བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་རྗེས་གནང་།

From Damngak Dzö
DNZ-16-MA-009
Wylie title bcom ldan 'das tshe dpag med kyi rjes gnang DNZ-16-MA-009.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 16, Text 9, Pages 245-256 (Folios 1a1 to 6b1)
Author འོད་དཔག་རྡོ་རྗེ་
Citation 'od dpag rdo rje. Bcom ldan 'das tshe dpag med kyi rjes gnang. In Gdams ngag rin po che'i mdzod, Vol. 16: 245-256. Kalimpong: Rigpe Dorje Publications, 2024. DNZ-Shechen-16-MA-010.pdf
Shechen Publications, 1999
Side notes Recto: rjes gnang   Verso: khrid thor bu ba'i skor
More details More details
Genre Permission to Invoke (anujñā) - rjes gnang
Deity tshe dpag med
Colophon

།ཚུལ་འདི་བླ་མས་ཇི་ལྟར་གསུངས་པ་བཞིན། །མ་ནོར་མ་འཆུག་དོན་རྣམས་ཡོངས་རྫོགས་པར། །རྣལ་འབྱོར་འོད་དཔག་རྡོ་རྗེ་ཞེས་བྱ་བས། །གཞན་ལ་ཕན་པའི་བསམ་པས་ཡི་གེར་བཀོད། །དགེ་བས་འགྲོ་རྣམས་འོད་དཔག་མེད་ཐོབ་ཤོག །དགེ་ལེགས་འཕེལ།།

tshul 'di bla mas ji ltar gsungs pa bzhin/_/ma nor ma 'chug don rnams yongs rdzogs par/__/rnal 'byor 'od dpag rdo rje zhes bya bas/__/gzhan la phan pa'i bsam pas yi ger bkod/__/dge bas 'gro rnams 'od dpag med thob shog__/dge legs 'phel//

[edit]
༄༅། །བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་རྗེས་གནང་བཞུགས་སོ། །

༄༅། །གང་སྐུ་ལྷུན་པོ་ལྟར་བརྗིད་འོད་མཐའ་ཡས། །གང་གསུང་ལྷ་རྔ་ཚངས་དབྱངས་ལྟར་སྙན་ཅིང༌། །གང་ཐུགས་ཤེས་བྱ་ཀུན་མཁྱེན་སྟོབས་མངའ་བ། །གང་དེའི་རྒྱལ་བ་འོད་དཔག་མེད་ཞབས་འདུད། །དེ་ཉིད་རྗེས་སུ་གནང་བའི་རིམ་པ་འདི། །དཔལ་ལྡན་བླ་མ་མཆོག་གིས་གང་གསུངས་པ། །མ་ནོར་གསལ་བར་ཡི་གེར་བཀོད་པ་ལ། །བླ་མ་མཁའ་འགྲོས་བྱིན་གྱིས་བརླབ་ཏུ་གསོལ། །འདིར་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཀྱི་རྗེས་གནང་འདི་ལ་དོན་གསུམ་སྟེ། སྔོན་འགྲོ་དང་དངོས་གཞི་རྗེས་སོ། །དང་པོ་སྔོན་འགྲོ་ལ་གསུམ་སྟེ། བཀོད་པ་བཤམས་པ་དང༌། མངོན་རྟོགས་བསྒོམ་པ་དང༌། བདག་འཇུག་བླང་བའོ། །དང་པོ་བཀོད་པ་བཤམས་པ་ནི། མཎྜལ་པདྨ་འདབ་མ་བརྒྱད་པ། ལྟེ་བ་དམར་པོ། ཕྱོགས་བཞི་ཕྱོགས་མདོག །མཚམས་བཞི་མཛེས་ཚོན། དབུས་སུ་ལྷའི་མཚན་མའམ། ལྷ་ཚོམ་བཀོད། མཐའ་མཆོད་པ་དང་གཏོར་མས་བསྐོར། དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་སྟེང་དུ་རྣམ་རྒྱལ་བུམ་པ་གཞུང་བཞིན་བཅས་ལ་བཞག །ཁ་རྒྱན་མགུལ་ཆིངས་དང་བཅས་པའི་ལས་བུམ་ཀྱང་བཤམ། གཞན་ཡང་ཉེ་བར་མཁོ་བའི་ཆས་རྣམས་ཀྱང་ཚོགས་པར་བཤམ་མོ། །གཉིས་པ་བདག་བསྐྱེད་དང་མདུན་བསྐྱེད་བསྒྲུབ་པ་ནི། དབེན་པའི་གནས་སུ་བདེ་བའི་གདན་ལ་གནས་པར་བྱས་ལ་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ། ཚད་མེད་བཞི་བསྒོམ་པ་རྣམས་སྤྱི་དང་མཐུན། བྱེ་བྲག་ཏུ། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་རང་ཉིད་འདུག་པའི་ས་ཕྱོགས་འདི་ཉིད། བདེ་བ་ཅན་གྱི་ཞིང་ཁམས་ཡོངས་སུ་དག་པ། པདྨ་རཱ་ག་ལས་གྲུབ་པ། མཛེས་ཤིང་ཡིད་དུ་འོང་བ་དེ་ཉིད་ཀྱི་དབུས་སུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲི། རྨ་བྱས་བཏེགས་པའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་རྒྱས་པ༑ དེ་ཉིད་ཀྱི་དབུས་སུ་རང་གི་སེམས་ཉིད་ཀྱི་ངོ་བོ་ཧྲཱིཿ དམར་པོ་ལས་འོད་འཕྲོས། དོན་གཉིས་བྱས། ཚུར་འདུས་འོད་དུ་ཞུ་བ་ལས་བྱུང་བའི་བདག་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལྟར་དམར་བ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན། ཕྱག་གཉིས་མཉམ་བཞག་གི་སྟེང་ན་འཆི་མེད་ཚེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་བཀང་བ་འཛིན་པ། ཞལ་འཛུམ་པ། སྤྱན་དཀྱུས་དང་སྨིན་དཀྱུས་ཤངས་དཀྱུས་རིང་ཞིང༌། དཔྲལ་བ་ཡངས་པ། མཛོད་སྤུ་དཀར་པོས་བརྒྱན་པ། དབུ་སྐྲ་རལ་པའི་ཐོར་ཅོག་ཅན། རལ་པའི་ཟར་བུ་འཕྱང་བ། རིན་པོ་ཆེ་ལྔས་རྩེ་བྲན་དང༌། སྙན་ཆ་མགུལ་རྒྱན་དོ་ཤལ། དཔུང་རྒྱན་དང་ཕྱག་གདུབ་སྐུ་རགས་དང་ཞབས་གདུབ་ལ་སོགས་པ་རིན་པོ་ཆེའི་རྒྱན་དུ་མས་ཀུན་ནས་མཛེས་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་ཀུན་ནས་མཛེས་པར་ཡོངས་སུ་བརྒྱན་པ། ནམ་མཁའི་མཐའ་ཁྱབ་པར་འོད་ཟེར་གྱིས་སྣང་བར་བྱེད་པའི་བདག་ཉིད་དུ་གྱུར་པར་བསམ་ལ། དེའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿ དམར་པོ། སྙིང་ཁར་ཧཱུྃ་སྔོན་པོ་ལས་འོད་འཕྲོས། བདེ་བ་ཅན་ནས་རང་ལྟ་བུའི་བཅོམ་ལྡན་འདས་ལ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་སྤྱན་དྲངས་ལ་རང་དང་དབྱེར་མེད་དུ་བསྟིམ། སླར་འོད་འཕྲོས་རིགས་ལྔ་འཁོར་བཅས་སྤྱན་དྲངས། དབང་བསྐུར་སྒྲིབ་པ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་འོད་དཔག་མེད་ལ་སོགས་རིགས་ལྔས་དབུ་བརྒྱན་པར་བསམ། དེ་ནས་རང་གི་སྙིང་གར་པད་ཟླའི་སྟེང་དུ་རང་གི་སེམས་ཉིད་ཀྱི་ངོ་བོ་ཧྲཱིཿ ཡིག་དམར་པོ་ལ་གཟུངས་རིང་གིས་བསྐོར་བ་ལས་འོད་འཕྲོས། ཕྱི་སྣོད་ལ་ཕོག་པས་གཞལ་ཡས་ཁང༌། ནང་བཅུད་ལ་ཕོག་པས་འོད་དཔག་མེད་དུ་གྱུར། འོད་ཟེར་ཚུར་འདུས་རང་ལ་ཐིམ། ཐུགས་ཁར་འཁོར་བར་བསམ་ལ་བསྙེན་པ་བསྐྱལ་ལོ། །ཚུལ་འདི་ཉིད་ཀྱིས་མདུན་སྐྱེད་དང་བུམ་སྐྱེད་གཉིས་ཀ་བསྒྲུབ་བོ། །ལས་བུམ་གྱི་ནང་དུ་པད་ཉིའི་སྟེང་དུ་ཧྲཱིཿ ལས་རྟ་མགྲིན་དམར་པོ་ཞབས་གཉིས་བརྐྱངས་བསྐུམ་གྱི་ཚུལ་དུ་བཞུགས་པ། གཡས་དབྱུག་ཏོ། གཡོན་སྡིགས་མཛུབ། ཞལ་གདངས་ཤིང་དཀར་བའི་མཆེ་བ་བཞི་གཙིགས་པ། སྤྱན་གསུམ་དམར་ཞིང་གཡོ་བ། སྨིན་མ་དང་ཨག་ཚོམ་དམར་སེར་དུ་ཡོད་པ། དབུ་སྐྲ་ཁམ་སེར་སྤྱི་བོར་འཁྱིལ་བ། སྤྱི་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་ནམ་མཁའི་དབྱིངས་སུ་འཚེར་ཞིང་རྔོག་མ་ལེ་བརྒན་བསྐལ་པའི་མེ་ལྟར་འབར་བ། སྦྲུལ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང༌། སྟག་གི་པགས་པའི་ཤམ་ཐབས་ཅན་དུ་བསམ་ལ། དེ་ལ་ཡེ་ཤེས་པ་བསྟིམ། རིགས་ལྔས་དབང་བསྐུར། སྣང་བ་མཐའ་ཡས་ཀྱིས་རྒྱས་གདབ། དེ་ནས་རང་གི་ཐུགས་ཀའི་ཧྲཱིཿ ཡིག་ལ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་དང་རྣམ་རྒྱལ་བུམ་པའི་ལྷའི་ཞལ་དུ་ཞུགས། ཐུགས་ཀར་འཁོར་ཞིང་ཐུགས་རྒྱུད་བསྐུལ་ནས་སྔགས་གསུང་ཞིང་སྐུའི་ཆ་ཐམས་ཅད་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ་བསྙེན་པ་བརྒྱ་སྐོར་ལ་སོགས་བསྐྱལ་ལོ། །སླར་ཡང་རང་གི་ཐུགས་ཀའི་ཧྲཱིཿ ལས་འོད་འཕྲོས། ལས་བུམ་གྱི་ལྷའི་ཐུགས་རྒྱུད་བསྐུལ་བ་སོགས་གོང་བཞིན་ལ། རྟ་མགྲིན་གྱི་ཐུགས་ཀའི་ཧྲཱིཿ ཡིག་ལས། ༀ་ཧྲཱིཿ པདྨཱནྟ་ཀྲ་ཏ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་པས་བསྐོར་བར་བསམས་ལ་བསྙེན་པ་བསྐྱལ་ལོ། །སླར་དེ་དག་ལ་མཆོད་ཅིང་བསྟོད། གཏོར་མ་ཕུལ་ལ་གསོལ་བ་གདབ། དེ་ནས་ལས་བུམ་གྱི་ལྷ་འོད་དུ་ཞུ་ནས་བུམ་པའི་ཆུར་གྱུར་པར་བསམས་ལ། བུམ་ཆུས་ཁྲུས་བྱས་ལ། འོག་ནས་འབྱུང་བའི་རིམ་པ་བཞིན་ཏིང་ངེ་འཛིན་གྱིས་བདག་འཇུག་བླང་བར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས་ཏེ། རྗེས་གནང་གི་སྔོན་འགྲོ་དང༌། དངོས་གཞི་རྗེས་སུ་གནང་བའོ། །དང་པོ་སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱས་ནས་གྲལ་ལ་འཁོད་དེ༑ བགེགས་གཏོར་བཏང་ཞིང་བགེགས་བསྐྲད། སྲུང་འཁོར་བསྒོམ། དེ་ནས་བླ་མ་ལ་མཎྜལ་ཕུལ་ལ། བླ་མས་སྐྱབས་འགྲོའི་སྡོམ་པ་སྦྱིན་པ་ནི། ཐལ་མོ་སྦྱོར་ལ་ངའི་རྗེས་ཟློས་མཛོད་ཅིག །ཅེས་བརྗོད་ལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གསུམ་གྱིས་སྐྱབས་འགྲོའི་སྡོམ་པ་བྱིན། དེ་ནས་སེམས་བསྐྱེད་ཀྱི་སྡོམ་པ་ནི༑ ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌༑ ༑དེ་བཞིན་དུ་ནི་བསླབ་པ་ལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། །མ་གྲོལ་བ་རྣམས་དགྲོལ་བ་དང༌། །དབུགས་མ་ཕྱིན་རྣམས་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་གྱིས་སྡོམ་པ་བཟུང་ངོ༌། །དེ་ནས་ཡན་ལག་བདུན་པ་བྱ་བ་ནི། དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །བླ་མ་ཚེ་དཔག་མེད་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་བྱའོ། །དེ་དག་གིས་སྔོན་འགྲོ་རྣམས་སོང་ནས། གཉིས་པ་དངོས་གཞི་ལ་ལྔ་སྟེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་དང་ལྔ་ལས། དང་པོ་སྐུའི་རྗེས་གནང་ཞུ་བའི་ཡོན་དུ་གླིང་བཞི་རི་རབ་དང་བཅས་པ་མཎྜལ་ཕུལ་ལ་གསོལ་བ་གདབ་པ་ནི། ཀྱེ། སྟོན་པ་ཐུགས་རྗེའི་མངའ་བདག་ཚེ་དཔག་མེད། །བདག་ཅག་འཁོར་བས་འཇིགས་ཤིང་ཐུགས་རྗེས་བཟུང་དུ་གསོལ། །མུན་པར་གྱུར་པའི་འགྲོ་བའི་གྲོང་ཁྱེར་ནི། །འཇིགས་ཤིང་ཡ་ང་ཁྱོད་ལ་གསོལ་བ་འདེབས། །བདེ་བ་ཆེན་པོ་མྱ་ངན་འདས་པའི་གྲོང༌། །ཞབས་ཀྱི་རྡུལ་ལ་རེག་ཅིང་རྗེས་གནང་སྩལ་དུ་གསོལ། །ཅེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་སློབ་དཔོན་གྱིས་གནང་བ་བྱིན་པ་ནི། བདག་གི་ཐུགས་རྗེའི་ཉི་མ་ཡི། །འོད་ཀྱིས་མ་རིག་མུན་པ་སེལ། །ཁྱོད་ཀྱི་ལུས་ངག་ཡིད་གསུམ་ལ། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ། །ཅེས་བརྗོད་དོ། །དེ་ནས་སློབ་མ་རྣམས་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང་ནས། ཚེ་དཔག་མེད་མངོན་རྟོགས་ནས་འབྱུང་བ་ལྟར་བསྐྱེད་ལ། བླ་མ་དང་དཀྱིལ་འཁོར་ཐ་མི་དད་པའི་ཐུགས་ཁའི་ཧྲཱིཿ ཡིག་ལས་འོད་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ལ་ཕོག་པས། ཐམས་ཅད་ཚེ་དཔག་མེད་ཀྱི་རྣམ་པ། སྐུ་ཆུང་ལ་ཡན་ལག་རགས་པ། ཕྱག་མཚན་གསལ་བ་དཔག་ཏུ་མེད་པ་བྱུང༌། བླ་མའི་སྐུ་ལས་ཀྱང་ཚེ་དཔག་མེད་ཀྱི་སྐུ་དཔག་ཏུ་མེད་པ་ཆད་དེ། སློབ་མའི་ལུས་ལ་མཚོ་ལ་ཁ་བ་བབས་པ་ལྟར་སིབ་སིབ་ཐིམ་པར་བསྒོམ་ལ། མེ་ཏོག་གཏོར་བའམ། ཡང་ན་སྐུ་སྤྱི་བོར་བཞག་ལ། སྤོས་དང་རོལ་མོའི་སྒྲ་དང་བཅས་པས། སློབ་དཔོན་གྱིས། བཅོམ་ལྡན་ཚེ་དཔག་མེད་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ༀ་ཧྲཱིཿ ཨ་མི་དེ་ཝ་ཛཿ ཧཱུྃ་བཾ་ཧོཿ ཞེས་བརྗོད་དོ། །དེ་ལྟར་སྐུའི་རྗེས་གནང་གི་ཕན་ཡོན་ལ་གནས་སྐབས་དང་མཐར་ཐུག་གཉིས་ལས། གནས་སྐབས་སུ་ལུས་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི་བ་དང༌། མཐར་ཐུག་ཏུ་མཚན་དཔེས་བརྒྱན་པའི་ཚེ་དཔག་མེད་ཀྱི་སྐུ་ཐོབ་པའི་དགོས་པ་ཡོད་དོ། །ཞེས་བརྗོད་དོ། །གཉིས་པ་གསུང་གི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་ནས། གསོལ་བ་གོང་ལྟར་བཏབ་ལ། དེ་ནས་དཔོན་སློབ་གཉིས་ཀ་ཚེ་དཔག་མེད་དུ་བསྐྱེད་པའི་སྙིང་ཁར་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཧྲཱིཿ དམར་པོ་ཚེག་དྲག་དང་བཅས་པ་ལ་གཟུངས་རིང་གིས་བསྐོར་བར་བསམ། དེ་ནས་བླ་མའི་ཞལ་ནས་སྔགས་ཕྲེང་མུ་ཏིག་དམར་པོའི་ཕྲེང་བ་ལྟ་བུ་དམར་ཤར་གྱིས་ཐོན་ནས། སློབ་མའི་ཞལ་དུ་ཞུགས། སྙིང་ཁའི་ཧྲཱིཿ ལ་འཁོར་བར་དམིགས་ལ། གཟུངས་རིང་ཉེར་གཅིག་གི་བར་དུ་ཕྲེང་བ་བཟུང་ལ། རྗེས་ཟློས་བྱེད་དུ་གཞུག་གོ །དེ་ནས་ཕྲེང་བ་སློབ་མའི་མགྲིན་པར་རེག་སྟེ། སློབ་དཔོན་གྱིས་བཅོམ་ལྡན་ཚེ་དཔག་མེད་པའི་རིག་སྔགས་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་བརྗོད། སློབ་མས་ཀྱང་དེ་བཞིན་དུ་འདོན་པ་བསྒྱུར་ལ་བརྗོད། འདི་ལ་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་གཉིས་ལས། གནས་སྐབས་སུ་སྔགས་ཀྱི་ནུས་པ་ཆེ་ཞིང༌། འཆད་རྩོད་རྩོམ་གསུམ་ལ་མཁས་པ་དང༌། མཐར་ཐུག་ཏུ་ངག་བདེན་པའི་ཚིག་འགྲུབ་ཅིང༌། སངས་རྒྱས་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུའི་དབྱངས་དང་ལྡན་པར་འགྱུར་རོ། །ཞེས་བརྗོད། གསུམ་པ་ཐུགས་ཀྱི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་ལ། གསོལ་བ་གོང་བཞིན་བཏབ་ལ། དེ་ནས་སློབ་མའི་ལུས་གནད་རྣམ་སྣང་ཆོས་བདུན་ལྡན་དུ་བྱས་ལ༑ མདུན་གྱི་ནམ་མཁར་ཧྲཱིཿ དམར་པོ་འོད་འབར་བ་ཞིག་བསྒོམ་ལ། དེ་ནས་རང་གི་ལུས་འཇའ་ལུས་སུ་ཡལ་ནས་མདུན་གྱི་ནམ་མཁར་ཧྲཱིཿ ཡིག་ལ་ཐིམ་པ་ལ་རིག་པ་གཏད། མཐར་ཧྲཱིཿ དེ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་བར་བསྒོམ་ལ། སེམས་ཉིད་སྐྱེ་མེད་བློ་འདས་གསལ་སྟོང་འཛིན་མེད་ཀྱི་ངང་ལ་ཅི་ཡང་མི་བསམ་པར་མཉམ་པར་བཞག་གོ །དེ་ནི་ཐུགས་ཀྱི་རྗེས་གནང་ངོ༌། །འདི་ལ་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་གཉིས་ལས། གནས་སྐབས་སུ་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་དང༌། མཐར་ཐུག་ཏུ་སངས་རྒྱས་ཀྱི་ཐུགས་འོད་གསལ་ཆོས་ཀྱི་སྐུའི་གནས་ལུགས་མངོན་དུ་བྱེད་པར་འགྱུར་རོ། །ཞེས་བརྗོད་དོ། །བཞི་པ་ཡོན་ཏན་གྱི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གོང་ལྟར་བཏབ། དེ་ནས་སློབ་མ་འོད་དཔག་མེད་གསལ་བར་བསྐྱེད་ལ། སློབ་དཔོན་གྱིས་རྣམ་རྒྱལ་བུམ་པ་སློབ་མའི་སྤྱི་བོར་བཞག་ལ། བུམ་པའི་ནང་གི་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པ་ལས་བདུད་རྩིའི་རྒྱུན་བབས་པས། སློབ་མའི་སྤྱི་བོར་ཞུགས། ལུས་ཀྱི་ནང་གི་སྡིག་སྒྲིབ་ཐམས་ཅད་དག་ནས། ལུས་ཀྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་དམར་ཆིལ་གྱིས་གང་བར་བསམ་ལ་བུམ་པས་དབང་བསྐུར་ཞིང༌། ངག་ཏུ། ༀ་ཧྲཱིཿ ཨ་མི་དེ་ཝ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་ནས། བུམ་ཆུ་འཐུང་དུ་ཡང་གཞུག་གོ །སློབ་མ་མཉམ་བཞག་བྱས་པའི་ལག་ཏུ་བུམ་པ་བཞག་ལ། བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་ཕྱག་གི་བདུད་རྩིས་གང་བའི་བུམ་པ་འདི་ཁྱེད་རང་ལ་བྱིན་པས། འཆི་མེད་ཚེའི་དངོས་གྲུབ་ཐོབ་ནས། འོད་དཔག་མེད་ཀྱི་གོ་འཕང་མངོན་དུ་བྱེད་པར་སྒོམས་ཤིག །ཅེས་བརྗོད་ལ་བུམ་ཆུ་འཐུང་དུ་གཞུག་གོ །དེ་ནི་ཡོན་ཏན་གྱི་རྗེས་གནང་ངོ༌། །འདིའི་ཕན་ཡོན་ལ་གནས་སྐབས་དང་མཐར་ཐུག་གཉིས་ལས། གནས་སྐབས་སུ་ལམ་གྱི་ཡོན་ཏན་མཐའ་དག་འགྲུབ་པ་དང༌། མཐར་ཐུག་ཏུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་མཐའ་དག་ཐོབ་པར་འགྱུར་རོ། །ཞེས་བརྗོད་དོ། །ལྔ་པ་ཕྲིན་ལས་ཀྱི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གོང་ལྟར་བཏབ། དེ་ནས་སློབ་མ་འོད་དཔག་མེད་གསལ་བར་བསྐྱེད་ལ། སློབ་དཔོན་གྱིས་རིན་པོ་ཆེའི་སྲོག་ཞུ་སློབ་མའི་སྤྱི་བོར་འཆིང༌། རིན་པོ་ཆེའི་རྒྱན་གྱིས་ལུས་ལ་བརྒྱན། དར་དམར་པོའི་སྟོད་གཡོགས་དང་སྨད་གཡོགས་བཀབ་ལ། སངས་རྒྱས་ཀྱི་མཚན་དང་དཔེ་བྱད་ལ་སོགས། ལོངས་སྐུའི་ཡོན་ཏན་མཐའ་ཡས་པས་བརྒྱན་པར་བསམ་མོ༑ ༑འདི་དག་གི་ཕན་ཡོན་ནི་གནས་སྐབས་དང་མཐར་ཐུག་གཉིས་ལས། གནས་སྐབས་སུ་ཕྲིན་ལས་རྣམ་པ་བཞི་འགྲུབ་ཅིང༌། སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བ་དང༌། མཐར་ཐུག་ཏུ་སངས་རྒྱས་ཀྱི་ཕྲིན་ལས་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་དགོས་པ་ཡོད་དོ། །ཞེས་བརྗོད་དོ། །དེ་ནས་བླ་མ་ལ་གཏང་རག་གི་མཎྜལ་ཕུལ་ལ། དེང་ནས་བཟུང་སྟེ་ཁྱོད་བྲན་དུ། །ཁྱེད་ལ་བདག་ཉིད་འབུལ་ལགས་ན། །ཁྱོད་ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་ལན་གསུམ་བརྗོད་ལ། བླ་མ་ལ་ཕྱག་གསུམ་བཙལ་ལ། བཀའ་དྲིན་ཆེའོ་ཞེས་བརྗོད། གསུམ་པ་རྗེས་ནི། གཏང་རག་གི་མཆོད་པ་དང་བསྟོད་པ་བྱ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཡང་བརྗོད། ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྡུ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ནས་དཔོན་སློབ་རྣམས་དགའ་སྟོན་ལ་ལོངས་སྤྱོད་དོ། །ཚུལ་འདི་བླ་མས་ཇི་ལྟར་གསུངས་པ་བཞིན། །མ་ནོར་མ་འཆུག་དོན་རྣམས་ཡོངས་རྫོགས་པར། །རྣལ་འབྱོར་འོད་དཔག་རྡོ་རྗེ་ཞེས་བྱ་བས། །གཞན་ལ་ཕན་པའི་བསམ་པས་ཡི་གེར་བཀོད། །དགེ་བས་འགྲོ་རྣམས་འོད་དཔག་མེད་ཐོབ་ཤོག །དགེ་ལེགས་འཕེལ།། །།