རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པའི་རྒྱུད་དང་མན་ངག་གི་སྙིང་པོའི་གཞུང་།

From Damngak Dzö
DNZ-15-BA-001
Wylie title rdo rje'i rnal 'byor yan lag drug pa'i rgyud dang man ngag gi snying po'i gzhung DNZ-15-BA-001.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 15, Text 1, Pages 1-18 (Folios 1a1 to 9b4)
Author སྣ་ཚོགས་
Citation Various. Rdo rje'i rnal 'byor yan lag drug pa'i rgyud dang man ngag gi snying po'i gzhung. In Gdams ngag rin po che'i mdzod, Vol. 15: 1-18. Kalimpong: Rigpe Dorje Publications, 2024. DNZ-Shechen-15-BA-001.pdf
Shechen Publications, 1999
Side notes Recto: gces btus   Verso: sbyor drug skor
More details More details
Genre Compilations of Essential Works - gces btus  ·  Pith Instructions - man ngag
Colophon
  • First colophon page 7: །དཔལ་དམ་པ་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་ལས་གསུངས་པ་དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བ་ལས་ཐབས་དང་ཤེས་རབ་གཉིས་སུ་མེད་པ། སྦྱོར་བ་ཡན་ལག་དྲུག་གི་སྒྲུབ་ཐབས་བཀོལ་བའི་དུམ་བུའོ། །རྒྱ་གར་གྱི་མཁན་པོ་ཤྲཱི་བྷ་དྲ་བོ་དྷིའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་གྱི་ཇོ་བནྡྷེ་ཟླ་བའི་འོད་ཟེར་གྱིས་འབྲོ་དགེ་སློང་གི་ཕྱིར་བསྒྱུར་ཅིང་ཞུས་ཏེ་ འདི་དཔལ་དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་ལས། སྦྱོར་བ་ཡན་ལག་དྲུག་པའི་སྒྲུབ་ཐབས་ཟུར་དུ་བཀོལ་བ་སྦྱོར་དྲུག་གི་རྒྱུད་ཆུང་ཞེས་གྲགས་པ་རྡོ་རྗེའི་རྣལ་འབྱོར་གྱི་མན་ངག་གི་རྩ་བར་གྱུར་པ་སྟེ། སྔ་རབས་རྣམས་ཀྱིས་བསྡུས་དོན་མཆན་བུ་སོགས་མང་དུ་སྣང་ཞིང༌། བསྡུས་དོན་གྱི་སྙིང་པོའོ། །གླེང་གཞི་དང་ནི་སྦྱོར་དྲུག་གི། །རིགས་བདག་བརྐྱང་ཐབས་འབྲས་བུ་དང༌། །ཡན་ལག་བཞི་དང་འཕོ་བ་དང༌། །ཆགས་ཅན་ལམ་དང་གེགས་སེལ་བ། །གནས་སྐབས་མཐར་ཐུག་འབྲས་བུའོ། །ཞེས་སོ། །གཏན་ལ་ཕབ་པ།
  • Second colophon page 16: སྦྱོར་བ་ཡན་ལག་དྲུག་གི་མན་ངག་དུས་འཁོར་ཞབས་ཀྱིས་མཛད་པའི་སྙན་བརྒྱུད་ཞལ་གྱི་མན་ངག་རྫོགས་སོ། །པཎྜི་ཏ་སེ་མ་ནཱ་ཐ་དང༌། ལོ་ཙཱ་བ་འབྲོ་ཤེས་རབ་གྲགས་ཀྱིས་བསྒྱུར་ དུས་ཞབས་སྙན་རྒྱུད་ཅེས་ཡོངས་སུ་གྲགས་པ་འདི་ནི། སྦྱོར་དྲུག་རིང་བརྒྱུད་ཀྱི་མན་ངག་གི་རྩ་བའི་ཚིགས་སུ་བཅད་པའི་གདམས་པ་ཁྱད་པར་ཅན་ཏེ། ཞིབ་པར་རྣམ་བཤད་དང་ཁྲིད་ཡིག་རྣམས་ལས་རྒྱ་ཆེར་ཤེས་པར་བྱའོ། །བའོ།
  • Third colophon page 18: །འདི་ནི་ཤ་བ་རིའི་ལུགས་ཀྱི་སྦྱོར་དྲུག་ཉེ་བརྒྱུད་ཀྱི་གཞུང་ཁྱད་པར་ཅན་ནོ། །མངྒ་ལཾ།
  • Compiler colophon page 18: རྡོ་རྗེའི་རྣལ་འབྱོར་གཅེས་བཏུས་སྤར་ལྡེབ་རི་བོའི་གྲངས་ལྡན་འདི། བླ་མའི་མདུན་དགེ་རྩ་འབྲེལ་འཇོག་ཞུ་བ་པོ། ལྷུ་མཚོ། ལྷ་མཚོ། ཨ་ཕྲུག་གསུམ་ནས་སོ། །ཤུ་བྷཾ།།
  • First colophon page 7: dpal dam pa dang po'i sangs rgyas stong phrag bcu gnyis pa las gsungs pa dpal dus kyi 'khor lo zhes bya ba las thabs dang shes rab gnyis su med pa/_sbyor ba yan lag drug gi sgrub thabs bkol ba'i dum bu'o/_/rgya gar gyi mkhan po shrI b+ha dra bo d+hi'i zhal snga nas dang /_bod kyi lo tsA ba gyi jo ban+d+he zla ba'i 'od zer gyis 'bro dge slong gi phyir bsgyur cing zhus te _'di dpal dus kyi 'khor lo rtsa ba'i rgyud las/_sbyor ba yan lag drug pa'i sgrub