བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་རྗེས་གནང་བྱིན་རླབས་ཀྱི་འབྱུང་གནས།

From Damngak Dzö
DNZ-16-MA-008
Wylie title bcom ldan 'das phyag na rdo rje'i rjes gnang byin rlabs kyi 'byung gnas DNZ-16-MA-008.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 16, Text 8, Pages 233-243 (Folios 1a1 to 6a2)
Author འོད་དཔག་རྡོ་རྗེ་
Citation 'od dpag rdo rje. Bcom ldan 'das phyag na rdo rje'i rjes gnang byin rlabs kyi 'byung gnas. In Gdams ngag rin po che'i mdzod, Vol. 16: 233-243. Kalimpong: Rigpe Dorje Publications, 2024. DNZ-Shechen-16-MA-009.pdf
Shechen Publications, 1999
Side notes Recto: rjes gnang   Verso: khrid thor bu ba'i skor
More details More details
Genre Permission to Invoke (anujñā) - rjes gnang
Deity phyag na rdo rje
Colophon

།བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་རྗེས་གནང་བྱིན་རླབས་ཀྱི་འབྱུང་གནས་ཞེས་བྱ་བ། རྣལ་འབྱོར་པ་འོད་དཔག་རྡོ་རྗེས་བླ་མའི་གསུང་བཞིན་ཡི་གེར་བཀོད་པ་རྫོགས་སོ། །མངྒ་ལཾ།།

bcom ldan 'das phyag na rdo rje'i rjes gnang byin rlabs kyi 'byung gnas zhes bya ba/_rnal 'byor pa 'od dpag rdo rjes bla ma'i gsung bzhin yi ger bkod pa rdzogs so/__/mang+ga laM//

[edit]
༄༅། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་རྗེས་གནང་བྱིན་རླབས་ཀྱི་འབྱུང་གནས་བཞུགས་སོ། །

༄༅། །སྲིད་གསུམ་ཉོན་མོངས་བུད་ཤིང་ཀུན་འཇོམས་པ། །རང་བྱུང་ཡེ་ཤེས་མེ་དཔུང་ཆེར་འབར་བའི། །དབུས་ན་བཞུགས་པའི་བཅོམ་ལྡན་རྡོ་རྗེ་འཛིན། །གཏུམ་པོ་ཁྲོས་པའི་སྐུ་ལ་ཕྱག་འཚལ་ལོ། །དེ་ཡི་རྗེས་སུ་གནང་བའི་རིམ་པ་ནི། །བླ་མའི་ཞལ་ནས་ཇི་ལྟར་གསུངས་པའི་ཚུལ། །མ་ནོར་བདག་གིས་ཡི་གེར་བཀོད་པ་ལ། །བླ་མ་མཁའ་འགྲོས་བྱིན་གྱིས་བརླབ་ཏུ་གསོལ། །འདིར་བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོའི་རྗེས་གནང་ལ་དོན་གསུམ་སྟེ༑ སྔོན་འགྲོ། དངོས་གཞི། རྗེས་གསུམ་མོ། །དང་པོ་སྔོན་འགྲོ་ལ་གཉིས་ཏེ། བཀོད་པ་བཤམས་པ། མངོན་རྟོགས་བསྒོམས་ནས་བདག་འཇུག་བླངས་པའོ། །དང་པོ་ནི། མཎྜལ་སྔོན་པོ་པད་འདབ་བཅུ་པ་འདབ་མ་རྣམས་སྣ་ཚོགས་པདྨའི་དབུས་སུ། འཁོར་ལོ་སྔོན་པོ་རྩིབས་བཅུ་པའི་ལྟེ་བ་དང་རྩིབས་རྣམས་ལ་ཧཱུྃ་སྔོན་པོ་བཅུ་བྲི། མཐའ་མཆོད་གཏོར་གྱིས་བསྐོར། ཁ་རྒྱན་མགུལ་ཆིངས་དང་བཅས་པའི་ལས་བུམ་ཀྱང་བཤམས། གཉིས་པ་ལ་དོན་བདུན་ཏེ༑ དང་པོ་སྐྱབས་འགྲོ་སེམས་བསྐྱེད། གཉིས་པ་ཡི་གེ་བརྒྱ་པའི་བསྒོམ་བཟླས། གསུམ་པ་ཡན་ལག་བདུན་པའི་སྒོ་ནས་ཚོགས་བསགས་པ། བཞི་པ་ཚད་མེད་པ་བཞི་བསྒོམས་པ་རྣམས་སྤྱི་དང་འདྲའོ། །ལྔ་པ་སྲུང་བའི་འཁོར་ལོ་བསྒོམ་པ་ནི། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། ལྟེ་བ་མཐིང་གའི་དབུས་སུ་ཧཱུྃ་མཐིང་ནག་ལས་འོད་འཕྲོས། འོག་རྡོ་རྗེའི་ས་གཞི། ཕྱོགས་མཚམས་རྡོ་རྗེའི་རྭ་བ་དང་དྲ་བ། སྟེང་རྡོ་རྗེའི་གུར་དང་བླ་རེ། ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བར་སྒོམ་པ་ནི་སྲུང་འཁོར་རོ། །དྲུག་པ་བསྐྱེད་རིམ་ལ་གཉིས་ཏེ། བདག་བསྐྱེད་མདུན་བསྐྱེད་དོ། །དང་པོ་ནི། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ཡིག་མཐིང་ཁ་བཅུ་གཅིག་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། གདོན་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། བསྟན་པ་ལ་བཀོད། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྡོ་རྗེ་གཏུམ་པོ་སྐུ་མདོག་མཐིང་ཁ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་ཞབས་གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། སྟག་ལྤགས་རློན་པའི་ཤམ་ཐབས་ཅན། བྲང་དང་གསུས་ཁྱིམ་ཆེ་བ། ཡན་ལག་དང་ཉིང་ལག་རག་པ། ཕྱག་གཡས་པས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁར་འཕྱར་ཞིང་སྡིགས་མཛུབ་ཀྱི་རྩེ་ནས་ཁྱུང་གི་ཕོ་ཉ་འགྱེད་པ། གཡོན་པ་སྡིགས་མཛུབ་དང་བཅས་པས་དངུལ་དཀར་གྱི་དྲིལ་བུ་ཐུགས་ཀར་འཛིན་པ། སྡིགས་མཛུབ་ཀྱི་རྩེ་ལ་མེ་འབར་བ། ཞལ་གདངས་པ། རྣོ་ཞིང་དཀར་བའི་མཆེ་བ་བཞི་གཙིགས་པ། ལྗགས་རྐན་ལ་འདྲིལ་བ། ཁྲོ་གཉེར་བསྡུས་པ། སྤྱན་གསུམ་དམར་ཞིང་གཡོ་བ་ལ་བསྐལ་པའི་མེ་འབར་བ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་ཤིང་ལྷག་མ་ཐུར་དུ་འཕྱང་བ། ནོར་རྒྱས་དང་དུང་སྐྱོང་སེར་པོས་དབུ་ལ་བརྒྱན་པ། དགའ་བོ་དང་ཉེ་དགའ་བོ་དམར་པོས་སྙན་ཆ་བྱས་པ། པདྨ་དང་ཆུ་ལྷ་དཀར་པོས་ཕྱག་གདུབ་དང་ཞབས་གདུབ་བྱས་པ། འདབ་བཟང་དང་ལེགས་ལྡན་ནག་པོ་སྐུ་རགས་དང་སེ་རལ་ཁས་བརྒྱན་པ། དར་སྔོན་པོའི་སྟོད་གཡོགས་ཅན། འོད་འཕྲོ་བའི་རིན་པོ་ཆེ་སྣ་ལྔས་བརྒྱན་པ། དར་གྱི་ཅོད་པན་དང༌། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཁྲོ་བོ་བཅུ་པོ་ཡང་རང་ལྟ་བུའི་ཆ་ལུགས་ཀྱིས་ཞལ་ནང་དུ་གཟིགས་པར་བསྒོམ་ལ། དེ་དག་རྣམས་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿ དམར་པོ། སྙིང་ཁར་ཧཱུྃ་མཐིང་ཁ་ལས་འོད་འཕྲོས། ལྕང་ལོ་ཅན་ནས་རང་ལྟ་བུའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཛཿ ཧཱུྃ་བཾ་ཧོཿ དབྱེར་མེད་དུ་བསྟིམ། སླར་རིགས་ལྔ་སྤྱན་དྲངས་ལ་དབང་བསྐུར་བས་སྒྲིབ་པ་དག །བདུད་རྩི་ཡར་ལུད་པ་ལས་མི་བསྐྱོད་པ་ལ་སོགས་རིགས་ལྔས་དབུ་བརྒྱན་པར་བསྒོམ་པ་ནི་བདག་བསྐྱེད་དོ། །གཉིས་པ་མདུན་བསྐྱེད་ནི། བདག་བསྐྱེད་ཇི་ལྟ་བ་བཞིན་དུ་མདུན་གྱི་མཎྜལ་གྱི་སྟེང་དུ་ཡང་ཕྱག་ན་རྡོ་རྗེ་ལ་ཁྲོ་བོ་བཅུས་བསྐོར་བ་བསྐྱེད་ལ། ཡེ་ཤེས་པ་བསྟིམ། དབང་བསྐུར་རྒྱས་གདབ་བོ། །ལས་བུམ་གྱི་ནང་དུ་བདུད་རྩི་འཁྱིལ་བ་གཞུང་བཞིན་བསྐྱེད་ལ། དབང་བསྐུར་རྒྱས་གདབ་ལ་སོགས་སྤྱི་དང་མཐུན། དེ་ནས་རང་གི་སྙིང་ཁར་པད་ཉིའི་སྟེང་དུ། རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ལས། བཛྲ་པཱ་ཎི་ཧཱུྃ། ཞེས་པའམ་ཡང་ན། ༀ་བཛྲ་ཙནྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་པའི་སྔགས་ཕྲེང་གིས་བསྐོར་བ་ལས་འོད་འཕྲོས། ཕྱི་སྣོད་ལ་ཕོག་ལྕང་ལོ་ཅན་གྱི་ཞིང་ཁམས་སུ་སྦྱངས། ནང་བཅུད་ལ་ཕོག་རྡོ་རྗེ་གཏུམ་པོའི་གོ་འཕང་ལ་བཀོད། ཚུར་འདུས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེག་པར་བསམ། སྔགས་ཕྲེང་རང་གི་ཞལ་ནས་མདུན་བསྐྱེད་བུམ་བསྐྱེད་ཀྱི་ཞལ་དུ་ཞུགས། ཐུགས་ཀར་འཁོར་ཞིང་ཐུགས་རྒྱུད་བསྐུལ་ནས་སྔགས་སྒྲ་སྒྲོགས་ཤིང་སྐུའི་ཆ་ཐམས་ཅད་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ་བསྙེན་པ་བསྐྱལ་ལོ། །སླར་དེ་དག་ལ་མཆོད་ཅིང་བསྟོད་ནས༑ གཏོར་མ་ཕུལ་ལ་འདོད་དོན་དུ་གསོལ་བ་བཏབ་བོ། །བདུན་པ་བདག་འཇུག་ལེན་པ་ནི། འོག་ནས་འབྱུང་བའི་རིམ་པས་རང་ཏིང་ངེ་འཛིན་གྱིས་བདག་འཇུག་བླང་ངོ༌། །གཉིས་པ་དངོས་གཞི་ལ་གཉིས་ཏེ། རྗེས་གནང་གི་སྔོན་འགྲོ་དང༌། དངོས་གཞི་རྗེས་སུ་གནང་བའོ། །དང་པོ་ནི། སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱས་ལ། གྲལ་ལ་འཁོད་དེ། བགེགས་གཏོར་བཏང་ཞིང་བགེགས་བསྐྲད་སྲུང་འཁོར་བསྒོམ་པའོ། །དེ་ནས་བླ་མ་ལ་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་ནས། བླ་མས་སྐྱབས་འགྲོའི་སྡོམ་པ་བྱིན་པ་ནི། བླ་མ་ཕྱག་ན་རྡོ་རྗེ་དང༌། །རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གསུམ་གྱིས་སྐྱབས་འགྲོའི་སྡོམ་པ་བྱིན། དེ་ནས་སེམས་བསྐྱེད་ཀྱི་སྡོམ་པ་བཟུང་བ་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། །མ་གྲོལ་བ་རྣམས་དགྲོལ་བ་དང༌། །དབུགས་མ་ཕྱིན་རྣམས་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་བརྗོད། དེ་ནས་ཡན་ལག་བདུན་པས་ཚོགས་བསགས་པ་ནི། དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །བླ་མ་ཕྱག་རྡོར་ལ་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པས་མཆོད། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེ་ཡི་རང༌། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །དགེ་བས་འགྲོ་ཀུན་སངས་རྒྱས་ཤོག །ཅེས་ལན་གསུམ་བརྗོད། དེ་དག་གིས་སྔོན་འགྲོ་རྣམས་སོང་ནས། གཉིས་པ་དངོས་གཞི་ལ་ལྔ་སྟེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་དང་ལྔ་ལས། དང་པོ་སྐུའི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་གླིང་བཞི་རི་རབ་དང་བཅས་པ་ཕུལ་ལ། གསོལ་བ་གདབ་པ་ནི། ཀྱཻ། སྟོན་པ་ཐུགས་རྗེའི་མངའ་བདག་རྡོ་རྗེ་འཛིན། །བདག་ཅག་འཁོར་བས་འཇིགས་ཤིང་ཐུགས་རྗེས་གཟུང་དུ་གསོལ། །མུན་པར་གྱུར་པའི་འགྲོ་བའི་གྲོང་ཁྱེར་ན། །འཇིགས་ཤིང་ཡ་ང་ཁྱེད་ལ་གསོལ་བ་འདེབས། །བདེ་བ་ཆེན་པོ་མྱ་ངན་འདས་པའི་གྲོང༌། །ཞབས་ཀྱི་རྡུལ་ལ་རེག་ཅིང་རྗེས་གནང་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། དེ་ནས་སློབ་དཔོན་གྱིས་གནང་བ་བྱིན་པ་ནི། བདག་གི་ཐུགས་རྗེའི་ཉི་མ་ཡི། །འོད་ཀྱིས་མ་རིག་མུན་པ་སེལ། །ཁྱོད་ཀྱི་ལུས་ངག་ཡིད་གསུམ་ལ། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ། །ཅེས་བརྗོད། དེ་ནས་སློབ་མ་རྣམས་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། ཕྱག་རྡོར་མངོན་རྟོགས་ནས་བྱུང་བ་ལྟར་བསྐྱེད་ལ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ལ་ཕོག་པས། ཐམས་ཅད་ཕྱག་ན་རྡོ་རྗེའི་རྣམ་པ། སྐུ་ཆུང་ལ་ཡན་ལག་རག་པ། ཕྱག་མཚན་རྡོ་རྗེ་དྲིལ་བུ་དང་བཅས་པ་གསལ་བ་དཔག་ཏུ་མེད་པ་བྱུང༌། བླ་མའི་སྐུ་ལས་ཀྱང་ཕྱག་ན་རྡོ་རྗེའི་སྐུ་དཔག་ཏུ་མེད་པ་ཆད་ནས་བྱུང་བས། སློབ་མའི་ལུས་ལ་མཚོ་ལ་ཁ་བ་བབས་པ་ལྟར་སིབ་སིབ་ཐིམ་པར་བསྒོམ་ལ། སྤོས་ཀྱིས་བདུག །རོལ་མོ་དཀྲོལ། སློབ་དཔོན་གྱིས་སློབ་མའི་སྤྱི་བོར་སྐུ་བཞག་པའམ་ཡང་ན་མེ་ཏོག་འཐོར་ལ། བཅོམ་ལྡན་རིགས་སྔགས་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ༀ་བཛྲ་པཱ་ཎི་ཛཿ ཧཱུྃ་བཾ་ཧོཿ ཞེས་བརྗོད། དེ་ལྟར་སྐུའི་རྗེས་གནང་ཐོབ་པའི་ཕན་ཡོན་ལ་གནས་སྐབས་དང་མཐར་ཐུག་གཉིས་ལས། གནས་སྐབས་སུ་ལུས་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་ཞི་བ་དང༌། མཐར་ཐུག་ཏུ་མཐུ་སྟོབས་དང་ལྡན་པ་ཕྱག་ན་རྡོ་རྗེའི་སྐུ་ཐོབ་པར་འགྱུར། ཞེས་བརྗོད། གཉིས་པ་གསུང་གི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་ནས་གསོལ་བ་གོང་ལྟར་བཏབ་ལ། དེ་ནས་དཔོན་སློབ་གཉིས་ཀ་ཕྱག་རྡོར་དུ་བསྐྱེད་པའི་སྙིང་ཁར་པད་ཉིའི་སྟེང་དུ་ཧཱུྃ་ཡིག་གི་མཐའ་མར་སྔགས་ཀྱིས་བསྐོར་བ་ལས། སྔགས་ཕྲེང་བཻཌཱུ་ཞུན་མའི་ཕྲེང་བ་ལྟ་བུ་ཞལ་ནས་ཐོན། སློབ་མའི་ཞལ་དུ་ཞུགས། ཐུགས་ཁར་འཁོར་བར་བསམ་ལ། ༀ་བཛྲ་པཱ་ཎི་ཧཱུྃ་ཕཊ་སྭཱ་ཧཱ། ༀ་བཛྲ་ཙནྡྲ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ།ཅེས་སྔགས་ཕྲེང་ཉི་ཤུ་རྩ་གཅིག་གི་བར་དུ་ཕྲེང་བ་ལ་བཟུང་ལ་རྗེས་ཟློས་བྱེད་དུ་གཞུག་གོ །དེ་ནས་ཕྲེང་བ་སློབ་མའི་མགྲིན་པར་རེག་སྟེ། བཅོམ་ལྡན་རིགས་སྔགས་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་བརྗོད་དོ། །སློབ་མས་ཀྱང་དེའི་འདོན་པ་བསྒྱུར་ལ་བརྗོད་དུ་གཞུག །འདི་ལ་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་གཉིས་ལས། གནས་སྐབས་སུ་སྔགས་ཀྱི་ནུས་པ་ཆེ་ཞིང༌། འཆད་རྩོད་རྩོམ་གསུམ་ལ་མཁས་པ་དང༌། མཐར་ཐུག་ཏུ་ངག་བདེན་པའི་ཚིག་འགྲུབ་ཅིང༌། སངས་རྒྱས་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུའི་དབྱངས་དང་ལྡན་པར་འགྱུར་རོ། །ཞེས་བརྗོད་དོ། །གསུམ་པ་ཐུགས་ཀྱི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་ནས་གསོལ་བ་གོང་བཞིན་བཏབ་ལ། སློབ་མ་ལུས་གནད་རྣམ་སྣང་གི་ཆོས་བདུན་ལྡན་དུ་བྱས་ལ། མདུན་གྱི་ནམ་མཁར་ཧཱུྃ་སྔོན་པོ་ཞིག་བསམ། དེ་ནས་རང་གི་ལུས་འཇའ་ལུས་སུ་ཡལ་ནས། མདུན་གྱི་ནམ་མཁར་ཧཱུྃ་ཡིག་ལ་ཐིམ་པ་ལ་རིག་པ་གཏད་ཅིང༌། ཧཱུྃ་དེ་ཉིད་ཀྱང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་བར་བསམ་ཞིང༌། སེམས་དམིགས་མེད་ཀྱི་ངང་ལ་མཉམ་པར་བཞག་གོ །འདིའི་ཕན་ཡོན་ལ་གནས་སྐབས་དང་མཐར་ཐུག་གཉིས་ལས། གནས་སྐབས་སུ་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་དང༌། མཐར་ཐུག་ཏུ་སངས་རྒྱས་ཀྱི་ཐུགས་འོད་གསལ་ཆོས་ཀྱི་སྐུའི་གནས་ལུགས་མངོན་དུ་བྱེད་པར་འགྱུར་རོ། །བཞི་པ་ཡོན་ཏན་གྱི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་ནས་གསོལ་བ་གོང་བཞིན་བཏབ་ལ། སློབ་མ་ཕྱག་རྡོར་དུ་བསྐྱེད་དུ་གཞུག་ལ་སློབ་དཔོན་གྱིས་སློབ་མ་ལ་ལག་པ་གཡས་སུ་རྡོ་རྗེ་གཏད། གཡོན་དུ་དྲིལ་བུ་གཏད་ལ། འདི་ནི་ཕྱག་ན་རྡོ་རྗེའི་ཕྱག་མཚན་རྡོ་རྗེ་དང་དྲིལ་བུ་སྟེ། ཁྱོད་ཀྱིས་རྟག་ཏུ་འཆང་ན། ཐབས་ཤེས་རབ་ཟུང་དུ་འཇུག་པའི་སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་ཐོབ་པར་འགྱུར་རོ། །ཞེས་བརྗོད་དོ། །འདིའི་ཕན་ཡོན་ལ་གནས་སྐབས་དང་མཐར་ཐུག་གཉིས་ལས། གནས་སྐབས་སུ་ལམ་གྱི་ཡོན་ཏན་མཐའ་དག་འགྲུབ་པ་དང༌། མཐར་ཐུག་ཏུ་སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་འགྲུབ་པར་འགྱུར་རོ། །ཞེས་བརྗོད་དོ། །ལྔ་པ་ཕྲིན་ལས་ཀྱི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་དང་གསོལ་བ་གོང་ལྟར་རོ། །དེ་ནས་སློབ་མ་ཕྱག་རྡོར་དུ་བསྐྱེད་པའི་སྐུ་ལུས་ལ། ཀླུ་ཆེན་བརྒྱད་ཀྱིས་བརྒྱན་པར་བསམ་ལ་སྦྲུལ་རྒྱན་བྱིན། སྐུ་སྟོད་ལ་དར་སྔོན་པོའི་སྟོད་གཡོགས་དང༌། སྐུ་སྨད་ལ་སྟག་གི་པགས་པའི་ཤམ་ཐབས་དཀྲིས་པར་བསམ་ལ། སྟོད་དུ་དར་སྔོན་པོ་གཡོགས། སྨད་དུ་སྟག་ཤམ་དཀྲིའོ། །དེ་ནས་དཔོན་སློབ་གཉིས་ཀའི་གནས་ལྔར་རིགས་ལྔའི་ཁྱུང་ལྔ་བསྒོམ་ལ། བླ་མའི་གནས་ལྔའི་ཁྱུང་རིགས་ལྔ་ལས་ཁྱུང་རིགས་ལྔ་ཆད་ནས། སློབ་མའི་གནས་ལྔའི་ཁྱུང་ལྔ་ལ་ཐིམ་པར་བསམ་ཞིང༌། ཁྱུང་གི་ཙཀ་ལི་ལྔ་རིམ་བཞིན་དུ་སློབ་མའི་གནས་ལྔ་ལ་བཞག་ལ། ངག་ཏུ། ༀ་བུདྡྷ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། པདྨ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། བཛྲ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། རཏྣ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། ཀརྨ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། ཛཿ ཧཱུྃ་བཾ་ཧོཿ ཞེས་བརྗོད། འདིའི་ཕན་ཡོན་ལ་གནས་སྐབས་དང་མཐར་ཐུག་གཉིས་ལས། གནས་སྐབས་སུ་ཕྲིན་ལས་རྣམ་པ་བཞི་འགྲུབ་ཅིང་སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བ་དང༌། མཐར་ཐུག་ཏུ་སངས་རྒྱས་ཀྱི་ཕྲིན་ལས་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་འགྱུར་རོ། །ཞེས་བརྗོད། དེ་ནས་བླ་མ་ལ་གཏང་རག་གི་ཡོན་དང་མཎྜལ་ཕུལ་ལ། དེང་ནས་བཟུང་སྟེ་ཁྱེད་བྲན་དུ། །ཞེས་སོགས་བརྗོད། གསུམ་པ་རྗེས་ནི། གཏང་རག་གི་མཆོད་བསྟོད་གཤེགས་གསོལ་ལ་སོགས། རྗེས་ཆོག་རྣམས་གཞན་དང་མཐུན་ནོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་རྗེས་གནང་བྱིན་རླབས་ཀྱི་འབྱུང་གནས་ཞེས་བྱ་བ། རྣལ་འབྱོར་པ་འོད་དཔག་རྡོ་རྗེས་བླ་མའི་གསུང་བཞིན་ཡི་གེར་བཀོད་པ་རྫོགས་སོ། །མངྒ་ལཾ།། །།