ཨོ་རྒྱན་བསྙེན་སྒྲུབ་ཀྱི་ཁྲིད་ཡིག།

From Damngak Dzö
DNZ-18-TSHA-010-041
Wylie title o rgyan bsnyen sgrub kyi khrid yig DNZ-18-TSHA-010.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 18, Text 10, Subtext 41, Pages 290-294 (Folios 46b6 to 48b6)
Author ཀུན་དགའ་གྲོལ་མཆོག་
Citation Kun dga' grol mchog. O rgyan bsnyen sgrub kyi khrid yig. In Gdams ngag rin po che'i mdzod, Vol. 18: 290-294. Kalimpong: Rigpe Dorje Publications, 2024.
Side notes Recto: zab khrid   Verso: jo nang khrid brgya skor
More details More details
Genre Contemplative Guide Books and Instructional Manuals - khrid yig
Colophon

ཟླ་སེང་གི་ཁྲིད་ཡིག་ལས་བཏུས་སོ།

zla seng gi khrid yig las btus so/

[edit]
(༤༡) །ཨོ་རྒྱན་བསྙེན་སྒྲུབ་ཀྱི་ཁྲིད་ཡིག །ཨོ་རྒྱན་བསྙེན་སྒྲུབ་ཀྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རྩ་དག་སྐུ་རྡོ་རྗེ། སྐྱིལ་ཀྲུང་གསུམ་བྱེད། སྒྲུབ་ཁང་མུན་པ་ཅན་དུ་བསྒོམ་ཞིང༌། སྐྱིལ་ཀྲུང་དཔུང་རྒྱངས། ལྟག་པ་བསྲང༌། མགྲིན་པ་དགུགས། ལྕེ་དྲིལ། ཁ་སྣ་གཉེར་ཙམ། རྣ་བ་ཧྲེང་གཏང༌། མིག་གྱེན་དུ་བལྟ། དམིགས་པ་མི་འཛིན། བསྒོམ་འདོད་རྟོག་པ་ཕྱིར་བསྙིལ། མ་ཡེངས་ཙམ་བཞག །སྒོ་ལྔ་བཅུད་ལ་བོར་བས་རྩ་བ་ཡན་ལག་གི་རླུང་ནང་དུ་བཀང༌། དུ་བ་སོགས་མཐོང༌། རླུང་སྟོད་དུ་འཚང་ན། འོག་གི་སྐྱིལ་ཀྲུང་ལྟོ་བ་འོག་སྒོ་རྐང་པ་བསྡམ། ཆ་ཆ་ནས་བསྒྲིམ། ལྟ་སྟངས་ཐུར་ལ་ལྟ་བ་འཇོག །སྟེང་གི་སྐྱིལ་ཀྲུང་འོག་གི་སྐྱོན་སེལ༑ བར་གྱི་སྐྱིལ་ཀྲུང༌། དལ་མོ་ཅུང་ཟད་སྒྱེ་བར་བྱ། ལྟོ་བ་ཕྱིར་བསྐྱེད། སྟེང་འོག་གེགས་ཐམས་ཅད་སེལ། སྔ་དྲོ་ཕྱི་དྲོ་ཉི་མ་དང་སེར་བུ་ལ་རྒྱབ་ཕྱོགས། ཉིན་གུང་བསྒོམ་པ་མ་ཡིན། ནམ་མཁའ་མཐོང་སར་ཕྱེད་གཡབ་འོག་སྤྲིན་མེད་དྭངས་པ་ལ་བསྒོམ། ཉིན་མོའི་རྟགས་དྲུག་མཐོང༌། འབྱུང་རླུང་ཟིན་པ། དེ་ཡང་ས་རླུང་དུ་བ་ལ་ཆུ་རླུང་སྨིག་རྒྱུ། མེ་རླུང་སྲིན་བུ་མེ་ཁྱེར། རླུང་གི་རླུང་མར་མེའི་འོད། མཚན་རྟགས་བཞི། ནམ་མཁའི་རླུང་ནམ་མཁའ་ལྟ་བུ། མེ་འབར་བ། ཟླ་བ། ཉི་མ། སྒྲ་གཅན་གནག་ལིང་ལིང་བ། གློག་ཤིན་ཏུ་ཕྲ་བའི་ཐིག་ལེའི་དབུས་སུ་ལོངས་སྐུ་མཐོང༌། ཉིན་རྟགས་