སུ་ཁ་སིདྡྷིའི་ཞལ་གདམས་ཀྱི་སྐོར།

From Damngak Dzö
DNZ-12-NA-015-001
Wylie title su kha sid+d+hi'i zhal gdams kyi skor DNZ-12-NA-015.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 12, Text 15, Subtext 1, Pages 136-145 (Folios 1b1 to 6a3)
Author སངས་རྒྱས་གཉན་སྟོན་ཆོས་ཀྱི་ཤེས་རབ་
Citation Sangs rgyas gnyan ston chos kyi shes rab. Su kha sid+d+hi'i zhal gdams kyi skor. In Gdams ngag rin po che'i mdzod, Vol. 12: 136-145. Kalimpong: Rigpe Dorje Publications, 2024.
Side notes Recto: zhal gdams   Verso: shangs chos skor
More details More details
Source Author(s) སུ་ཁ་སིདྡྷི་ (Sukhasiddhi)
Genre Advice - zhal gdams  ·  Spiritual Instructions - gdams ngag
[edit]
༄༅། །སུ་ཁ་སིདྡྷིའི་ཞལ་གདམས་ཀྱི་སྐོར་དང༌། གཟེར་གསུམ་གདམས་པ་རྣམས་བཞུགས་སོ། ། ༄༅། །ན་མོ་གུ་རུ། གསང་ དབང་བཞིའི་ཞལ་གདམས། སྒྲུབ་ལྟེ་བ་སྤྲུལ་འཁོར་གྱི། །དབང་བཞིའི་ཞལ་གདམས་བྲི་བར་བྱ། །དེ་ལ་སེམས་བསྐྱེད་སྔོན་དུ་སོང་བས། རང་སྐད་ཅིག་གིས་བདེ་མཆོག་དཔའ་བོ་གཅིག་པ་རྡོ་རྗེ་དང་དྲིལ་བུ་བསྣམས་པ། རྣམ་པ་གཟུགས་སུ་གྲུབ་པ། རེག་པ་རྫས་སུ་མ་གྲུབ་པ། བདེ་བའི་ཉམས་དང་ལྡན་པ་གཅིག་བསྒོམ། དེའི་ལྟེ་བའི་ཨ་ལས་འོད་ཟེར་ཚངས་པའི་བུ་ག་ན་ཡར་སོང་བས། འོད་ཀྱི་རྩེ་ལ་ལྷའི་བུ་མོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། གཞོན་ནུ་ལང་ཚོ་དར་ལ་བབ་པ། སྐུ་ཤ་རྒྱས་ཤིང་ནུ་མ་འབུར་བ། སྐུ་གཞོན་ཞིང་སྒེག་པ། རིན་པོ་ཆེ་དང༌། ལྷའི་པཉྩ་ལི་ཀའི་གོས་སྣ་ཚོགས་ཀྱིས་བརྒྱན་ཞིང་མཛེས་པ། མདུན་དང་པདྨ་ཤིན་ཏུ་གསལ་ཞིང་ཆགས་པའི་མདངས་དང་ལྡན་པ། མཐོང་བའམ། ཐོས་པའམ། རེག་པ་ཙམ་གྱིས་བདེ་དྲོད་དཔག་ཏུ་མེད་པ་སྐྱེ་བར་བྱེད་པའི་