thabs zur du bkol ba sbyor drug gi rgyud chung zhes grags pa rdo rje'i rnal 'byor gyi man ngag gi rtsa bar gyur pa ste/_snga rabs rnams kyis bsdus don mchan bu sogs mang du snang zhing /_bsdus don gyi snying po'o/_/gleng gzhi dang ni sbyor drug gi/_/rigs bdag brkyang thabs 'bras bu dang /_/yan lag bzhi dang 'pho ba dang /_/chags can lam dang gegs sel ba/_/gnas skabs mthar thug 'bras bu'o/_/zhes so/_/gtan la phab pa/
  • Second colophon page 16: sbyor ba yan lag drug gi man ngag dus 'khor zhabs kyis mdzad pa'i snyan brgyud zhal gyi man ngag rdzogs so/_/paN+Di ta se ma nA tha dang /_lo tsA ba 'bro shes rab grags kyis bsgyur _dus zhabs snyan rgyud ces yongs su grags pa 'di ni/_sbyor drug ring brgyud kyi man ngag gi rtsa ba'i tshigs su bcad pa'i gdams pa khyad par can te/_zhib par rnam bshad dang khrid yig rnams las rgya cher shes par bya'o/_/ba'o/
  • Third colophon page 18: 'di ni sha ba ri'i lugs kyi sbyor drug nye brgyud kyi gzhung khyad par can no/__/mang+ga laM/
  • Compiler colophon page 18: rdo rje'i rnal 'byor gces btus spar ldeb ri bo'i grangs ldan 'di/__bla ma'i mdun dge rtsa 'brel 'jog zhu ba po/__lhu mtsho/__lha mtsho/__a phrug gsum nas so/__/shu b+haM//
Notes There are three texts included in this entry:
  1. dpal dus kyi 'khor lo zhes bya ba'i rgyud kyi snying po (pp. 2-8)
  2. sbyor ba yan lag drug pa'i man ngag (pp. 8-16)
  3. dpal sha ba ri'i sbyor ba yan lag drug pa'i gzhung chung (pp. 17-18)
[edit]
༄༅། །རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པའི་རྒྱུད་དང་མན་ངག་གི་སྙིང་པོའི་གཞུང་བཞུགས་སོ། །

༄༅། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་གརྦྷ་ནཱ་མ་ཏནྟྲ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བའི་རྒྱུད་ཀྱི་སྙིང་པོ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །ཉིན་མོར་བྱེད་པའི་འོད་ལྟ་བུ། །པདྨའི་འདབ་མ་འདྲ་བའི་སྤྱན། །སངས་རྒྱས་སེང་གེའི་གདན་ལ་བཞུགས། །ལྷ་ཡི་མཆོག་གིས་ཕྱག་བྱས་པར། །སྤྱི་བོས་གཏུགས་ཏེ་ཕྱག་འཚལ་ལོ། །རྒྱལ་པོ་ཟླ་བ་བཟང་པོས་ཞུས། །ཡན་ལག་པདྨ་སྦྱར་བ་ནི། །ཡན་ལག་མཆོག་ལ་བཞག་བྱས་ཏེ། །དུས་ཀྱི་འཁོར་ལོའི་སྦྱོར་བ་ནི། །རྩོད་པ་དག་གི་དུས་ཀྱི་ནི། །མི་རྣམས་གྲོལ་བའི་རྒྱུ་རུའོ། ༈ །སོ་སོར་སྡུད་པ་རྣམ་པ་བཅུ། །རྒྱལ་བ་ཡི་ནི་དབང་པོར་འགྱུར། །དེ་བཞིན་བསམ་གཏན་མི་སྐྱོད་པ། །སྲོག་དང་རྩོལ་བ་རལ་གྲི་ཅན། །སླར་ལ་ཡང་ནི་རྣམ་པ་བཅུ། །གཟུང་བ་རིན་ཆེན་ཕྱག་རྒྱ་ཅན། །གཡུང་མོ་རྗེས་སུ་དྲན་པ་ནི། །པདྨ་འཛིན་པ་རུ་ནི་འགྱུར། །དཔལ་གྱི་ཏིང་འཛིན་འཁོར་ལོ་ཅན། །རེ་རེ་ཡང་ནི་ལྔ་རུ་དབྱེ། །སླར་ལ་ཡང་ནི་གང་དབྱེ་བ། །ཨ་ལ་སོགས་དང་ཀ་ལ་སོགས། ༈ །སོ་སོར་སྡུད་པ་ཡུལ་དང་ནི། །ཡུལ་ཅན་རྣམ་པ་བཅུ་པོ་རྣམས། །ལུས་ལ་འཇུག་པ་མེད་པའོ། །ཤེས་རབ་རྟོག་དང་དཔྱོད་པའོ། །དགའ་བ་མི་གཡོ་བདེ་བ་དང༌། །བསམ་གཏན་སེམས་ནི་རྩེ་གཅིག་པའོ། །སྲོག་དང་རྩོལ་བ་གཉིས་ཀྱི་ལམ། །མི་འཁྲུག་པ་རུ་འགྱུར་བ་ནི། །དབུ་མར་སྲོག་ནི་འཇུག་པའོ། །ཐིག་ལེ་རུ་ནི་སྲོག་འཇུག་ཅིང༌། །གཉིས་ཀ་འགྲོ་དང་འོང་བ་དག །གཟུང་བ་ཡིད་ནི་སེམས་གཅིག་པ། །གཏུམ་མོ་ཡི་ནི་སྣང་བ་གང༌། །ལུས་ལ་ངེས་པར་གསལ་འགྱུར་བ། །ནམ་མཁའ་དེ་ནི་རྗེས་དྲན་འགྱུར། །ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱི། །ལྷན་ཅིག་སྐྱེས་པའི་བདེན་དབང་གིས། །ཡེ་ཤེས་སྐུ་ནི་ཏིང་འཛིན་ཏེ། །འདི་ནི་ཆུ་སོགས་དབྱེ་བ་ཡིས། །གསུམ་དུ་ཡང་ནི་འགྱུར་བ་ཡིན། །སྣ་ཚོགས་བདག་པོའི་སྒྲུབ་ཐབས་སོ། །ཕྱག་རྒྱ་གསུམ་དང་ཚད་ནི་གསུམ། །རྣམ་པ་གསུམ་གྱི་སྲིད་དབང་གིས། །ལས་དང་ཀུན་རྟོག་བཟང་པོ་ཡི། ༈ །སོ་སོར་སྡུད་པ་རྣལ་འབྱོར་པ། །ཡུལ་དུ་རྣམ་པར་བྲལ་བ་དང༌༑ ༑སྔགས་ཀུན་གྱིས་ནི་བྱིན་གྱིས་བརླབ། །བསམ་གཏན་སྦྱོར་བ་དག་པ་ཡིས། །མངོན་ཤེས་ལྔ་ནི་ཐོབ་པར་འགྱུར། །སྲོག་དང་རྩོལ་བ་དག་པས་ནི། །ཟླ་བ་དྲི་མ་དག་པས་བྲལ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད། །གཟུང་བ་ཡི་ནི་སྟོབས་ཀྱིས་ནི། །ཉོན་མོངས་ལ་སོགས་བདུད་འཇོམས་ཤིང༌། །སྟོབས་བཅུ་ལ་ནི་འཇུག་པར་འགྱུར། །དྲི་མེད་འོད་འཕྲོ་དཀྱིལ་འཁོར་ཏེ། །གཞན་སྤང་ཡེ་ཤེས་སྐུ་ལས་སོ། །དེ་ཕྱིར་དག་པ་ཏིང་འཛིན་གྱིས། །ཉི་མ་ཅུང་ཟད་ཙམ་གྱིས་ནི། །ཡེ་ཤེས་སྐུ་ནི་འགྲུབ་པར་འགྱུར། ༈ །སོ་སོར་སྡུད་ལ་སོགས་པ་ཡིས། །གལ་ཏེ་གཟིར་བར་དེ་འགྱུར་ན། །སྔགས་པ་རྣམས་ཀྱིས་འདོད་མི་འགྲུབ། །སྒྲ་ལ་གོམས་པ་ཡན་ལག་མའི༑ ༑པད་སོགས་རྡོ་རྗེ་ནོར་བུ་ཡི། །ཐིག་ལེ་བསྒྲུབ་པ་སོང་བར་བྱ། །བསྙེན་པ་དང་པོ་སྦྱོར་བ་ནི། །ནམ་མཁའ་རུ་ནི་རྣམ་པ་བཅུ། །འཁོར་ལོ་ཅན་ནི་ཁྲོ་ལྟ་བའོ། །བགེགས་ནི་མཐར་བྱེད་ཀྱི་ལྟ་བ། །བདུད་རྩི་ལམ་དུ་སོང་བ་ཡང༌། །ཉེ་བའི་བསྙེན་པ་ཡན་ལག་དྲུག །ཤེས་རབ་ལས་འཕྲོས་ཟླ་ཐིག་ལེ། །གཞན་ཡང་རྡོ་རྗེ་ནོར་བུ་སྟེ། །ཡི་གེ་གསུམ་ནི་སྒྲུབ་པར་འགྱུར། །བདེ་བ་མ་ཉམས་གཅིག་ཞི་བ། །ལྷན་ཅིག་སྐྱེས་པ་རུ་ནི་འགྱུར། །སྒྲུབ་ཆེན་ཡེ་ཤེས་སྦྱོར་བའོ། ༈ །སྲོག་དང་རྩོལ་བ་ཀུན་ནས་ནི། །མགོ་བོའི་བར་ནི་ཕན་པ་སྟེ། །མཉམ་པའི་བདེ་བ་འབྲས་སྟེར་བ། །དེ་ལས་སྟེང་ནི་མི་ཕན་པ། །འཆི་བའི་འཇིག་པ་བྱེད་པའོ། །སེམས་ཅན་ངེས་པར་ཀློག་པའི་རྒྱུ། །གཙུག་ཏོར་སྒོ་ནི་ཕུག་ནས་སུ། །མཆོག་ཏུ་བདེ་བའི་གོ་འཕང་དུ། །འདི་ནི་སྦྱར་བ་བྱ་བ་ཉིད། །ཕུང་པོ་མེད་པའི་རྣལ་འབྱོར་མ། །མཉམ་པའི་བདེ་བ་ལ་བཞུགས་མོད། །འོན་ཀྱང་འཇིག་རྟེན་གྲགས་པ་མེད༑ ༈ ༑དབུས་སུ་སྲོག་དང་འཇུག་པ་ནི། །ཡུལ་དང་རྣམ་པར་བྲལ་བ་ཉིད། །སྣ་ཚོགས་ཡུམ་གྱིས་འཁྱུད་པའོ། །པདྨར་འཇུག་པའི་རང་རྡོ་རྗེ། །སྤྲོ་བ་ཡང་ནི་དེ་བཞིན་ཏེ། །རྡོ་རྗེ་དབུས་སུ་གཞག་པར་བྱ། །ས་བོན་མ་ལྷུང་བ་བདེ་བ། །ཤིན་ཆུ་ཆགས་པའི་ཆགས་པར་སོང༌། །རྣལ་འབྱོར་པ་ཡི་འབྱོར་པ་ཉིད། །མཆོག་ཏུ་ཡང་ནི་ཁྱབ་པའི་བདག །དཔལ་ནི་གསང་ལ་གསང་བ་པོ། །གཙུག་ཏོར་དུ་ནི་རྩེ་ལྔ་པའོ། །རྡོ་རྗེ་ཡི་ནི་འགྱུར་བ་ཡིན༑ ༑ཕྱི་ཡི་རྩེ་མོ་ཉིས་འགྱུར་དུ། །འགྱུར་བ་ཆོས་ཀྱི་དཀྱིལ་འཁོར་རོ། །དེ་ནི་གཉིས་སུ་འདྲེས་པ་དང༌། །དེ་ནི་གཞན་ཡང་ཉིས་འགྱུར་རོ། །དེ་ཡི་ཡང་ནི་གཞན་ཉིས་འགྱུར། །ལྷན་ཅིག་སྐྱེས་དང་ལོངས་སྤྱོད་རྫོགས། །སྤྲུལ་པ་ཡི་ནི་འཁོར་ལོར་རོ། །དེ་ཡི་ནང་དུ་རྩེ་གཅིག་གོ །མཉམ་པའི་བདེ་བའི་འབྲས་སྟེར་བ། །གསང་བའི་པདྨའི་ནང་གསང་བའོ། །རྣལ་འབྱོར་པ་དང་སྲོག་གཅོད་པ། །ཉིན་དང་མཚན་དུ་ཕྱེ་བ་ནི། །དེ་ནི་སྲོག་འཇིགས་པ་རུ་གསུངས། །སྒྲ་གང་ཁ་དང་བྲལ་བ་ནི། །སྙིང་ལ་ཡོད་པར་རབ་འགྱུར་བ། །དེ་ནི་བརྫུན་དུ་སྨྲ་བ་ཉིད། །ཀུན་མཁྱེན་གྱི་ནི་ཡེ་ཤེས་པར། །འཛིན་པར་ཡང་ནི་དབྱེ་བ་གང༌། །རྣལ་འབྱོར་པ་ལ་དེ་གསུངས་སོ། །བདེ་བའི་ཐིག་ལེ་མ་ལྷུང་བ། །གཞན་གྱི་བུད་མེད་དུ་ནི་འགྱུར། །བདེན་པ་ཆགས་བྲལ་མིན་པའོ། །སྲོག་དང་རྩོལ་བའི་མེ་ཡིས་ནི། །རི་བོང་ཅན་ལ་ཞུ་བ་ཡི། །བཏུང་བ་ཆང་གི་བཏུང་བའོ། །མཐེ་བོའི་ཚིགས་ནས་གཙུག་ཏོར་དུ། །ཆོས་ཀྱི་དབང་གིས་འགྲོ་བ་ནི། །ཉ་མཐར་ཐུག་པ་རང་གི་སེམས། །གཙུག་ཏོར་གནས་ནས་མཐེ་བོ་རུ། །ཡང་ནི་འདིར་ནི་འགྲོ་འགྱུར་ཏེ། །ནག་པོའི་ཕྱོགས་ཀྱི་མཐར་ཐུག་པར། །རྣལ་འབྱོར་མ་སྤྱོད་པ་དེས་ནི། །ཉི་མ་རེ་རེའི་དུས་སུ་ནི། །འདོད་པའི་དངོས་གྲུབ་རབ་ཏུ་སྟེར། ༈ །སྤྱོད་དང་འདོད་པས་ལུས་ཚ་ན། །མཆོག་གི་ཁ་ཡི་པདྨ་ལས། །ཚིག་མི་འབྱུང་དང་གཉིད་ལོག་དང༌། །འགུལ་དང་ན་བ་ལྐུགས་པ་དང༌། །ཡིད་ནི་འཁྲུགས་དང་བརྒྱལ་བ་ནི༑ ༑དུ་བ་ལ་སོགས་རྡོ་རྗེ་ཅན། །དེ་རྣམས་གསལ་བ་རྣམ་པ་བཅུ། །སྲོག་ཅན་ལུས་ཀྱི་གནས་སྐབས་སོ། །འཇིག་རྟེན་འདོད་པའི་གནས་སྐབས་ནི། །ངེས་པ་ཁོ་ན་གསལ་བ་ལས། །སུ་ཞིག་རྒྱལ་བ་སུ་འདོད་པ། །ཐིག་ལེ་དཀར་པོའི་རྒྱུན་ནི་གང༌། །ཉིན་དང་མཚན་མོར་ལྟུང་བ་ནི། །མ་མཱ་ཀཱི་ནི་དེ་ཆད་དོ། །གོ་ཀུ་ལ་སོགས་མིག་ལ་སོགས། །ཉི་མ་རེ་རེ་བཞིན་སྤྲོ་བས། །ཤ་གཞན་རེ་འགའ་ཡང་མ་ཡིན། །བདུད་རྩི་ལྔ་རྣམས་བརྟན་པ་ནི། །རང་གི་རིགས་ཀྱི་སར་སོང་བ། །ལྷ་རྣམས་དགེ་བའི་ལུས་ལས་སོ། །སྟོང་པའི་སེམས་དེ་རྩོད་པ་ཡིས། །ལྷན་ཅིག་སྐྱེས་པ་ཁྱབ་བདེ་བས། །དེ་ནི་སྐྱེ་གནས་འཁྲིག་པ་མེད། ༈ །ནོར་གྱི་སྦྱིན་པ་བཏང་བ་དང༌༑ ༑བུད་མེད་སྦྱོར་ལ་ཡིད་ཀྱིས་ནི། །མི་འཛག་པ་ནི་ཚུལ་ཁྲིམས་སོ། །བཟོད་པ་སྒྲ་སོགས་མི་འཇུག་པ། །གཉི་གར་འགྲོ་བའི་ལེ་ལོ་ནི། །རྣམ་པར་འཇིག་པ་བརྩོན་འགྲུས་སོ། །བསམ་གཏན་ཤེས་རབ་སེམས་དང་ནི༑ ༑བདེ་བ་ལྷན་ཅིག་པར་སོང་བ། །ཀུན་འགྲོ་ཐམས་ཅད་བརྗོད་པའོ། །སེམས་ཅན་དོན་དུ་དེ་རྫུ་འཕྲུལ། །སྲིད་པ་དོན་ནི་མེད་བྱེད་པ། །ཐོབ་པ་གཞན་ནི་བཞི་པའོ། ༈ །ལུས་གཅིག་ལ་ནི་ནུས་ལྡན་པ། །ཆ་དགུ་དང་ནི་ལྷན་ཅིག་པ། །ཉི་ཤུ་རྩ་ལྔ་བདག་ཉིད་སོགས། །བསམ་གཏན་ཕྱག་རྒྱའི་གཉིས་དག་ཉིད། །ཅུང་ཟད་ཙམ་གྱི་ཉི་མ་ཡིས། །དངོས་གྲུབ་ཡང་དག་འབྱུང་བར་འགྱུར། །ཞི་བ་དབང་དང་རེངས་པ་དང༌། །སྲིད་པ་འཇིགས་པར་བྱེད་པ་ནི། །ཞལ་གྱི་དབྱེ་བས་ཕྱེ་བ་ཉིད། །འབྱུང་བ་རྣམས་ཀྱི་དཀྱིལ་འཁོར་གནས། །ལྷ་མིན་ལག་འགྲོ་དག་གི་རིགས། །འདི་བསྒོམས་ནས་ནི་བསྒྲུབ་པར་བྱ། །དཔལ་དམ་པ་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་ལས་གསུངས་པ་དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བ་ལས་ཐབས་དང་ཤེས་རབ་གཉིས་སུ་མེད་པ། སྦྱོར་བ་ཡན་ལག་དྲུག་གི་སྒྲུབ་ཐབས་བཀོལ་བའི་དུམ་བུའོ། །རྒྱ་གར་གྱི་མཁན་པོ་ཤྲཱི་བྷ་དྲ་བོ་དྷིའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་གྱི་ཇོ་བནྡྷེ་ཟླ་བའི་འོད་ཟེར་གྱིས་འབྲོ་དགེ་སློང་གི་ཕྱིར་བསྒྱུར་ཅིང་ཞུས་ཏེ་ འདི་དཔལ་དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་ལས། སྦྱོར་བ་ཡན་ལག་དྲུག་པའི་སྒྲུབ་ཐབས་ཟུར་དུ་བཀོལ་བ་སྦྱོར་དྲུག་གི་རྒྱུད་ཆུང་ཞེས་གྲགས་པ་རྡོ་རྗེའི་རྣལ་འབྱོར་གྱི་མན་ངག་གི་རྩ་བར་གྱུར་པ་སྟེ། སྔ་རབས་རྣམས་ཀྱིས་བསྡུས་དོན་མཆན་བུ་སོགས་མང་དུ་སྣང་ཞིང༌། བསྡུས་དོན་གྱི་སྙིང་པོའོ། །གླེང་གཞི་དང་ནི་སྦྱོར་དྲུག་གི། །རིགས་བདག་བརྐྱང་ཐབས་འབྲས་བུ་དང༌། །ཡན་ལག་བཞི་དང་འཕོ་བ་དང༌། །ཆགས་ཅན་ལམ་དང་གེགས་སེལ་བ། །གནས་སྐབས་མཐར་ཐུག་འབྲས་བུའོ། །ཞེས་སོ། །གཏན་ལ་ཕབ་པ། ༈ རྒྱ་གར་སྐད་དུ། ཥ་ཌངྒཱ་ཡོ་ག་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། སྦྱོར་བ་ཡན་ལག་དྲུག་པའི་མན་ངག་ཅེས་བྱ་བ། དཔལ་ལྡན་བླ་མ་དམ་པ་རྣམས་དང་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །སྦྱོར་བ་ཡན་ལག་དྲུག་གི་མན་ངག་དུས་ཞབས་སྙན་བརྒྱུད་དུ་གྲགས་པའི་རྡོ་རྗེའི་ཚིག་རྐང་འདི་ལ་གསུམ། ཀླད་དང༌། གཞུང་དང༌། མཇུག་གོ །དང་པོ་ལ་གཉིས། མཆོད་པར་བརྗོད་པ་དང༌། བརྩམ་པར་དམ་བཅའ་བའོ༑ ༑དང་པོ་ནི། དུས་ཀྱི་འཁོར་ལོར་ཕྱག་འཚལ་ནས། །གཉིས་པ་ནི། རྣལ་འབྱོར་ཡན་ལག་དྲུག་བཤད་བྱ། །གཉིས་པ་གཞུང་གི་དོན་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །དང་པོ་ལ་གཉིས། མདོར་བསྟན་དངོས་དང༌། དབང་པོའི་རིམ་པས་ཁྲིད་ཚུལ་ལོ། །དང་པོ་ནི། ༈ སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །རྣལ་འབྱོར་ཡན་ལག་དྲུག་ཏུ་ནི། །རྒྱུད་དུ་སངས་རྒྱས་མཆོག་གིས་གསུངས། །ཀུན་ལ་དྲུག་ཏུ་ཤེས་བྱ་སྟེ། །གཉིས་པ་ནི། ༈ རབ་ཀྱིས་དང་པོ་རྟོག་པའོ། །འབྲིང་གིས་སྲོག་རྩོལ་ལ་སོགས་ཡིན། །ཐ་མས་དྲུག་པོ་རིམ་པས་བསྒོམ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི། ཉམས་སུ་ལེན་པའི་རྟེན་གྱི་གང་ཟག ༑དེ་ཉམས་སུ་བླང་བའི་ལམ། ལམ་དེས་འབྲས་བུ་འགྲུབ་ཚུལ། ཞར་བྱུང་གི་མན་ངག་གཞན་བཤད་པའོ། །དང་པོ་ནི། ༈ བྱིས་པ་གཞུག་དང་བུམ་པ་དང༌། །གསང་བ་ཡེ་ཤེས་སྔོན་སོང་བས། །བཞི་པ་ཡི་ནི་དབང་བྱས་ཏེ། །དམ་ཚིག་རྩ་བ་ཡན་ལག་ཅན། །དེ་ཡིས་དབེན་པར་གནས་བྱས་ལ། ༈ །གཉིས་པ་ལ་གསུམ། སྐུ་རྡོ་རྗེ་སོར་བསམ་གྱི་ཡན་ལག །གསུང་རྡོ་རྗེ་སྲོག་འཛིན་གྱི་ཡན་ལག །ཐུགས་རྡོ་རྗེ་རྗེས་ཏིང་གི་ཡན་ལག་གོ །དང་པོ་ལ་གཉིས། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གཉིས། སོ་སོར་སྡུད་པའི་ཡན་ལག་དང༌། བསམ་གཏན་གྱི་ཡན་ལག་གོ །དང་པོ་ནི། ༈ སོ་སོར་སྡུད་པ་འདི་ལྟར་བསྒོམ། །བསྒོམ་པ་སྟོང་ཉིད་བསྒོམས་པ་ཡིས། །འགག་པ་རླུང་ནི་འགག་པར་བྱེད། །སྐྱེ་བ་ཤུགས་ལ་བདེ་བ་སྐྱེ། །འབྱུང་བ་ལམ་རྟགས་དངོས་སུ་འབྱུང༌། །ངོ་བོ་སྟོང་པ་ཉིད་ཡིན་ཏེ། །སོ་སོའི་རྟོག་པ་ཐམས་ཅད་སྡུད། །དབྱེ་བ་བཅུ་རུ་གསུངས་པ་ཡིན། །དབང་པོའི་མངོན་སུམ་དག་ཏུ་བཞེད། །ཡེ་ཤེས་ཕུང་པོ་ཤེས་རབ་བོ། །འབོལ་བའི་སྟན་ལ་བྱེད་པ་ནི། །ལུས་བསྲང་རྡོ་རྗེ་སྐྱིལ་ཀྲུང་བཅའ། །ལྕེ་བཟློག་གསུས་སྦྱར་མིག་གྱེན་བཟློག །གཙུག་ཏོར་སྒྱུར་བའི་ལྟ་སྟངས་སོ། །ལག་གཉིས་རྡོ་རྗེ་བསྡམ་པར་བྱ། །དེས་ནི་རླུང་རྣམས་འཆིང་བྱེད་པའོ། །དཔྲལ་བའི་ཐིག་ལེར་སྲོག་བཅུག་ལ། །གཡས་པ་ས་ཡི་རླུང་དུས་བསྒོམ། །མཚན་མོ་བླ་གབ་བཅས་པ་རུ། །ནམ་མཁའ་ལ་དམིགས་སྟོང་ཉིད་བསྒོམ། །སྲོད་དང་ཐོ་རངས་གུང་ལ་མིན། །ཉིན་མོ་བླ་གབ་མེད་པ་སྟེ། །ནམ་མཁའ་ལ་བལྟས་སྔ་དྲོ་ཕྱི། །ཉི་ཟེར་ཉི་མའི་གུང་ལ་མིན། །དེ་ལྟར་བསྒོམས་པས་ཡུལ་སོགས་དགག །ནང་དུ་ལྷ་ཡི་མིག་སོགས་ཏེ། །སྟོང་ཉིད་གཟུགས་ཏེ་དམིགས་བཅས་མཐོང༌། །ཆོས་ལ་ཕ་རོལ་བཅུ་གནས་ལ༑ ༑ལྷ་ལ་ལྷ་མོ་བཅུ་ཞེས་བྱ། །རྟགས་སུ་ལམ་ལ་བཅུ་མཐོང་འགྱུར། །དུ་བ་སྨིག་རྒྱུ་མཁའ་སྣང་དང༌། །མར་མེ་འབྱུང་སྟེ་འབྱུང་རླུང་ཐིམ། །ཐ་མ་སྤྲིན་མེད་ནམ་མཁའ་ནི། །རྟགས་ཅན་ཤེས་རབ་ཕ་རོལ་ཕྱིན། །འབར་བ་ཟླ་ཉི་གློག་སྒྲ་གཅན། །ཐིག་ལེ་དྲུག་སྟེ་ཐ་མ་ཡིན། །ཐམས་ཅད་རྒྱུར་མཐོང་རྟགས་ཅན་ཏེ། །འབྱུང་ལྔ་ཡེ་ཤེས་ཕུང་པོ་ལྔ། །གསང་འདུས་མཚན་བརྗོད་ནས་ཕྱེད་ཕྱེད། །སྤྲུལ་སྐུ་ལོངས་སྐུ་རྟོགས་མེད་དོ། །རྡོ་རྗེ་བསླང་བའི་བདེ་བ་འབྱུང༌། །བསྒོམས་པས་དུས་དཀར་རི་མོ་ནག །མཐོང་བ་ནང་དུ་སྟོང་གཟུགས་སོ། །དེས་ནི་སྟོང་གཟུགས་རྟོགས་པར་བྱེད། །སོ་སོར་སྡུད་ལ་སྙོམས་ཞུགས་ནས། །སྔགས་ཀུན་བྱིན་གྱིས་རློབ་བྱེད་ལ། །ངག་གི་བདེན་པར་འགྲུབ་པའོ། །གཟུང་བའི་ཡུལ་དང་བྲལ་བར་འགྱུར། །གཉིས་པ་ནི། ༈ གཉིས་པ་བསམ་གཏན་ཡན་ལག་ནི། །སྟོང་གཟུགས་བརྟན་ཕྱིར་བྱེད་པའོ། །ངོ་བོ་ཡུལ་ནི་སྟོང་གཟུགས་ཏེ། །དུས་ནི་ནམ་མཁའ་རྒྱུ་དུས་སོ། །དབྱེ་བ་རྣམ་པ་ལྔ་ཞེས་བྱ། །ལྟ་སྟངས་དེ་ཉིད་ཕྱག་རྒྱ་ནི། །མཉམ་བཞག་ཡིད་ཀྱི་མངོན་སུམ་སྟེ། །སྒོམ་པ་སྔར་གྱི་སྟོང་གཟུགས་ལ། །སེམས་བཞག་ནམ་མཁར་ལྟ་བ་ཡིན། །འབྱུང་བའི་རིམ་པས་གོང་ཐིམ་པས། །ས་སོགས་གང་མཐོང་སྒྱུ་མ་ལྟར། །མཉམ་བཞག་རྗེས་ཐོབ་མེད་པར་མཐོང༌། །བསམ་གཏན་ཆགས་པའི་བདེ་བ་འབྱུང༌། །ལྷ་མོས་བསྐུལ་ལ་ལུང་བསྟན་ཐོབ། །སྟོང་ཉིད་སེམས་འཇུག་ཤེས་རབ་སྟེ། །དངོས་རྣམས་སེམས་འཛིན་རྟོག་པའོ། །དེ་འཛིན་འཇུག་པ་སྤྱོད་པའོ། །སེམས་ཀུན་གཞག་པ་དགའ་བའོ། །བདེ་བ་ཕུན་སུམ་མི་གཡོ་བདེ། །མཁའ་ཡི་བདག་ཉིད་རྣམ་ཤེས་སོ། །བསམ་གཏན་ལ་ནི་སྙོམས་ཞུགས་ན། །མངོན་པར་ཤེས་པ་ཐོབ་པར་འགྱུར། །གཉིས་པ་དོན་བསྡུ་བ་ནི། ༈ དེ་གཉིས་ཐོག་མར་དགེ་བ་སྟེ། །སྟོང་གཟུགས་རྟོགས་པས་བསྙེན་པར་གསུངས། །གཉིས་པ་སྲོག་འཛིན་གྱི་ཡན་ལག་ལ་གཉིས། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ༑ ༑དང་པོ་ལ་གཉིས། སྲོག་རྩོལ་གྱི་ཡན་ལག་དང༌། འཛིན་པའི་ཡན་ལག་གོ །དང་པོ་ནི། ༈ དེ་ནས་སྟོང་གཟུགས་མཐོང་ནས་ནི། །མི་འགྱུར་བདེ་བ་སྐྱེ་བའི་ཕྱིར། །སྲོག་རྩོལ་ཡན་ལག་བསྒོམ་པར་བྱ། །རྐང་པ་གཅིག་གིས་གཅིག་མནན་ཅིང༌༑ ༑མཐེ་བོང་ནང་བཅུག་ཁུ་ཚུར་བསྡམ། །ཡུལ་ནི་རྩ་གསུམ་རླུང་ཡིན་ནོ། །འདུ་བྱེད་ཕུང་པོའི་རླུང་རྒྱུའི་དུས། །ལྟ་སྟངས་བདུད་རྩི་འཁྱིལ་བའོ། །ཕྱི་རུ་དང་པོ་རླུང་གཏོར་ནས། །ནང་དུ་མྱུར་དང་རྣམ་སྡུད་དང༌། །རེངས་དང་སྔགས་སྦྱོར་བརྡའ་ཡིས་ནི། །བུམ་པ་ཅན་དང་རྡུལ་མཐའ་ཡིས། །རླུང་གཉིས་དབུས་སུ་རབ་བཅུག་ནས། །རླུང་བཅུ་རབ་ཏུ་ཞི་བར་བྱ། །རྡོ་རྗེ་མི་ལ་སྲོག་ཞུགས་པའི། །བདེ་བ་ངེས་པར་སྐྱེ་བར་འགྱུར། །ཟླ་བ་དྲུག་ཏུ་བརྩོན་བྱས་པས། །ཞག་རེ་རླུང་བཅུ་འགག་འགྱུར་ཏེ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགག །དེ་ཡིས་ལྟེ་བར་རླུང་གཉིས་འདོམ། །ཡེ་ཤེས་གཏུམ་མོ་འབར་བ་ཡིས། །སངས་རྒྱས་ལྷ་མོ་བཅུ་སད་ནས། །ཁུ་བ་བཅས་པའི་བདེ་བ་འབྱུང༌། །སྟེང་དུ་འོག་ཏུ་གནས་གཉིས་འདོད། །མ་ཟོས་བཀྲེས་མེད་ཟོས་ཀྱང་འཇུ། །ཐུར་སེལ་མི་འཛག་བདེ་བ་འཛག །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །ལུས་ཡང་ལ་སོགས་མི་རྟོག་བདེ། །ཡིད་ཀྱི་མངོན་སུམ་ཞེས་བྱའོ། །སྲོག་དང་རྩོལ་བས་ངེས་པར་ནི། །སངས་རྒྱས་བྱང་ཆུབ་སེམས་དཔའ་གཟིགས། །གཉིས་པ་ནི། ༈ རླུང་སེམས་རབ་ཏུ་བརྟན་བྱའི་ཕྱིར། །འཛིན་པའི་ཡན་ལག་བསྒོམ་པར་བྱ། །ཡུལ་ནི་བདེ་བའི་རླུང་ཉིད་དོ༑ ༑བརྟན་པར་འཛིན་པས་འཛིན་པའོ། །ཚོར་བའི་ཕུང་པོ་དབུ་མར་གནས། །ལྟ་སྟངས་ལ་སོགས་དེ་འདྲ་ལ། །ལག་པ་གཉིས་བསྡམ་ནམ་མཁའི་དུས། །དྷཱུ་ཏཱིར་རླུང་ནི་ཚུད་ཙམ་ནི། །ལམ་དུ་མི་འགྱུར་ཐིག་ལེར་གཞུག །ལུས་སོགས་ཐིག་ལེ་བཞི་པོ་ལ། །རིམ་དང་ཅིག་ཅར་རླུང་སེམས་ནི། །ངེས་པར་བཙུད་ནས་མི་གཡོ་བྱ། །དེ་ལ་མི་གཡོ་བརྟན་གྱུར་པས། །ཐིག་ལེར་ཆགས་པའི་བདེ་བ་སྐྱེ། །བུད་མེད་ཀུན་ལ་སྙོམས་འཇུག་ཀྱང༌། །ཐིག་ལེ་ལྷུང་བར་མི་འགྱུར་རོ། །ལུས་སྟོན་བདེ་སྐྱེ་ལུས་བརྟན་འགྱུར། །དེ་ཡང་ཡིད་ཀྱི་མངོན་སུམ་མོ། །རྟག་ཏུ་འཛིན་པའི་སྟོབས་ཀྱིས་ནི། །རྡོ་རྗེ་སེམས་དཔའ་ཡང་དག་འཇུག །འཆི་བདག་ལ་སོགས་ཀྱིས་མི་ཚུགས། །འགྲོ་དང་འོང་བ་ཟད་བྱེད་ཅིང༌། །ཉོན་མོངས་ལ་སོགས་ཟད་པར་བྱེད། །སྟོབས་བཅུ་ལ་ནི་འཇུག་པར་འགྱུར། །ཚེ་རིང་ནད་མེད་ཁམས་ཆ་སྙོམས། །གཉིས་པ་དོན་བསྡུ་བ་ནི། ༈ དེ་གཉིས་བར་དུ་དགེ་བ་སྟེ། །ཉེ་བར་བསྒྲུབ་པ་ཞེས་བཤད་ལ། །དྲག་ཤུལ་སྤྱོད་པར་གསུངས་པའོ། ༈ །གསུམ་པ་རྗེས་ཏིང་གི་ཡན་ལག་ལ་གཉིས། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གཉིས། རྗེས་དྲན་གྱི་ཡན་ལག་དང༌། ཏིང་ངེ་འཛིན་གྱི་ཡན་ལག་གོ །དང་པོ་ནི༑ ༈ དེ་ནས་བདེ་བ་སྤེལ་བྱའི་ཕྱིར། །རྗེས་སུ་དྲན་པའི་ཡན་ལག་བྱ། །ཡུལ་ནི་བདེ་བ་ཉིད་ཡིན་ཏེ། །བདེ་བ་རྒྱུད་ལ་དྲན་པའོ། །ཡེ་ཤེས་རླུང་རྒྱུའི་དུས་སུའོ། །ལྟ་སྟངས་ལྷ་ཡི་ལྟ་བ་སྟེ། །འདུ་ཤེས་ཕུང་པོར་མཐེའུ་ཆུང་གཞུག །དབྱེ་བ་གསུམ་སྟེ་བསྒོམས་སྟོབས་དང༌། །ལག་པ་བུད་མེད་སྦྱོར་བ་ཡིས། །འཁོར་ནས་དཔྲལ་གནས་བྱང་སེམས་དབབ། །རྡོ་རྗེ་ནོར་བུར་རབ་བཟུང་བ། །དངུལ་ཆུའི་དཔེ་ཡིས་ཤེས་བྱས་ལ། །སྟེང་ནས་འོག་ཏུ་རྡོ་རྗེ་གཅིག །དེ་འདྲར་རླུང་སེམས་གཏད་པས་ནི། །དགའ་བ་བཞི་ལ་བཅུ་དྲུག་སྐྱེད། །ཡར་ངོ་ཆགས་ཆེན་མཚན་ཉིད་དོ། །རས་བལ་སྟག་ལ་བེ་ཤིང་དཔེ། །སྤྲོས་བཅས་སྤྲོས་མེད་ཤིན་ཏུ་མེད། །འཕོ་བའི་བག་ཆགས་སྤངས་བྱས་པས། །སྒྲིབ་པ་གསུམ་པོ་དག་པར་འགྱུར། །ཆགས་པ་ཤིན་ཏུ་སྦྱང་བར་བྱ། །དེ་དོན་བསྒོམས་པས་བདེ་ཆེན་ནི། །ལྷན་ཅིག་སྐྱེས་པ་སྐྱེ་བར་འགྱུར། །མངོན་ཤེས་དྲུག་ཀྱང་ཆེར་འགྱུར་ཞིང༌། །གཟུགས་སྐུ་རྣམ་གཉིས་མངོན་སུམ་མཐོང༌། །ངེས་པར་ལུང་བསྟན་ཐོབ་པར་འགྱུར། །རང་རིག་མངོན་སུམ་དུ་ནི་འདོད། །རྗེས་དྲན་ལ་ནི་སྙོམས་འཇུག་པ། །འོད་ཀྱི་དཀྱིལ་འཁོར་འབྱུང་བར་འགྱུར། །གཞན་ཡང་ཡེ་ཤེས་སྐུ་ལས་སོ། །བསྒྲུབ་པ་ཞེས་ནི་གསུངས་པའོ། །གཉིས་པ་ནི། ༈ དེ་ནས་མི་འགྱུར་བདེ་བསྒྲུབ་ཕྱིར། །ཏིང་ངེ་འཛིན་ནི་ངེས་པར་བསྒོམ། །ངོ་བོ་བདེ་སྟོང་གཉིས་མེད་དེ། །དེ་ལ་རྩེ་གཅིག་གནས་པའོ། །གཟུགས་ཀྱི་དབྱིངས་ཀྱི་ཕུང་པོ་སོགས། །ཡེ་ཤེས་རླུང་རྒྱུའི་དུས་སུའོ། །སངས་རྒྱས་ཞི་བའི་ལྟ་སྟངས་ཏེ། །ལག་པ་ཏིང་འཛིན་ཕྱག་རྒྱའོ། །བསྒོམ་པ་དམིགས་བཅས་སྟོང་གཟུགས་དང༌། །དམིགས་མེད་བདེ་བ་རོ་མཉམ་ལ། །སེམས་ནི་མི་གཡོ་བརྟན་པར་གནས། །དངོས་པོ་ཐམས་ཅད་བདེ་འཆར་རོ། །དཔལ་ལྡན་མི་འགྱུར་བདེ་བ་སྐྱེ། །སངས་རྒྱས་དངོས་སུ་ཡང་དག་མཐོང༌། །དེ་ལ་བརྟན་པར་གྱུར་པ་དེས། །ཐིག་ལེ་གྱེན་བཟློག་སྤྱི་བོར་འགྲོ༑ ༑རྡོ་རྗེ་ནོར་བུ་ངོ་བོ་ཉིད། །ཐོབ་ནས་ཆོས་སྐུ་ལོངས་སྐུ་དང༌། །སྤྲུལ་སྐུ་གནས་བཞིར་ཐོབ་པར་འགྱུར། །རྡོ་རྗེ་བཞི་དང་རྣམ་ཐར་དང༌། །བྱང་ཆུབ་བཞི་ཡང་རྟོགས་པར་འགྱུར། །གསང་གནས་སྤྱི་བོར་རླུང་དག་ནི། །སྟོང་དང་བརྒྱད་བརྒྱ་འགགས་པ་ཡིས། །ས་ནི་བཅུ་གཉིས་རིམ་པས་ཐོབ། །སྐུ་ནི་བཅུ་དྲུག་དག་པར་འགྱུར། །ཐིག་ལེ་སྤྱི་བོ་རྡུལ་ནོར་བུ། །མི་གནས་མྱ་ངན་འདས་པར་བརྗོད། །ཡོན་ཏན་ཐམས་ཅད་རྫོགས་པར་འགྱུར། །ཏིང་འཛིན་དབང་བསྒྱུར་ཙམ་གྱིས་ནི། །སྒྲིབ་པ་ཐམས་ཅད་བྲལ་བར་འགྱུར། །དྲི་མ་མེད་པར་དག་པར་འགྱུར། །གཟུགས་ཀྱི་ཕུང་པོར་གསུངས་པའོ། །གཉིས་པ་དོན་བསྡུ་བ་ནི། ༈ སྒྲུབ་པ་ཆེན་པོ་ཞེས་བཤད་དེ། །རྣལ་འབྱོར་མངོན་སུམ་ཡིན་པར་འདོད། །དེ་གཉིས་ཐ་མར་དགེ་བར་འདོད། །གསུམ་པ་ལམ་དེ་འགྲུབ་ཚུལ་ལ་གཉིས། གནས་སྐབས་དང༌། མཐར་ཐུག་གོ །དང་པོ་ནི། ༈ དེ་ལྟར་ཡན་ལག་དྲུག་པོ་ལ། །ལོ་གསུམ་ཟླ་ཕྱེད་གསུམ་གྱིས་ནི། །སངས་རྒྱས་འདྲ་བར་འགྱུར་བ་སྟེ། །ས་དང་ཐོབ་པ་ཞེས་ཀྱང་འདོད། །ཁམས་དྲུག་སྦྱངས་པ་ཡེ་ཤེས་དྲུག །རིགས་དྲུག་ཕ་རོལ་ཕྱིན་དྲུག་འདོད། །མངོན་ཤེས་དྲུག་དང་རྗེས་དྲན་དྲུག །རླུང་དྲུག་ཡེ་ཤེས་བླ་མ་གསུངས། །ལུས་གཟིར་འཕགས་ལ་ཕྱག་རྒྱ་གསལ། །གཉིས་པ་ནི། ༈ དེ་ནས་སྤྱོད་པ་གསུམ་བྱས་པས། །དག་པའི་སྐུ་བཞི་ཡེ་ཤེས་འགྲུབ། །སྟོབས་སོགས་ཡོན་ཏན་ཀུན་རྫོབ་པ། །ཚེ་འདིར་ངེས་པར་འགྱུར་བའོ། ༈ །བཞི་པ་འཕྲོས་དོན་ལ་གཉིས། བར་དོ་སངས་རྒྱས་པའི་མན་ངག་དང༌། ཆགས་ཅན་ཕྱག་རྒྱའི་མན་ངག་གོ །དང་པོ་ནི། ༈ བར་དོ་སངས་རྒྱས་མན་ངག་འདི། །འོག་རླུང་སྟེང་གི་བུ་གར་གདོན། །སྦྱོར་དྲུག་མན་ངག་ཡོད་པ་དག །མ་བསྒོམས་ན་ཡང་སྐྱེ་བདུན་འགྲུབ། །སོ་སོར་སྡུད་པའི་རྟགས་བྱུང་ཞིང༌། །གལ་ཏེ་ཤི་བར་གྱུར་པ་ན། །དེ་ནི་ལམ་ངེས་ས་དང་འཕྲད། །དེ་ནས་དངོས་གྲུབ་ཐོབ་པར་འགྱུར། །གཉིས་པ་ནི། ༈ ཆགས་ཅན་སྦྱོར་དྲུག་མན་ངག་ནི། །དབབ་དང་གཟུང་དང་བཟློག་པ་དང༌། །གནས་སུ་བསྐྱལ་ལ་རྩ་དམིགས་གདབ། །རླུང་བསྲེ་སྦྱོར་བ་དྲུག་པོས་བྱ། །སོ་སོར་སྡུད་པའི་སྤོག་པ་ནི། །དྲག་ཏུ་བྱེད་བཅིང་འཚམ་པར་བྱ། །བསམ་གཏན་སྟོང་གཟུགས་དྲག་ཏུ་བསྒོམ། །བཙན་ཐབས་སྐོར་བས་རླུང་གཟུང་བ། །མགོ་བོ་མི་ནའི་བར་དུ་བྱ། །རླུང་སེམས་དྲག་ཏུ་ཐིག་ལེར་གཟུང༌། །ཆགས་ལ་ལས་རྒྱ་མང་ལ་སྦྱར། །བདེ་ཆེན་རོ་མཉམ་དག་ཏུ་བྱ། །གསུམ་པ་སྒྲུབ་པ་ལ་སྙིང་པོར་གདམས་པས་སྤྱིའི་མཇུག་བསྡུ་བ་ནི། ༈ འདི་མིན་མཆོག་ནི་མི་འགྲུབ་ཅེས། །གསུངས་པས་ངེས་པར་འདི་བསྒྲུབ་བྱ། །རྟོག་བསྒོམ་འཇིག་རྟེན་འཁོར་གསུངས་པས། །བསྐྱེད་རིམ་ལ་སོགས་ཅི་ཞིག་བྱ། །དུས་འཁོར་ཞབས་ཀྱིས་གསུངས་པ་ཡིན། །གསུམ་པ་མཇུག་གི་དོན་ནི། ༈ སྦྱོར་བ་ཡན་ལག་དྲུག་གི་མན་ངག་དུས་འཁོར་ཞབས་ཀྱིས་མཛད་པའི་སྙན་བརྒྱུད་ཞལ་གྱི་མན་ངག་རྫོགས་སོ། །པཎྜི་ཏ་སེ་མ་ནཱ་ཐ་དང༌། ལོ་ཙཱ་བ་འབྲོ་ཤེས་རབ་གྲགས་ཀྱིས་བསྒྱུར་ དུས་ཞབས་སྙན་རྒྱུད་ཅེས་ཡོངས་སུ་གྲགས་པ་འདི་ནི། སྦྱོར་དྲུག་རིང་བརྒྱུད་ཀྱི་མན་ངག་གི་རྩ་བའི་ཚིགས་སུ་བཅད་པའི་གདམས་པ་ཁྱད་པར་ཅན་ཏེ། ཞིབ་པར་རྣམ་བཤད་དང་ཁྲིད་ཡིག་རྣམས་ལས་རྒྱ་ཆེར་ཤེས་པར་བྱའོ། །བའོ། ༈ །དུས་འཁོར་ཉེ་བརྒྱུད་ཀྱི་མན་ངག །དཔལ་ཤ་བ་རིའི་སྦྱོར་བ་ཡན་ལག་དྲུག་པའི་གཞུང་ཆུང་འདི་འཆད་པ་ལ་བཞི། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ཏོ། །དང་པོ་ནི། ༈ རྒྱ་གར་སྐད་དུ། ཡོ་ག་ཥ་ཌངྒཱ་ནཱ་མ། བོད་སྐད་དུ། རྣལ་འབྱོར་ཡན་ལག་དྲུག་པ་ཞེས་བྱ་བ། གཉིས་པ་ནི། དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །གསུམ་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ༈ སོ་སོར་གཅོད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་པ་ཏིང་ངེ་འཛིན། །རྣལ་འབྱོར་ཡན་ལག་དྲུག་ཏུ་གསུངས། །གཉིས་པ་ལ་དྲུག་ལས། དང་པོ་སོ་སོར་གཅོད་པའི་ཡན་ལག་ནི། ༈ མི་གཡོ་བ་ནི་གསུམ་ལྡན་གྱིས། །དྷཱུ་ཏཱིར་རླུང་བཅུ་ཆུད་གྱུར་པ། །ཕྱི་ནང་རྟོག་འགགས་རྟགས་བྱུང་བ། །སོ་སོར་གཅོད་པའི་ཡན་ལག་ཡིན། །གཉིས་པ་བསམ་གཏན་གྱི་ཡན་ལག ༈ རྟགས་རྣམས་བརྟན་པར་མཐོང་འགྱུར་བ། །ཤེས་རབ་རྟོག་དཔྱོད་དགའ་བདེ་དང༌། །རྩེ་གཅིག་མི་གཡོ་རྟོག་མེད་ནི། །བསམ་གཏན་གྱི་ནི་ཡན་ལག་ཡིན། །གསུམ་པ་སྲོག་རྩོལ་གྱི་ཡན་ལག ༈ རླུང་བཅུ་དབུ་མར་ཚུད་གྱུར་པས། །འཁོར་ལོ་བཞི་ཡི་ཐིག་ལེའི་ནང༌། །རླུང་ཉིད་འགྲོ་འོང་བྱེད་པ་ནི། །སྲོག་རྩོལ་གྱི་ནི་ཡན་ལག་ཡིན། །བཞི་པ་འཛིན་པའི་ཡན་ལག ༈ སྲོག་རླུང་ཐིག་ལེའི་ནང་ཆུད་པས། །རླུང་སེམས་བདེ་ཆེན་འཁོར་ལོ་ཡི། །ཧཾ་གི་ཐིག་ལེ་ཟིན་པ་ནི། །འཛིན་པ་ཡི་ནི་ཡན་ལག་ཡིན། །ལྔ་པ་རྗེས་དྲན་གྱི་ཡན་ལག ༈ རླུང་སེམས་ཐིག་ལེར་ཟིན་སྟོབས་ཀྱིས། །གཏུམ་མོའི་མེ་འོད་སྣང་བ་དང༌། །བདེ་དྲོད་ཁྱད་པར་ཅན་འབྱུང་བ། །རྗེས་སུ་དྲན་པའི་ཡན་ལག་ཡིན། །དྲུག་པ་ཏིང་འཛིན་ཡན་ལག ༈ རྟགས་བཅུ་རྫོགས་པར་གྱུར་པ་ན། །ཐིག་ལེ་ཆེན་པོའི་སྣང་བ་འབྱུང༌། །སྣ་ཚོགས་ཐིག་ལེ་ཆེན་པོ་ལ། །རེ་ཁཱ་ནག་པོའི་རི་མོ་འབྱུང༌། །དེ་ནས་འགྲོ་དྲུག་ལ་སོགས་དང༌། །ཤིན་ཏུ་ཕྲ་བའི་སྤྲུལ་སྐུ་དང༌། །ལོངས་སྐུ་དུ་མ་མཐོང་གྱུར་པ། །སྣ་ཚོགས་གཟུགས་བརྙན་འོད་གསལ་ཡིན། །དེ་ལ་སེམས་ནི་ཐིམ་པ་ན༑ ༑ཏིང་འཛིན་ཡན་ལག་མཐར་ཕྱིན་པའོ། །བཞི་པ་མཇུག་གི་དོན་ནི། ༈ རྣལ་འབྱོར་ཡན་ལག་དྲུག་པ་ཞེས་བྱ་བ། དཔལ་ཤ་བ་རི་དབང་ཕྱུག་གིས་པཎྜི་ཏ་མ་ཧཱ་བི་བྷཱུ་ཏི་ཙནྡྲ་ལ་གསུངས་པའོ། །དེས་སྒྲ་རང་འགྱུར་དུ་བསྒྱུར་ནས་གསུངས་པའོ། །འདི་ནི་ཤ་བ་རིའི་ལུགས་ཀྱི་སྦྱོར་དྲུག་ཉེ་བརྒྱུད་ཀྱི་གཞུང་ཁྱད་པར་ཅན་ནོ། །མངྒ་ལཾ། ༈ །རྡོ་རྗེའི་རྣལ་འབྱོར་གཅེས་བཏུས་སྤར་ལྡེབ་རི་བོའི་གྲངས་ལྡན་འདི། བླ་མའི་མདུན་དགེ་རྩ་འབྲེལ་འཇོག་ཞུ་བ་པོ། ལྷུ་མཚོ། ལྷ་མཚོ། ཨ་ཕྲུག་གསུམ་ནས་སོ། །ཤུ་བྷཾ།། །།