དྲུག་མ་ངེས་པ། བུམ་པ། སྣམ་བུ། རེ་ལྡེ་ལ་སོགས་བསམ་གྱིས་མི་ཁྱབ། དེ་ལུས་ཉམས། སེམས་ཉམས། རྨི་ཉམས་གསུམ་གྱིས་བརྟག་དགོས་ཏེ་རྟགས་བཅུའོ། །ཤེས་རབ། རྟོག་དཔྱོད། དགའ་བ། གཡོ་མེད། བདེ་བ། བསམ་གཏན་ཡན་ལག་ལྔ་མཐོང༌། མངོན་པར་ཤེས་པ་ལྔ་འཆར། གསུང་རྡོ་རྗེ། རྩ་ཁྱིམ། ཐིག་ལེ་ལོངས་སྤྱོད། རླུང་བདག་པོ། རིག་པ་རྟེན་དུ་གནས། རླུང་རོ་ཕྱུང༌། རླུང་འཇུག་པ་ༀ། གནས་པ་ཨཱཿ ཕྱིར་དབྱུང་བ་ཧཱུཾ། བགྲང་ཕྲེང་སྤངས་པའི་བཟླས་པ་བྱེད། དེ་རྗེས་རླུང་མ་འཆོལ་བ་རླུང་སྦྱོར་ལྔ་བསྒོམ་སྟེ། ནམ་མཁའི་རླུང་འབྱུང་བ་ཚོར་རིག་མེད་པ་འཇམ་ཞིང་ཆ་མཉམ་གཟུང༌། མེ་རླུང་དྲག་ལ་ཐུང་རྦུད་རྦུད་གཟུང༌། ཆུ་རླུང་སོ་བསྡམས་ནས་གཞུར་སིད་སྒྲ་དང་བཅས་གཟུང༌། སའི་རླུང་ནམ་མཁའི་རླུང་ལས་ཅུང་ཟད་དྲག་པར་ཚོར་མ་ཚོར་ཙམ་གཟུང༌། དེ་ནས་ཐུར་སེལ་རླུང་གི་གདན་དང་འབྱུང་བ་རིམ་བརྩེགས་བསྒོམ། ལྟེ་བར་ཨེ་སྔོན་པོ་ནམ་མཁའ་གྲུ་གསུམ་དྭངས་པ། དེའི་སྟེང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན། རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། བཾ་ལས་ཆུའི་དཀྱིལ་འཁོར་དཀར་ལ་ཟླུམ་པོ། ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞིའི་སྟེང་དུ་ཡེ་ཤེས་ཀྱི་གདན་ལྗང་གུ་ཟླུམ་པོ། སྒྲ་གཅན། ཉི་མ། ཟླ་བ། དུས་མེ་ཟླུམ་པོ། རེག་བྱ་འབྱུང་བ་དང་མཐུན། སྟེང་གི་རླུང་སྦྱོར་གྱིས་འབྱུང་བའི་གདན་ལ་ཨཱ་ལི་ཀཱ་ལི་གསེར་མདོག་གི་ཕྲེང་བ་ན་ར་ར་བྱུང༌། དུས་མེའི་སྟེང་དུ་སེར་ཧྲཾ་དམིགས། གཏོང་དུས་སུ་ཡིག་འབྲུ་གྱེན་ལ་ཡོང་བར་བསྒོམ། ཆུ་རླུང༌། ཨཱ་ལི་ཀཱ་ལི་སྐྱ་ན་ར་ར་བྱུང༌། ཟླ་གདན་སྟེང་དུ་དཀར་ཧྲཾ་མེ། མེ་རླུང་ཨཱ་ལི་ཀཱ་ལི་དམར་ན་ར་ར་བྱུང༌། ཉི་གདན་སྟེང་དུ་དམར་ཧྲཾ་མེ། རླུང་གི་རླུང༌། ཨཱ་ལི་ཀཱ་ལི་ནག་ན་ར་ར་བྱུང༌། ཡེ་ཤེས་ཀྱི་གདན་གྱི་སྟེང་དུ་སྔོ་ཧྲཾ་མེ་བསམ། ཐམས་ཅད་ཀྱི་ཐུན་མགོ་ལ་ལྟ་སྟངས། རང་རང་འཛིན་སྟངས་ཀྱི་བར་རླུང་གཟུང༌། སྟེང་འོག་གློད། ས་བོན་རྣམས་རྡོ་རྗེ་སྔོན་པོ། རལ་གྲི་ནག །རིན་པོ་ཆེ་དམར། པད་མ་དཀར། འཁོར་ལོ་སེར་པོ། དེ་རྣམས་སྐད་ཅིག་གིས་ཀྲོང་བསྐྱེད། ལྷ་རེ་རེ་སྟེ་དུས་འཁོར་རམ། ཡབ་ཡུམ་ཀྲོང་བསྐྱེད་གསོལ་གདབ། རླུང་ལྟ་སྟངས་སྨད༑ སྐུ་སྨད། བར་རླུང་སྐེད་པ། སྐུ་སྟོད། སྟེང་རླུང་ཞལ་སྤྱན། རླུང་རིན་པོ་ཆེ་མེ་ཆུ་ས་ཁམས་པ་བསྐྱེད། དེ་ལྟར་རླུང་ལམ་དུ་སློང་བའི་དུས་སུ་ལྷ་མེ་ཁམས་པའི་ལྟེ་བ་ནས་རེག་བྱ་ཚ་བ། མེ་བདེ་ཆེན་ཧཾ་ལས་ཨཱ་ལི་ཀཱ་ལིའི་སྟེང་འོག་ཏུ་བབ་ལུས་ཁྱབ། འདི་སྐབས་སུ་ལས་ཆེན་སྒྲུབ་ན། ཆུ་རླུང་བཞི་སྦྱོར་ནི་ཞི་བའི་ལས། ལྷ་ཆུ་ཁམས་པ་བསྐྱེད། ཆུ་རླུང་དབུ་མར་བཅུག །ༀ་མ་མ་ཀི་རི་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་ན་མཿ ས་རླུང་བཞི་སྦྱོར་རྒྱས་པའི་ལས། ལྷ་ས་ཁམས་པ་བསྐྱེད། ས་རླུང་དབུ་མར་བཅུག །ༀ་ལོ་ཙ་ན་པ་དྷི་ཆེ་གེ་མོ་པུཥྚིཾ་ཀུ་རུ་སྭཱ་ཧཱ། མེ་རླུང་བཞི་སྦྱོར་དབང་གི་ལས། ལྷ་མེ་ཁམས་པ་བསྐྱེད། མེ་རླུང་དབུ་མར་བཅུག །ༀ་པཎྜ་བ་སུ་ནི་ས་ར་ཏེ་ཆེ་གེ་མོ་བཽ་ཥཌ། རླུང་གི་རླུང་བཞི་སྦྱོར་དྲག་པོའི་ལས། ལྷ་རླུང་ཁམས་པ་བསྐྱེད། རླུང་གི་རླུང་དབུ་མར་བཅུག །ༀ་ཏཱ་རེ་ཏུཏྟཱ་རེ་ཆྒཻ་མོ་མཱ་ར་ཡ་ཧཱུྃ། གཞན་དབྱེ། རེངས། རྨོངས། དུག་ཞི་བ། བསྐྲད་པ། ཚད་རིམས་ཀྱིས་འདེབས་པ། ཕུར་བུས་གདབ་པ། ལས་ཆེན་བཅུ་གཉིས་སྒྲུབ་པ། ལྷ་ནམ་མཁའི་ཁམས་པ་བསྐྱེད། ནམ་མཁའི་རླུང་དབུ་མར་བཅུག །བསྒྲུབ་བྱ་མི་སྣང་བར་བསྒོམ་པས་མི་སྣང༌། དེ་ལྟར་ཉམས་སུ་བླངས་པས་སྲོག་རླུང་ཐིག་ལེའི་ནང་དུ་ཆུད་ནས་འཛིན་པ་ཡིན། ཐུགས་རྡོ་རྗེ། ལུས་གནད་སྐྱིལ་ཀྲུང༌། རང་གི་ནང་སྟོང་རའི་དབུ་མ་མདའ་སྙུག་འབྲིང་པོ་ཙམ། འཁོར་ལོ་དྲུག་གི་སྲོག་ཤིང༌། ཡར་སྣ་ཐིག་ལེ་དཀར་པོ་ཧཾ། མར་སྣ་ཐིག་ལེ་དམར་པོ་ཧོ་གློག་འདྲ་བ། དཔྲལ་བར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། གསང་བར་ཀྵ། རླུང་འཇམ་ལ་རིང་བ་ལ་གནད་དུ་བསྣུན། ཀྵ་མེར་འབར། གསང་གནས། ལྟེ་བར། སྙིང་གར། མགྲིན་པར། དཔྲལ་བའི་རྩ་ནང་གི་བག་ཆགས་བསྲེགས། ཧཾ་ལས་བྱང་སེམས་བྱུང་རྩ་འདབ་མེར་གང༌། རིམ་གྱིས་མགྲིན་སྙིང༌། ལྟེ་གསང་གང༌། ཟག་མེད་ངོས་བཟུང༌། བློ་བྲལ་ལ་རྩེ་གཅིག་གཏད། རྒྱ་མཚོ་འཕུལ། རླུང་མི་དགག་སོར་བཞག །སྟོད་སྨད་ལྟེ་འོག་ཏུ་ཕུལ། སྲོག་རླུང་མི་རྔུབས། སྟེང་འོག་བར་གསུམ་བསྲེས་ནས་རྒྱངས་བསྐྱུར། འོག་རླུང་འཕུལ། སྲོག་རླུང་གནས་སུ་འཕུལ་བའོ། །རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི། །དམིགས་འདོམས་ཀུན༵་ལ་དག༵འ་སྦྱིན་པའི། །གྲོལ༵་བ་མཆོ༵ག་གི་གནད་འདི་ཡང༌། །ཡི་གེར་ལེགས་པར་བཀོད་ལ་གཟིགས། །ཟླ་སེང་གི་ཁྲིད་ཡིག་ལས་བཏུས་སོ།