། མནར་མེད། གྲངས་དམྱལ། ཆུ་བུར་ཅན། ཆུ་བུར་རྡོལ་བ་ཅན། ཨ་ཆུ་ཟེར་བ། ཀྱི་ཧུད། སོ་ཐམ་པ། ཨུཏྤལ་ལྟར་གས་པ། པདྨ་ལྟར་གས་པ། པད་མ་ལྟར་ཆེར་གས་པ། ཉི་ཚེ་ཉེ་འཁོར། ཚ་དམྱལ་བརྒྱད་ཀྱི་ཕྱོགས་བཞི་ན། མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། སྤུ་གྲིའི་ཐང༌། རལ་གྲི་ལོ་མའི་ནགས། ཤལ་མ་ལིའི་སྡོང་པོ། ཡི་དྭགས་ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། ཟས་སྐོམ་གྱི་སྒྲིབ་པ་ཅན། དུད་འགྲོ་ལ་བྱིངས་ན་གནས་པ། ཁ་འཐོར་བ་སྟེ་དེར་མི་སྐྱེ་བའི་ཐབས་མེད་དོ་བསམ། འགྱུར་བ་འཁོར་བ་མི་རྟག་པ། སྙིང་པོ་མེད་དེ། བརྒྱ་བྱིན་དུ་སྐྱེས་ནས་སླར་ས་སྟེང་དུ་ལྷུང༌། འཁོར་ལོས་སྒྱུར་བར་སྐྱེས་ནས་བྲན་གྱི་ཐ་མར་སྐྱེ། ལྷ་ཐོབ་ནས་དམྱལ་བར་སྐྱེ། ཉི་ཟླ་མུན་པར་འཇུག །ཕྱུག་པོ་སྤྲང་པོར་འགྲོ། ཁ་དྲག་ཞན་པོར། དགྲ་བཤེས། བཤེས་དགྲར། ཡུལ་མི་དང་རྒྱལ་ཁམས་ཀྱི་མི་ལ་བལྟས་ན་སྔར་གྱི་ས་ན་མེད་པར་རིམ་བཞིན་འགྱུར་ནས་འགྲོ། འདུ་བྱེད་ལ། རྒས་རྒས་ཤི་ཤི་ལས་བྱས་ཀྱང་ཚིམ་པ་མེད་ལ་ཚེ་རབས་བརྒྱུད་མར་ལས་བྱས་ཀྱང་ལས་ཟིན་པ་མེད་དོ། །དེ་ལྟར་བསམ་པས་འགྲོ་བ་གང་དུ་སྐྱེས་ཀྱང་སྐྱིད་པ་མེད་པའི་བསམ་བློ་ཐག་ཆོད་ན་ཅི་བྱས་ཆོས་སུ་འགྲོ་བ་ཡིན་ནོ། །དལ་འབྱོར་རྙེད་དཀའ་བ། ཕན་ཐོགས་ཆེ་བ། ཡུན་དུ་མི་གནས་པ། དེ་སྒྲུབ་པའི་རྟེན་ཡང་དལ་འབྱོར་གྱི་མི་ལུས་འདི་ཡིན། དལ་འབྱོར་ཡང༌། རང་འབྱོར་ལྔ༑ གཞན་འབྱོར་ལྔ། རྙེད་དཀའ་ཐོབ་པའི་དུས། སྙིང་པོ་བླང་དགོས་ཤིང༌། དེའང་འདིའི་ཚེ། ཕྱི་མའི་མཐོ་རིས། ཐེག་པ་འོག་མའི་མྱང་འདས། རྣམ་མཁྱེན་གྱི་སངས་རྒྱས་ཀྱང་བསྒྲུབ་པར་ནུས། རྙེད་དཀའ་བའི་དལ་འབྱོར་དེ་མི་རྟག་པའི་ཆོས་ཡིན་པས་ཡུན་རིང་དུ་མི་གནས། རྒྱུ་མཚན་ཛཾ་བུ་གླིང་པའི་ཚེ་ལ་ངེས་པ་མེད། མི་མཐུན་པའི་ཕྱོགས་ཀྱི་རྐྱེན་མང༌། མཐུན་པའི་རྐྱེན་དཀོན་པས་ནམ་འཆི་ཆ་མེད་དེ། རྒྱུ་འབྲས་ལ་ཡིད་ཆེས། མི་དགེ་བ༑ དགེ་བ། ལུང་མ་བསྟན་བསམ་སྟེ་མི་དགེ་བ་བཅུ་ཆེ་འབྲིང་ཆུང་གསུམ་དུ་སྤྱད་པས། ངན་སོང་གསུམ་དུ་སྐྱེ། མི་དགེ་བ་ལས་སྡུག་བསྔལ་འབྱུང་བས་སྐད་ཅིག་མི་སྤྱད། དགེ་བ་བཅུ་སྤྱད་པའི་རྣམ་སྨིན་གྱིས་འབྲས་བུ་བདེ་འགྲོར་སྐྱེ། བྱང་ཆུབ་གསུམ་ཐོབ་པ་ཡིན། དགེ་བ་ལ་ཕན་ཡོན་འདུག་སྙམ་དུ་བསམ། ལུང་མ་བསྟན་ཀུན་སློང་དགེ་མི་དགེའི་བསམ་པ་གང་གིས་ཀྱང་མ་ཟིན་པ་ཡིན་པས། སྒོ་གསུམ་གྱི་ལས་ཅི་བྱེད་བྱང་ཆུབ་སེམས་ཀྱིས་ཟིན་པར་བྱ། ཉམས་སྣང་ཐུན་མོང་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གཉེན་དགྲ་ཐ་མལ་པ་ལ་བྱམས་པ་བསྒོམ། སྙིང་རྗེ་སེམས་ཅན་བདེ་བ་དང་བདེ་བའི་རྒྱུ་དང་འཕྲད་ན་དགའ་བ་ལ་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་སྙིང་རེ་རྗེ། སེམས་ཅན་བདག་ཏུ་མ་གྲུབ་ཀྱང་མ་རིག་པ་སེམས་ཅན་དུ་བཏགས་ཏེ་སྡུག་བསྔལ་བར་འགྱུར་བ་སྙིང་རེ་རྗེ། སེམས་ཅན་རང་བཞིན་བདེན་པར་མ་གྲུབ་པ་ཡིན་ཀྱང་གང་ཟག་ཆོས་སུ་ཞེན་པས་སྡུག་བསྔལ་བ་སྙིང་རེ་རྗེ། བྱང་ཆུབ་སེམས་ལ་སྨོན་པ་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་ན་སྙམ་པ་སྐོམ་པ་ཆུ་འདོད་པ་ལྟ་བུ། སེམས་ཅན་བདག་གི་མ་ཡིན་པས་དེའི་འདོད་པ་ཅི་ཡོད་བདག་གིས་བསྒྲུབ། སེམས་ཅན་མདུན་དུ་དམིགས། བདག་ལ་གཅེས་འཛིན་དོར་ནས། སེམས་ཅན་གྱི་ལས་ངན་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག །བདག་གི་བདེ་བ་དགེ་བ་སེམས་ཅན་ལ་སྨིན་པར་གྱུར་ཅིག ༑བསམ་པ་དེ་ལྟ་བུའི་རྗེས་ཐོབ་ཏུ་གཞན་གྱི་ཁུར་འཁུར་བ་ལ་སོགས་པའི་དཀའ་བའི་སྤྱོད་པ་ལ་བསླབ། བདག་གཞན་ཡུལ་རྗེ་བ་པོ། བརྗེ་བྱའི་བདེ་སྡུག་རྣམས་རང་གི་སེམས་ཀྱི་སྣང་བ་ཡིན། དེའང་མ་གྲུབ་སྟེ་སྟོང་པ་ཡིན་སྙམ་དུ་ཐག་བཅད། གནས་ཚད་འཇོག །ཐུན་མོང་མིན་པ་ལམ་ཟབ་མོ་ལ་ཞུགས་ནས་ཉམས་ཀྱི་སྣང་བ་བསམ་གྱིས་མི་ཁྱབ་པ་ཞིག་སྐྱེ་ཡང་བསྡུ་ན་བཅོ་ལྔར། ལམ་གསུམ། ཉམས་གསུམ། རྟེན་འབྲེལ་གསུམ། དྲོད་གསུམ། ཏིང་ངེ་འཛིན་གསུམ། དེ་རླུང་གི་རྟེན་འབྲེལ་གྱིས་དབང་བྱས་པ་ལས་བྱུང་བ་ཡིན་པས། དེ་རྣམས་མཐུན་པའི་རྐྱེན་ལ་དགའ་བ་བྱ་རྒྱུ་ཡང་མེད། མི་མཐུན་པའི་ཕྱོགས་ལ་མི་དགའ་བ་བྱ་རྒྱུ་ཡང་མེད་སྙམ་དུ་བསྒོམ། དག་པའི་སྣང་བ། སྐུ་མི་ཟད་པ་ནི་སྐུ་བསམ་གྱིས་མི་ཁྱབ་པ་གཙུག་ཏོར་བལྟར་མི་མངོན་པ་སོགས་དང༌། གསུང་མི་ཟད་པ་ནི་གསུང་བསམ་གྱིས་མི་ཁྱབ་པ་ཉེ་རིང་མེད་པས་ཐོས་པ། ཐུགས་མི་ཟད་པ་ནི། ཐུགས་བསམ་གྱིས་མི་ཁྱབ་པ་ཇི་སྙེད་པ་མཁྱེན་པ། དེ་ལྟ་བུ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་ལམ་ཉམས་སུ་བླངས་པས་ཐོབ་པ་ཡིན་སྙམ་དུ་བསྒོམ་མོ། །རྒྱུད་གསུམ་ལས་རྒྱུ་དབང་བསྐུར་རྗེས། ཕྱི་ནང་གི་སེམས་ལ་བརྟགས་ན་ཕྱི་རོལ་ན་འགའ་ཡང་མེད། སེམས་ཀྱང་ངོ་བོ་གསལ། རང་བཞིན་སྟོང༌། གསལ་དུས་སྟོང༌། སྟོང་དུས་གསལ། གཉིས་པོ་དབྱེར་མེད་པ་དེ་ལ་ཟུང་འཇུག་སེམས་ཀྱི་ངོ་བོ་ཞེས་བློས་ཐག་བཅད་མ་ཡེངས་པར་འཇོག་པའོ། །དེའི་ཚེ་རྟོག་པ་འཕྲོ་ན་རྒྱུན་མི་མཐུད། རྟོག་པ་གང་སྐྱེས་ཟུང་འཇུག་ངང་དུ་མཉམ་པར་བཞག་གོ །ལྷན་སྐྱེས་ཉི་ཤུ་རྩ་བདུན། དེ་ལྟ་བུའི་ཆོས་གསུམ་པོ་དེ་མ་རྟོགས་པའི་དབང་གིས་འཁོར་བར་འཁྱམས་ཏེ་སེམས་སྒྱུ་མ་རང་བཞིན་མེད་པ་ལ། གཙོ་བོའི་དཔེ་བཞི། ཡན་ལག་གི་དཔེ་བཞིས་སེམས་སུ་སྒྲུབ། གཉིད་དང་སྣང་བ་བསྲེ། རྨི་ལམ་དང་ད་ལྟ་ལ་ཁྱད་ཅི་ཞིག་ཉམས་སུ་ནི་མྱོང༌། བདེན་ནི་མི་བདེན། ཞེས་ངེས་ཤེས་བསྐྱེད། རྗེས་བསྔོ་བ། མ་རྟོགས་པ་ལ་སྙིང་རྗེ། དཔེ་དོན་རྟག་ཏུ་དྲན་པར་བྱ། སྦྱོར་དངོས་རྗེས་གསུམ་གྱི་སྒོ་ནས་དཔེ་དང་པོ་ལ་ངེས་ཤེས་སྐྱེས་སྐྱེས་བསྒོམ། ཡུན་རིང་དུ་འགོར་ཡང་གཉིས་པ་མན་ཆད་ཀྱི་དམིགས་པ་མི་སྤོའོ། །ཆོས་དགུ་འོག་མ་ལ་ཡང་སྦྱར་ཞིང༌། དཔེའི་ངོ་བོ་བསྟན་ན། རྫས། ནད། གདོན། མིག་ཡོར། རབ་རིབ། མགལ་མེ། མྱུར་འཁོར་བ། དེ་དག་ལ་བརྟེན་ནས་སྣང་བ་འདི་ཕྱྭའམ། དབང་ཕྱུག་གམ་རྡུལ་ཕྲན་ལ་སོགས་པས་བྱས་པ་མིན་གྱིས་རང་གི་སེམས་ཀྱི་རྣམ་འཕྲུལ་ལོ་ཞེས་སྤྲོས་པ་གཅོད། སྒྱུ་མར་སྒྲུབ་པ་ལ། གཙོ་བོའི་དཔེ་བཞི། སྒྱུ་མ། སྨིག་རྒྱུ། ཆུ་ཟླ། གློག །ཡན་ལག་གི་དཔེ་བཞི། འཕྲོག་པ། དྲི་ཟའི་གྲོང་ཁྱེར། སྤྲིན། འཇའ་ཚོན། དེ་དག་གིས་ནི་སེམས་རང་ལའང་བདེན་པའི་རང་བཞིན་མེད་དེ་སེམས་ཉིད་ཀྱི་འགྱུར་བ། རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་སྐྱེས་པས་སོ། །ཞེས་སྤྲོས་པ་གཅོད། རྟེན་འབྲེལ་གཙོ་བོའི་དཔེ་བཞི༑ ཁ་ཏོན། མར་མེ། མེ་ལོང༌། རྒྱ། ཡན་ལག་གི་དཔེ་བཞི། མེ་ཤེལ། ས་བོན། སྐྱུར། བྲག་ཆ། དེ་དག་ནི་སྒྱུ་མ། ཞེས་པའི་རྒྱུ་རྐྱེན་བདེན་པར་གྲུབ་པ་གཅིག་ཀྱང་མེད་ལ། རྒྱུ་འབྲས་བུར་འོངས་པ་ཡང་མེད་ཅིང༌། རྒྱུ་ལ་མ་བརྟེན་པར་འབྲས་བུ་འབྱུང་བ་ཡང་མེད་པས། འགྲོ་འོང་སྐྱེ་འགགས་མེད་པའོ། །ཞེས་པའི་དོན་ཏོ། །བརྗོད་བྲལ་ལ་རྩ་བའི་དཔེ་བཞི། གཞོན་ནུ་རྒོད། ལྐུགས་པའི་རྨི་ལམ། གནད་ལ་ཕྲུགས་པ། དབང་པོའི་བདེ་བ། ཡན་ལག་གི་དཔེ་བཞི་ནི། གསུམ་པའི་ཡེ་ཤེས། གསང་བའི་སྙོམས་འཇུག །ལོངས་སྤྱོད་རླབས། དཀྱིལ་འཁོར་འཁོར་ལོ། ཆོས་ཐམས་ཅད་རྟེན་འབྲེལ་ལས་འབྱུང་བ་ངེས་ཤེས་སྐྱེས་ཀྱང༌། འདིའོ་ཞེས་བརྗོད་མི་ཤེས་པས་བརྗོད་བྲལ་ལ་མཉམ་པར་བཞག་གོ །དེ་དག་གི་ཚུལ་གྱིས་དཔེ་སུམ་ཅུ་རྩ་གཉིས་ཀྱིས་དོན་གཏན་ལ་ཕབ་ནས། དཔེའི་གཙོ་བོ་བཞིར་བསྡུས། རེ་རེའང་ཆོས་བཞི་བཞིས་གཏན་ལ་ཕབ་ནས་སེམས་སུ་བསྒྲུབ། དཔེ་རྨི་ལམ༑ སྒྱུ་མ། ཆུ་ཟླ། རྟེན་འབྲེལ་གྱི་ས་བོན། བརྗོད་བྲལ་གྱི་གནད་ཕྲུགས། དེ་རེ་རེ་ལའང༌། སེམས། སྒྱུ་མ། རྟེན་འབྲེལ། བརྗོད་བྲལ་ལ་ངེས་ཤེས་བསྐྱེད། དེ་དང་སྣང་བ་བསྲེ་ཞིང་ཉམས་སུ་བླང༌། དཔེའི་གཙོ་བོ་གཅིག་ཏུ་བསྡུས་པ་ལའང་ངེས་ཤེས་བསྐྱེད་པ་ནི། ལོངས་སྤྱོད་ཀྱི་རླབས་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་བསྐྱེད་ལ་དེ་ཉིད་སེམས་སོགས་བཞིར་གཏན་ལ་ཕབ་པ་ལ་སོགས་པ་སྔར་ལྟར་ཉམས་སུ་བླང་ངོ༌། །བསྐྱེད་རིམ་ཐ་མལ་རྣམ་རྟོག་གིས་བར་མ་ཆོད་པར་དྲག་ལ་ཡུན་ཐུང་བ་བསྒོམ། མཐར་སྤྱན་དབུས་མ་གསལ་བཏབ་སྟེ་སེམས་བཟུང༌། ཅུང་ཞིག་རྩོལ་བ་ཀློད། མི་གསལ་ན་བྲིས་པའི་སྤྱན་དབུ་མ་ལ་བལྟ་ཞིང་གསལ་བཏབ། དེ་ནས་སྤྱན་གསུམ་ཀ་ལ་དམིགས་པ་གཏད་ལ་བསྒོམ། དེ་ནས་དབུ་རིལ་པོ། སྐུ་རིལ་པོ་སོགས་གདན་དཀྱིལ་འཁོར་ལྷ་གཞལ་ཡས་ཁང་སྲུང་བའི་འཁོར་ལོ་དང་བཅས་པ་སྔ་མ་བཞིན་དུ་བསྒོམ། ལམ་དུས་ཀྱི་དབང་རྒྱས་པར་བླངས་ནས། སྙིང་ཁར་ཐུགས་རྡོ་རྗེ་ལྷ་མོ་བརྒྱད། མགྲིན་པར་འོད་དཔག་མེད། འཁོར་ལྷ་མོ་བཅུ་དྲུག །སྤྱི་བོར་རྣམ་སྣང༌། འཁོར་སུམ་ཅུ་སོ་གཉིས། ལྟེ་བར་རིན་ཆེན་འབྱུང་ལྡན། འཁོར་ལྷ་མོ་དྲུག་ཅུ་རྩ་བཞི། གསང་གནས་སུ་དོན་ཡོད་གྲུབ་པ། འཁོར་ལྷ་མོ་སུམ་ཅུ་རྩ་གཉིས་ལ་སེམས་བཟུང༌། དེ་ནས་སྐྱེ་མཆེད་དྲུག །ཡུལ་དྲུག །ཚིགས་ཆེན་བཅུ་གཉིས་ལྷ་དང༌། ལུས་ཀྱི་ཆ་ཤས་རྟེན་གཞལ་ཡས་ཁང་ལ་སེམས་གཟུང༌། འོད་ཀྱི་གོང་བུའི་འདའ་ཁ་མ་བསྟན་རྗེས། གསང་དབང་གི་ལམ་ལ་འཇུག་སྟེ་སྐྱོན་ཅན་ཕྱིར་འདོན་པ་འདྲ་བས་ཐོག་མར་རྩོལ་བ་ནས་མགོ་འཛིན་ཏེ། ཡིད་སྣ་རྩེ་གཡས་པར་གཏད་ལ་རླུང་ཕྱིར་རྒྱུ་བའི་དུས་སུ་ཕྱིར་རྒྱུས། ནང་དུ་རྒྱུ་བའི་དུས་སུ་ནང་དུ་རྒྱུས། ཅུང་ཟད་གནས་པའི་ཚེ་གནས་ཞེས་དྲན་པར་བྱ། དེ་ཉིད་ལ་སེམས་རྩེ་གཅིག་ཏུ་ཟིན་ནས། རྟོག་པ་གཞན་མི་རྒྱུ་ན་འཇུག་པ་སེལ་བའི་ལམ། བོགས་དབྱུང༌། རླུང༌༑ ཕྱིར། བརྔན་དགས་བྱིན་ཏེ། ཕྱིར་འགྲོ་ཇེ་རིང་འཇུག་གནས་ཐུང་ངུ་བྱས། དེ་ལ་ཏིང་ངེ་འཛིན་སྐྱེས་པ་དང༌། སྲོག་ནས་འགོ་བཟུང༌། ནང་དུ་རྒྱུས། གནས། ཕྱིར་རྒྱུས་སྙམ་དུ་དྲན། ནང་དུ་རྒྱུ་བ་ༀ། གནས་པ་ཨཱཿ ཕྱིར་གྲོ་བ་ཧཱུྃ། དེ་བརྟན་པའི་ཡན་ལག་ཏུ་སྲོག་ལ་བརྔན་དགས་བྱིན་ཏེ། ནང་འཇུག་ཇེ་རིང་ཕྱིར་འགྲོ་ཇེ་ཐུང་བཏང༌། ཡིད་ཀྱིས་ཀྱང་ནང་དུ་རིང་དུ་རྒྱུས། ནང་དུ་གནས། ཕྱིར་ཐུང་དུ་རྒྱུས་ཞེས་དྲན་པར་བྱ། རྩོལ་བ་བཀག་སྟེ་སྲོག་ནས་བཏང་བའི་མན་ངག་ལ་མགོ་ཅུང་ཟད་བཏོད་ལ། སེམས་སྣ་རྩེའམ་སྣ་བུག་གཡོན་དུ་གཏད་ལ། སྡིགས་མཛུབ་བརྩེགས་པས་བཀག་ལ་རླུང་ནང་དུ་རྔུབ་སྟེ་གཡོན་ན་ཕར་བུས་ལ་བཏང་ངོ༌། །འདི་སྐྱོན་ཅན་ཕྱིར་བཏོན་ཡིན། ཤུགས་བསྐྱེད་དེ་གཉིས་ཀ་ནས་བཏང་བ་ལ། ཤེས་པ་མཛོད་སྤུར་གཏད། རླུང་གི་གནད་གཉིས་ཀ་ནས་ཤུགས་བསྐྱེད་དེ་དྲག་ཤུལ་དུ་བུས་ལ་བཏང་། ཕྱིར་ཐུབ་ཚད་གཅིག་བཞག །རླུང་གི་གནད། རང་གི་མདུན་ཁྲུ་གང་ཙམ་གྱི་ནམ་མཁའ་ལ་ཡིད་གཏད། དེ་ནས་འདོམ་གང་ཙམ། དེ་ནས་མདུང་གང་ཙམ། དེ་ནས་རྒྱ་ཆེ་བའི་ལུང་པ་ཙམ། དེ་ནས་ས་སྐོར་གཅིག་ཙམ་ལ། དེ་ནས་གླིང་བཞི། དེ་ནས་སྟོང་གསུམ། མཐར་འཇིག་རྟེན་གྱི་ཁམས་ཀྱི་ནམ་མཁའ་ཐམས་ཅད་ལ་ཡིད་གཏད། སྒྲ་བཅས་སུ་བཏང་བ་ནི། སོ་བསྒྲིགས་ནས་སེམས་ཀྱི་གནད་རང་གི་འདོམ་གང་ཙམ་གྱི་ཁོར་ཡུག་གི་ནམ་མཁའ་ལ་སེམས་གཏད། སིའི་སྒྲ་ལ་སེམས་གཏད། རླུང་གི་གནད་སོ་བར་ནས་སིད་སྒྲ་དང་བཅས་པས་བུས་ལ་བཏད། བོགས་དབྱུང༌། རླུང་སྤོས་ཀྱི་དུད་པ་ལྟ་བུ་བྱུང་བཤང་ལམ་ནས་འཐོན། འོག་གི་ཁྲུ་གང་ཙམ་དུ་འཁྱིལ་བ་ལ་ཤེས་པ་གཏད། སྟེང་རླུང་ཐུབ་ཚད་མནན། འོག་རླུང་ཅུང་ཟད་བསྐུམ། དེའི་ཚེའང་ཕྱིས་བུས་པ་ཕྱིར་འཕེལ་དུ་མི་གཞུག་གོ །དགང་བའི་མན་ངག་རྩོལ་བ་བཀག་སྟེ་སྲོག་ནས་དགང་བ་ཡིན། ལྟེ་བར་སྒོ་ངའི་སྐོགས་པ་འདྲ་བ་ཕྱི་དཀར་ལ་ནང་སེར་བ་གཅིག་གི་ནང་ན་མར་ལ་རླུང་སིབ་སིབ་འགྲོ་བ་བསམ། རླུང་གི་རྟ་མཆིལ་མ་སྒྲ་མེད་པར་མིད། རླུང་ཐུབ་ཚད་དུ་མནན། རྣལ་འབྱོར་དབང་ཕྱུག་གི་ཉམས་ཀྱང་འདི་ལས་སྐྱེས་པ་ཡིན་གསུང༌། ལྟེ་བར་ཆོས་འབྱུང་གྲུ་གསུམ་སྔོན་པོའི་ནང་ན་མར་རླུང་ཐམས་ཅད་སིབ་སིབ་འགྲོ་བར་བསམ་ཞིང་ཁ་ཕྱེ་ལ། རླུང་ཁ་ནས་སྒྲ་མེད་དུ་དལ་བུར་རིང་བར་རྔུབ་ཅིང༌། རྫོགས་པ་དང་མཆིལ་མ་སྒྲ་མེད་དུ་མིད་ལ༑ མགོ་གསིག །དེ་གཉིས་ཀྱི་ཐུན་མོང་དུ་གཉིས་ཀའི་དམིགས་པ་སྔ་མའི་མཇུག་ཐོག་ཏུ་བསྒོམ་བྱའི་ལྟེ་བར་མེ་སོར་གཉིས་བཞི་དམིགས། ལྟེ་བར་ཆོས་འབྱུང་ས་གཞི་ལྟར་རྒྱ་བསྐྱེད་དེ། རླུང་མནན་པས་ཆོས་འབྱུང་དེ་རྒྱ་ཇེ་ཆེ་ལ་སོང༌། མཐར་ས་གཞི་ཐམས་ཅད་ཁྱབ། དེའི་ནང་སྟོང་པར་སོང་བའི་ནང་དུ་རླུང་འཇུག་པ་དང་ཡང་རྒྱ་མཚོ་ལྟར་གཏིང་ཟབ་པར་བསྒོམ། ཁ་སྦྱར་ལྟེ་བར་གཏུམ་མོའི་མེ་ཨ་ཤད་ཀྱི་རྣམ་པ་ལྟ་བུ། ཕྲ་ཞིང་ཚ་ལ་རྣོ་ངར་དང་ལྡན་པར་བསམ། དེ་ནས་དང་པོར་འོག་རླུང་ཅུང་ཟད་བསྐུམ། དེ་ནས་སྟེང་རླུང་སྒྲ་མེད་པར་མགོ་ས་ལ་ཐུག་པ་ཙམ་གྱི་རྩོལ་བས་རིམ་གྱིས་དྲངས་ལ་རླུང་ཐམས་ཅད་ལྟེ་བའི་མེ་ལ་ཐིམ་པར་བསྒོམས་པའི་སྟེང་རླུང་རྫོགས་པ་དང༌། མཆིལ་མ་གཅིག་མིད་ལ། འོག་རླུང་དྲག་ཏུ་འཐེན་ནས་རླུང་ལྟེ་བའི་གནས་སུ་ཁ་སྦྱར་ལ་ཕོ་བ་སྒལ་ཚིགས་ལ་གཅེར། གསུས་པོ་ཆེ་ཕྱིར་ཅུང་ཟད་དགུག །ཨོལ་མདུད་ནོན་ཙམ་བྱས་ལ་རླུང་ཐུབ་ཚད་བཟུང༌། གཏུམ་མོའི་མན་ངག་མར་མེ་གསོ་བ། ཚངས་པའི་ཐོག །རྩ་བའི་རྣལ་འབྱོར། སྲུབ་ཤིང་གི་འཁོར་ལོ། སྙིང་ཁའི་ཉི་ཟླ་ཁ་སྦྱོར། ལྟེ་བའི་དཔའ་བོ་འབའ་ཞིག །གསང་གནས་བདེ་བའི་ཐིག་ལེ་མཛོད་སྤུ་སྐྲ་དཀར་གྱི་ས་བོན། འཁོར་ལོ་གཅིག་ལ་བརྟེན་ན་རྣོ་བ། འཁོར་ལོ་གཉིས་ལ་མྱུར་བ། འཁོར་ལོ་བཞི་ལ་བརྟེན་ན་བརྟན་པ། མན་ངག་གི་གནད་ལ་བརྟེན་པ་བདུན། མེ་དམར་སྐྱ། མེ་འབར་བ། ཐིག་ལེའི་འཐབ་མོ༑ འཁོར་ལོའི་དམིགས་པ། མེ་དྲག་ཏུ་འབར་བ། ཐམས་ཅད་མེ་འབར་བ། ཤེས་རབ་ཡེ་ཤེས་ཀྱི་ལམ་ལ་སྦྱོར་བ་འདུ་ཤེས་གསུམ་གྱིས་བྱིན་གྱིས་བརླབས་པ། དངོས་གཞི་དབབ་གཟུང་ངོས་བཟུང་བ། རྗེས་བཟློག་ཁྱབ་ཀྱིས་མི་ཉམས་པར་བསྲུང་བའོ། །དབང་བཞིའི་ལམ་ལ་ལུས་ཀྱི་རྦ་རླབས། ལུས་སྐྱིལ་ཀྲུང༌། ལག་པས་པུས་མོ་ལ་བཀབ། རྐེད་པ་དྲང་པོར་བསྲང༌། ལྟོ་བ་ཚིགས་པ་ལ་སྦྱར། རླུང་འབུད་གསུམ་རྔུབ་གསུམ་གྱི་ཚུལ་གྱིས་སྟེང་རླུང་བཅུག །འཚང་ར་གཡས་གཡོན་འོག་ཏུ་གནོན་པ་རེ་མོས་ཀྱིས་དལ་གྱིས་བསྐུམ་སྟེ་དྲག་ཏུ་འཐེན། དྲག་ཤུལ་དུ་བསྐུམ་ན་ཤུགས་ཆད་ནས་འགྲོ། གཏོང་ཙ་ན་འོག་རླུང་སྔོན་ལ་བཏང༌། ངག་འདྲེན་ཞི་དྲག་གི་རྦ་རླབས། ལུས་སྐྱིལ་ཀྲུང༌། ལག་པ་རྡོ་རྗེ་ཁུ་ཚུར་སྙིང་ཁར་བསྣོལ། མདུན་དུ་ས་ལ་མ་རེག་ཙམ་བཏུད་ལ། ཨིའི་གདངས་ཀྱིས་ཁ་ནས་སྒྲ་མེད་པར་རླུང་སོ་བར་ནས་བཞུར་ཏེ། ནང་རླུང་གྱེན་དུ་འདྲེན་པ་དང་དུས་གཅིག་ཏུ་ཁ་ནས་དལ་བུས་འདྲོངས་ཚད་དུ་དྲངས། དེ་དང་བསྟུན་ནས་རྒྱུ་ཞབས་དང་འོག་རླུང་ཡང་རིམ་གྱིས་དྲག་ཏུ་བསྐུམ། མཐར་མགོ་སྒྱེད་བྱས་ལ་མིག་སྟེང་དུ་བགྲད། རླུང་ཐུབ་ཚད་དུ་མནན། དེ་ལྟ་བུ་མདུན་དུ་གསུམ། གཡས་སུ་གསུམ། གཡོན་དུ་གསུམ་ཉམས་སུ་བླང༌། གོམས་ནས་གླིང་བུ་ལྟ་བུའི་སྒྲ་འབྱུང་ངོ༌། །ངག་འདྲེན་དྲག་པོ་ནི། ལུས་ངག་གི་གནད་སྔར་དང་འདྲ། ཧཱུཾ་སྒྲ་སྐད་ངར་ཇེ་ཆེ་ཇེ་ཆེར་བཏང༌། མཐར་ཕྱིན་པ་ན་རྒྱངས་རིང་པོ་ནས་ཐོས་པའི་རག་དུང་གི་སྐད་ལྟ་བུ་འབྱུང་ངོ༌། །སེམས་ཀྱི་རྦ་རླབས་ནི། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་འདུ་ཤེས་གསུམ་གྱིས་སྐད་ཅིག་གིས་སྙོམས་པར་ཞུགས། ཡབ་ཡུམ་གཉིས་ཀའི་ཁམས་དྭངས་མ་དབུ་མའི་སྣ་རྩེར་བྱོན། འོད་ཟེར་གྱི་རྣམ་པར་གྱུར། གཡས་རོ་མ་ནས་སོང༌། ལྟེ་བར་བྱོན། ལྟེ་བའི་འཁོར་ལོ་ནམ་ལངས་པ་བཞིན་ཡལ་ཡལ། ཉི་མ་ཤར་བ་བཞིན་གསལ་གསལ། གློ་བ་བུས་པ་བཞིན་ཏང་ཏང༌། ཡང་རོ་མ་ནས་སོང༌། མགྲིན་པར་བྱོན། ཆོས་གསུམ་ལྡན་དྲན། ཡང་རོ་མ་ནས་སོང༌། རྣ་བ་གཡས་ནས་འོད་ཟེར་གྱི་རྣམ་པར་འཕྲོས། འོད་ཟེར་གྱི་སྒོ་ལས་ལྷག་པའི་ལྷའི་དཀྱིལ་འཁོར་འཕྲོས། སེམས་ཅན་གྱི་རྒྱུད་ལ་དབང་བཞི་བསྐུར། སྣོད་གཞལ་ཡས་ཁང་བཅུད་ཀྱི་སེམས་ཅན་རྣམས་ལྷག་པའི་ལྷར་བྱས། སྣོད་བཅུད་ཐམས་ཅད་འོད་ཟེར་གྱི་རྣམ་པར་གྱུར། ཕར་འཕྲོས་པའི་འོད་ཟེར་དང་འདྲེས་བདུད་རྩིའི་བཅུད་དུ་གྱུར༑ ཚངས་པའི་སྒོར་ཞུགས། སྤྱི་བོར་ཆོས་གསུམ་ལྡན་དུ་དྲན། མགྲིན་པར་བྱོན་ཉི་མ་སྟོང་གི་གཟི་བརྗིད་དང་ལྡན། སྙིང་ཁར་བྱོན། བདག་གི་རྒྱུད་སྐུ་ལྔར་བསྒྱུར་བའི་རྟགས་སུ་འོད་ཁ་དོག་ལྔར་གྱུར། རྩ་དག་པའི་ལམ་ལྟེ་བ་ནས་བྱུང༌། ཡུམ་གྱི་མཁར་སྔ་མ་བཞིན་གནས་པར་བསམ་མོ། །དེས་གཟུང་རྟོག་ནུབ། རོ་མ་དབང་དུ་འདུས། རྩོལ་བའི་རླུང་ལ་དབང་ཐོབ་བོ། །རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་མངོན་དུ་བྱས་སྙམ་པ་མོས་པ་ཙམ་བྱའོ། །དེ་བཞིན་དུ་གཡོན་དུའང་བྱ་སྟེ། འཛིན་རྟོག་ནུབ། རྐྱང་མ་དབང་དུ་འདུས། སྲོག་རླུང་ལ་དབང་ཐོབ། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་མངོན་དུ་བྱས་པར་བསམ། དེ་བཞིན་དུ་དབུ་མར་ཡང་བྱས་ཏེ་གཟུང་འཛིན་གཉིས་ཀའི་རྟོག་པ་ཕྲ་མོ་ནུབ། དབུ་མ་སྦྱངས༌། རླུང་གནས་པ་ལ་དབང་ཐོབ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་མངོན་དུ་བྱས་པར་བསམ་མོ། །གཉིས་པ་ཤེས་རབ་ཀྱི་རྒྱུད་དག་པར་བྱ་བ་ནི། ཡུམ་གྱི་རྩ་གསུམ་སྦྱོང་བའི་དམིགས་པ་སྔར་བཞིན་བྱ་སྟེ། རྩ་གཡས་གཡོན་གཉིས་ནས་རྣ་བ་གཡས་གཡོན་གཉིས་ཀྱི་སྒོར་བྱོན་པ་ཙམ་ལས་ཕྱིར་སྤྲོ་བ་ནི་མེད་ལ། ཚངས་པའི་སྒོ་ལས་སྤྲོ་བ་དང་བསྡུ་བ་བྱས་ཀྱང་རུང༌། མ་བྱས་ཀྱང་རུང་སྟེ་འདྲ་བར་བཞེད་དོ། །གསུམ་པ་རྒྱུད་སོ་སོར་དག་པར་བྱ་བ་ནི། ཡབ་ཀྱི་དབུ་མ་ནས་ཁམས་དྭངས་མ་འོད་ཟེར་གྱི་རྣམ་པར་སོང་ནས་གཙུག་ཏོར་མཆོག་ཏུ་ཐིམ། ཡུམ་གྱིའང་དེ་བཞིན་དུ་ཐིམ་སྟེ། གཉིས་ཀའང་སྐུ་ལྔ་ལྷུན་གྱིས་གྲུབ་པ་དྲན་པ་ཙམ་བྱ་སྟེ། འདི་དག་རླུང་ལྡང་འཇུག་དང་བསྟུན་མི་དགོས་ལ། ཐུན་བཞིའི་ངེས་པའང་མི་དགོས་པར་བཞེད་དོ། །དེའི་ཚེ་ཉམས་གར་སྐྱེ་ངེས་པ་མེད་ལ་ཅི་སྐྱེས་བྱུང་རྒྱལ་དུ་བསྐྱངས་པས་ལྟ་བ་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་མས་བརྟན་གྱི་དགའ་བ་བཞིའི་ཉམས་མྱོང་རྒྱུད་ལ་སྐྱེས་ཏེ། འདི་ཁམས་འདུས་པ་ཐ་མ་སྐྱོན་མེད་གཉུག་མ་ཡེ་ཤེས་ཀྱི་ལམ་དུ་ཁྲིད་པ་ཡིན་ནོ། །ཁྲིད་ཚུལ་ཀུན༵་ལས་དག༵འ་བའི་ཏོག །སྨིན་གྲོལ༵་མཆོ༵ག་གི་རྒྱལ་མཚན་ནི། །ཉམས་ལེན་ཐུན་བཞིའི་ལྷབ་ལྷུབ་ཅན། །གསུང་ངག་དམིགས་ཐོ་ཡི་གེར་བྲིས། །ཆོས་རྗེ་དཔལ་ལྡན་བླ་མ་དམ་པའི་ཁྲིད་ཡིག་སྦས་དོན་གསལ་བ་ལས་བཏུས་སོ།