རྗེ་བཙུན་མ་དེ་ལྟ་བུ་གཅིག་མདུན་དུ་བྱོན་པར་བསམ་མོ། །དེ་ནས་རང་བདེ་མཆོག་ཏུ་གསལ་བའི་ནོར་བུའི་རྩེ་ལ་ཧཱུྃ་མཐིང་ནག་གཅིག་བསམ། དེ་ལས་འོད་ཟེར་ལྔ་འཕྲོས། མདུན་གྱི་ལྷ་མའི་གསང་གནས་ན་ཡར་འཕྲོས་པས། དེ་བདེ་བས་བརྒྱལ་བ་དང༌། འོད་ཟེར་དེས་བདེ་བ་བཀུག་ནས་རང་གི་ནོར་བུའི་ནང་ན་ཡར་བདེ་ཕྲི་ལི་ལི། ཚ་ཆི་ལི་ལི་སོང་བ་དང་འོག་རླུང་དྲག་ཏུ་བསྐུམ་ནས། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། ཡང་ཧཱུྃ་ལས་འོད་འཕྲོས། པདྨ་ན་ཡར་སོང་བ་དང༌། བདེ་བ་ཐམས་ཅད་ཚུར་བསྡུས་ནས་ནོར་བུའི་ནང་ན་ཡར་སོང་བ་དང༌། བདེ་བ་དེ་ཉིད་གསལ་སིང་བ་གསལ་སྟོང་གཉིས་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེའོ། །ཡང་ཧཱུྃ་ལས་འོད་འཕྲོས་པདྨ་ན་ཡར་སོང་བ་དང༌། བདེ་བས་མྱོས་ནས་བདག་ལ་ཀྱུད་ཀྱིས་བྱུང་ནས། སྦྱོར་བ་བྱས་པ་དང༌། སྦྱོར་མཚམས་ནས་ཆགས་པའི་ཟིལ་པ་ཐིགས་ཙམ་ཐིགས་ཙམ་བྱུང་བས། བདེ་ཕྲིལ་ཕྲིལ་བ་ལ། ལུས་ཐམས་ཅད་བདེ་བས་ཁྱབ་པ་དང༌། འོག་རླུང་དྲག་ཏུ་འཐེན་ནོ། །དེ་ནས་ནོར་བུའི་བུ་གར་ཡུམ་གྱི་བདེ་བའི་རྩ་དང་བྱང་སེམས་དམར་པོ་རྣམས་ཚུད་པ་དང༌། འོག་རླུང་དྲག་ཏུ་བསྐུམ་བྱས་པ་དང་བྱང་སེམས་དམར་པོ་རྣམས་ནོར་བུའི་ནང་ན་ཡར་བདེ་ཕྲི་ལི་ལི། ཚ་ཆི་ལི་ལི། དམར་ན་ར་ར་བྱུང་གསང་གནས་དང་ལྟེ་བ་མན་ཆད་ཁེངས་པས་བདེ་བ་དྲག་པོ་སྐྱེས། ཡང་སྙིང་ག་དང་མགྲིན་པ་དང༌། སྤྱི་བོ་མན་ཆད་དམར་མེར་གྱིས་ཁེངས་པས་ལུས་ཐམས་ཅད་བདེ་བས་ཁེངས་པར་བསམ། དེ་ནས་རང་ཉིད་བདེ་ལ་དམར་བའི་བྱི་རུའི་མདོག་ལྟ་བུར་གྱུར་པའི་མདངས་དེས་ཡུམ་དབང་དུ་བསྡུས། ཡུམ་གྱི་མཁའ་ལ་དཀར་བ་གཅིག་སྤྲོས་པས་ཡུམ་ཀྱང་བདེ་བས་བརྒྱལ་ཏེ། དཀར་བ་ལ་དམར་བའི་མདངས་ཆགས་པར་བསྒོམ། དེ་ལྟར་ཡབ་ཡུམ་གཉིས་ཀ་བདེ་བས་བརྒྱལ་ཏེ། བདེ་སྟོང་གཉིས་སུ་མེད་པའི་ངང་ལ་གནས་པར་བྱའོ། །དེ་ལ་མས་བརྟན་གྱི་དགའ་བཞི་ཡང་བརྩི་བར་བྱའོ། །དེ་བཞིན་དུ་དྲི་ཟའི་བུ་མོ་དཀར་བ་ལ་ལྗང་ཁུའི་མདངས་ཆགས་པ་དང༌། བྲམ་ཟེ་ལྗང་ཁུ་ལ་དཀར་བའི་མདངས༴ གདོལ་པ་དམར་བ་ལ་དཀར༴ ཀླུ་སེར་བ་ལ་དཀར༴ མི་ཡིད་དུ་གང་འོང་བའོ། །དེ་ལྟར་དྲུག་ཀ་རིམ་གྱིས་བསྒོམ་པར་བྱའོ། །དབང་བཞི་བླ་མ་སུམ་ལྡན་འདི། །མཁའ་འགྲོ་བདེ་བའི་དངོས་གྲུབ་ཀྱིས། །སངས་རྒྱས་གཉན་སྟོན་རིན་ཆེན་ལ། །དངོས་སུ་གསུངས་ནས་བདག་ལ་གནང༌། །དཔའ་བོ་ཌཱ་ཀིའི་སྲོག་སྙིང་འདིས། །ལོ་ཟླ་ཙམ་གྱིས་མངོན་འཚང་རྒྱ། ། ཨྠིྀ། ༈ །ངོ་སྤྲོད་ཀྱི་ཞལ་གདམས་ནི། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །མཁའ་འགྲོ་དང་རང་སེམས་གཉིས་མེད་དུ་རང་སེམས་ཕྱག་རྒྱ་ཆེན་པོ་ངོ་སྤྲད་པ་ནི། ལུས་ཀྱི་འཁྲུལ་འཁོར་ ནི་རྐང་པ་ཅུང་ཟད་བསྣོལ། ལག་པ་གཡོན་པ་སྡིགས་མཛུབ་བྱས་པ་ལ་ཐུགས་ཀར་བཟུང༌། གཡས་པའི་མཐེབ་ཆེན་དང༌། མཐེའུ་ཆུང་གཉིས་བཅངས་པ་སོར་མོ་གསུམ་གདངས་ཚུལ་དུ་བྱས་པ། ལྡན་པ་ཡི། །ནམ་མཁའ་རིག་མེད་སྟོང་པ་ལ། །རིག་བཅས་ དམིགས་ སེམས་ཀྱི་རྩ་བ་གཅུན། །མིག་ཧུར་རེ་བལྟ། རྩ་བ་གཅུན་དང་ལྷུག་པར་བཞག །མི་ཕོད་པ་བརྫིས། འཁྲི་བ་བཅད། ཞེན་པ་བཟློག །སྣང་བ་བསྒྱུར་བར་བྱ། སྤྱོད་པ་སྐྱུངས། འཚངས་ཡུལ་ནས་འདོན། རྐྱེན་དངོས་གྲུབ་ཏུ་ཤེས་པར་བྱ། སྡུག་བསྔལ་ཆོས་ཉིད་དུ་ཤེས་པར་བྱ། འདོད་པ་དབང་དུ་བསྡུ་བར་བྱ། མི་འདོད་པ་གཞིལ་བར་བྱ། ཚོགས་དྲུག་ལྷུག་པར་བཞག །དེས་འཁོར་འདས་ཐམས་ཅད་རང་གྲོལ་དུ་འགྲོ་གསུང་ངོ༌། །རིག་པ་ཁྲོལ་དབྱུང༌། སྙན་བརྒྱུད་མི་ལ་མ་སྤེལ་ཅིག །དེ་ལྟར་ཉམས་སུ་བླངས་པས་རྟེན་འབྲེལ་མངོན་དུ་ཇི་ལྟ་བ་བཞིན་འཆར་ཏེ་ཚེ་འདི་ཉིད་དུ་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་ནས་ནུས་པ་དང་ཡོན་ཏན་ཕྲིན་ལས་ལྷུན་གྱིས་གྲུབ་པ་རྒྱུན་ཆད་མེད་པས༑ འཁོར་བའི་རྒྱ་མཚོ་མ་སྟོངས་བར་སེམས་ཅན་སྨིན་ཅིང་གྲོལ་བར་བྱེད་དོ། །དེ་ལ་མཁའ་འགྲོ་གནད་ལ་དབབ་པའི་གདམས་པ་ནི། དབང་པོ་ལ་ཁྲོག་དབྱུང༌། རིག་པ་ལ་གསལ་གདབ། བཞིན་གྱི་ངར་བླུད། རྩ་བ་ སྐྱེ་བ་མེད་པར། དྲན་པས་བཟུང༌། མཁའ་འགྲོ་རང་སེམས་ སེམས་སྐྱེ་མེད་ཕྱག་རྒྱ་ཆེན་པོར་ཤེས་པ། སུ་ངོ་སྤྲད། དེས་སྣང་བ་ དང་མཁའ་འགྲོ་ཐམས་ཅད། དབང་དུ་འདུའོ། །གསང་སྒྲུབ་ཀྱི་ཞལ་གདམས་རྫོགས་སོ། ། ཨྠིྀ། ༈ །སྒྲུབ་པའི་ཞལ་གདམས་ནི༑ བླ་མ་དམ་པའི་ཞབས་ལ་གུས་བཏུད་ནས། །གསང་སྒྲུབ་ཞལ་གདམས་བྲི་བར་བྱ། །དེ་ལ་བདག་བསྐྱེད་སྔོན་དུ་སོང་བས། རང་སྐད་ཅིག་གིས་རྗེ་བཙུན་མར་བསྐྱེད་པའི་རྩ་དབུ་མ་གསལ་གདབ། དེའི་ལྟེ་བར་པདྨ་འདབ་བཞི་ལ། མདུན་སྔོ་སྐྱ། གཡས་དམར། རྒྱབ་དཀར། གཡོན་སེར་པོ་བསམ། དབུས་ཀྱི་ལྟེ་བ་དཀར་པོ་ལ་ཨ་དཀར་པོ་བསམ། དེ་ནས་མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསམ། དེའི་མདུན་དུ་ཧཱུྃ་ལས་དགྱེས་མཛད་དང་བི་པ་ཐ་དད་མེད་པར་བསྒོམ། དེའི་གཡོན་དུ་ཧྃ་ལས་བདག་མེད་མ་དང་སུ་ཁ་སིདྡྷི་ཐ་དད་མེད་པར་བསྒོམ། རང་གི་སྤྱི་བོར་དམ་པ་ཕྱག་ན་སྦའི་གླིང་བུ་རྩ་དབུ་མ་ལ་རེག་གེ་བ་བསྣམས་པ། དམ་པའི་མདུན་དུ་བླ་མ་བཞུགས་པར་བསམས་ནས། རྗེ་བཙུན་བི་པ་ཧཱུྃ། སུ་ཁ་མ་སིདྡྷི་ཧཾ། ཞེས་གསོལ་བ་ལན་གསུམ་བཏབ་པས། སངས་རྒྱས་དང་བྱང་སེམས་ཐམས་ཅད་དང༌། ཁྱད་པར་བི་པ་ཧཱུྃ། སུ་ཁ་མ་སིདྡྷི་ཧཱུྃ། དམ་པ་གསུམ་གྱི་ཐུགས་ཀ་ནས་ༀ་ཨཱཿ ཧཱུྃ་མུ་ཏིག་དར་ལ་བརྒྱུས་པ་བཞིན་དུ་དམ་པའི་སྦའི་གླིང་བུའི་ནང་ན་མར་སོང༌། རྩ་དབུ་མ་བརྒྱུད་ནས་ཡི་གེ་བཞི་ལ་སིབ་སིབ་ཐིམ་པས། ཉམས་ཆགས་ནུས་པ་སྨད་པར་བསྒོམས་ནས། བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ། །ཞེས་གྲུབ་ཚད་བྱས་པས། བདག་མཁའ་འགྲོའི་དབང་དུ་མི་འགྲོ་ཞིང༌། མཁའ་འགྲོ་བདག་གི་དབང་དུ་འདུ་བའི་གནད་ཡིན་ནོ། །དེ་ནས་བཟླས་པ་ནི། ཨ་དཀར་པོ་ལས་འོད་འཕྲོས། ངོ་བོ་ལྷ་མོ་རྣམ་པ་ཡི་གེ་གསང་གནས་སུ་ཐིམ་པས། ཉམས་ཆགས་ནུས་པ་སྨད་ནས་བདེ་ཕྲིལ་ཕྲིལ། འོད་དུ་ལྟེམ་ལྟེམ་འདུག་པར་བསམས་ནས། ཡི་གེ་བཞི་པོ་གང་བས་ཐོས་ཙམ་དུ་བཟླས་པས། ཡི་གེ་མི་འཁོར་བར་པདྨ་གཡས་བསྐོར་དུ་སྒོ་རོ་རོ་འཁོར་བར་བསམས་ལ། ལུས་མི་གནས་སྒུལ་བསྐྱོད། ངག་མི་གནས་བཟླས་པ། ཡིད་མི་གནས་ཆོས་ཉིད་ལ་གནས་པར་བྱའོ། །དེ་ནས་རྨི་ལམ་འཛིན་ཅིང་སྦྱོང་བར་འདོད་ན་ཨཱཿ ལས་འོད་ཟེར་སྤྲོ་བ། པདྨ་འཁོར་བ་རྣམས་ལས་སྒྱུ་མ་ཡིན། རྨི་ལམ་ཡིན་སྙམ་པ་ཡིད་ལ་སེམས་ཤིང་ངག་ཏུའང་བརྗོད་ལ། སྤྱོད་ལམ་ཐམས་ཅད་དུ་སྒྱུ་མ་རྨི་ལམ་གྱི་དྲན་འདུན་བྱའོ། །དབང་དུ་སྡུད་ན་བསྒྲུབ་བྱ་ཐམས་ཅད་ཨའི་འོད་ཟེར་གྱིས་བཀུག་ནས་ཡི་གེ་དང་པདྨ་ལ་བསྟིམས་ནས་འདུན་པ་དང་ཆགས་པ་དྲག་ཏུ་བཏང་ངོ༌། །བདེ་བ་འདོད་ན་འོག་རླུང་བསྐུམ་པདྨ་བདེ་བའི་རང་བཞིན་འཁོར་བས། རང་གི་ཤ་ལ་རེག་གེ་བྱུང་ནས་བདེ་བ་ཁྱད་པར་ཅན་སྐྱེས་པར་བསམ། དྲོད་འདོད་ན་ཨ་ལས་འོད་ཟེར་ཚ་བའི་རང་བཞིན་འཕྲོས། ཡི་གེ་བཞི་དང་པདྨ་ལས་འོད་དམར་པོ་ཚ་བའི་རང་བཞིན་འཕྲོས་པས། ཁོང་པ་ཐམས་ཅད་ཁེངས་ཏེ་ཚ་བས་ཚིག་ནས་བརྒྱལ་བ་ཙམ་དུ་བསམས་ནས། པདྨ་མྱུར་དུ་འཁོར་བ་ལ་ཤེས་པ་མ་ཡེངས་པར་གཏད་པས་ལུས་མེའི་གོང་བུར་འགྱུར་རོ། །ལྷ་སྐུ་རང་ཤར་དང་ཡུལ་སྣང་གཏན་ལ་ཕེབས་པ་དང༌། འོད་གསལ་ལ་སོགས་པའི་གསལ་སྣང་དང༌། མཐོང་སྣང་མྱུར་དུ་འོང་བར་འདོད་ན། ལྟེ་བའི་ཨ་དང་ཡི་གེ་བཞི་འོད་ཀྱི་རང་བཞིན་དུ་བསམས་པས། ཉིན་མཚན་ཀུན་ཏུ་མ་ཡེངས་པར་བྱ། ཁྱད་པར་དུ་ཨའི་འོད་ཀྱིས་སྤྱིར་ཁོང་པའི་ནང་དང༌། ཁྱད་པར་དུ་ལྟེ་བའི་ནང་ཐམས་ཅད་འོད་ཀྱིས་ཁེངས་ཤིང་། འོད་ཀྱིས་ནང་ན་ཨ་གསལ་བ་དེ་ལས་མ་ཡེངས་པར་བྱ། དེ་དམིགས་པ་གཙོ་བས་གཉིད་དང་འགྲོ་འཆག་སོགས་ཀྱི་དུས་སུ། དམིགས་པ་བརྟན་པར་བྱ་བ་གལ་ཆེ་གསུང༌། བཟླས་པ་དང་དམིགས་པ་དེ་རྣམས་ལ་སྐྱོ་ན་བདེ་བས་བསྡུ་བར་བྱ་སྟེ། ཨ་ལས་འོད་འཕྲོས་ནམ་མཁའ་ཐམས་ཅད་ཁེངས། ལྷའི་བུ་མའི་གསང་གནས་ནས་བྱང་སེམས་དམར་པའི་རྣམ་པར་བཀུག་ནས། ཡི་གེ་བཞི་ལ་ཐིམ་པ་དང་བདེ་ཕྲིལ་ཕྲིལ་བྱུང་བར་བསམ། དེ་བཞིན་དུ་གཞན་ལྔ་ལ་ཡང་བྱའོ། །གང་དབང་དུ་བྱ་བ་དེ་མང་པོ་དཔག་ཏུ་མེད་པར་སྤྲུལ་ནས་རྗེ་བཙུན་མ་ལ་འབུལ་བ་དེ་ཟབ་པར་འདུག་པས་ཉམས་མྱོང་གིས་གྲུབ་པ་ཡིན་གསུངས་སོ། །གསང་སྒྲུབ་ཀྱི་ཞལ་གདམས་ལ་ལྷག་མ་གཅིག་ཀྱང་བཞག་རེ་ཀན། མཆོག་ཐུན་མོང་གི་དངོས་གྲུབ་ལོ་ཟླ་ཙམ་གྱིས་འབྱུང་བའི་གནད་ཀྱི་མན་ངག་སུ་ཁ་སིདྡྷི་ནས་བརྒྱུད་པའོ།། ༈ །།བླ་མ་དམ་པའི་ཞབས་བཏུད་ནས། །ལྟེ་བ་སྤྲུལ་འཁོར་བྲི་བར་བྱ། །རང་སྐད་ཅིག་གིས་རྗེ་བཙུན་མར་བསྐྱེད་པའི་ལྟེ་བར། ཨེ་ལས་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བ་གཅིག་བསམ། དེའི་ནང་དུ་པདྨ་དམར་པོ་འདབ་མ་བཞི་པ་གཅིག་གི་ལྟེ་བ་ལས། མདུན་དུ་ཧ། གཡས་སུ་རི། རྒྱབ་ཏུ་ནི། གཡོན་དུ་ས་སྭཱ་ཧཱ། དེ་ལྟར་ཡི་གེ་འབྲུ་བདུན་པོ་དེ་ལས་འོད་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབང་གི་ནུས་པ་དང་ཕྲིན་ལས་ཐམས་ཅད་མ་ལུས་པར་བསྡུས་ནས་ཡི་གེ་པདྨ་ཆོས་འབྱུང་དང་བཅས་པ་ལ་བསྟིམ་མོ། །དེས་ཡིག་འབྲུ་རྣམས་དམར་ཞིང་དབང་གི་ནུས་པ་ཕུན་སུམ་ཚོགས་པར་བསམ། དེ་ལྟར་ནུས་པ་དང་ཕྲིན་ལས་ཐམས་ཅད་ཀྱི་བཀྲག་གཟི་བརྗིད་དང་ལྡན་པའི་ཡི་གེ་དེ་རྣམས་ལས་འོད་འཕྲོས། སྲིད་པ་གསུམ་པོ་ཐམས་ཅད་འདོད་པའི་ཡོན་ཏན་ལྔས་ཁེངས་པར་བསམ། དེ་དག་ཐམས་ཅད་འོད་དམར་པོར་གྱུར། སྐྱེ་འགྲོ་སེམས་ཅན་དུ་གྱུར་པ་ཐམས་ཅད་ཀྱི་འདོད་ཡོན་ཐམས་ཅད་ཚུར་བསྡུས་པ་དང༌། སྲིད་གསུམ་བཀྲག་ཉམས་པར་བསམ། དེ་ལྟར་འདོད་ཡོན་ཐམས་ཅད་ཆོས་འབྱུང་དུ་བསྡུས་པ་དང༌། ཡི་གེ་པདྨ་རྣམས་བཀྲག་གི་རང་བཞིན་དུ་གྱུར། ཡང་ཡིག་འབྲུ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས། བསྒྲུབ་བྱ་གང་ཡིན་པ་དེ་རང་དབང་མེད་པར་བྱུང་ནས་པདྨའི་སྟེང་དུ་བསྟིམ། དེ་ནས་ཡི་གེའི་སྟེང་དུ་བླ་མ་སྐུ་མདོག་དམར་པོ་གཅིག་བསམས་ལ། ཆོས་འབྱུང་ཁ་བསྡུས་པ་དང་བླ་མ་ལས་འོད་དམར་པོ་བྱུང་ནས་བསྒྲུབ་བྱ་དེ་ལ་ཕོག་པ་དང༌། ལུས་དམར་ལྟེམ་སྟེ་སོང་ནས། ལུས་ངག་ཡིད་གསུམ་གཅེར་བུར་བསམས་ཏེ། དེ་ཡང་ལུས་གཅེར་བུ་གོས་མེད་པར་ཕྱག་བྱེད་པ། ངག་གཅེར་བུ་ངག་གུས་པ། ཡིད་གཅེར་བུ་དད་པ་གུས་པ་གདུང་ཤུགས་ཆེན་པོ་དུང་དུང་འབྲལ་མི་ཕོད་པར་བསམས་ལ། པདྨ་མྱུར་དུ་འཁོར་བ། ཡི་གེ་མི་འཁོར་བར་འོད་འཕྲོ་བར་བསམས་ལ། ལུས་མི་གནས་སྒུལ་བསྐྱོད། ངག་མི་གནས་བཟླས་པ། ཡིད་མི་གནས་ཕོ་ལ་བྱམས་པ། མོ་ལ་ཆགས་པ། ནོར་ལ་འདུན་པ་དྲག་པོའོ། །བསྒྲུབ་བྱ་ཡང་ཡང་བསྟིམ་པ་དང༌། བླ་མ་ལ་མོས་གུས་ཞུང་ཞུང་བྱེད་པར་བསམ། བླ་མ་ཤངས་པའི་གསང་སྒྲུབ་ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་བརྟེན་ནས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་མི་འབྱུང་མི་སྲིད་པའི་ཞལ་གདམས་སོ།། ༈ །།ཉེར་སྒྲུབ་ཀྱི་སྐབས་སུ་རང་རྗེ་བཙུན་མར་བསྒོམས་ལ། གྲུབ་ན་བཟླས་པ་གཞུང་བཞིན་བྱ། མ་གྲུབ་ན་རང་རྗེ་བཙུན་མར་བསྐྱེད་པའི་མདུན་དུ་བསྒྲུབ་བྱ་ཡོད་ན་རབ། མེད་ན་གསལ་བར་བསམ་པའམ། ཡང་ན་ཨའི་འོད་ཀྱིས་བཀུག་ལ་དེའི་ཆོས་འབྱུང་ནང་དུ་པདྨ་འདབ་བཞི་ཡི་གེ་དང་བཅས་པ། ཇི་ལྟར་བསྒོམས་པ་བཞིན་དུ་བསམས་ནས། ལུས་མི་གནས་སྒུལ་བསྐྱོད། ངག་མི་གནས་བཟླས་པ། ཡིད་མི་གནས་ཆོས་ཉིད་ལ་བཞག་ནས། ངག་ཏུ་ཧ་རི་ནི་ས་དགའ་ཞེས་བརྗོད་པ་དང༌། ཆོས་འབྱུང་གི་པདྨ་དབང་མེད་དུ་མྱུར་དུ་འཁོར་བས། དེའི་འོད་ཀྱིས་རྩ་བོ་ཆེ་དང་རྩ་ཕྲན་ཐམས་ཅད་དྲལ་ཏེ། ཡུལ་དེ་བདེ་བས་བརྒྱལ་བ་དང༌། གསང་གནས་ན་མར་ལ་བྱང་སེམས་ཐེམ་བུ་བཏང་བ་བཞིན་དམར་ན་ར་ར་བྱུང་སྟེ། རང་གི་མཐེ་བོང་གཡས་པའི་འོག་ཏུ་ཧྲིལ་ཧྲིལ་བྱུང་བ་དང༌། རང་ཉིད་དམར་ལྡེམ་གྱིས་སོང་བར་བསམ། དེའི་མདངས་ཀྱིས་ཡུལ་དེ་ཁ་དོག་དམར་ཞིང་ཡིད་མྱོས་པ་དང༌། དད་གུས་བྱེད་པར་བསྒོམ། ༀ་ཧ་རི་ནི་ས་ལྷའི་བུ་མོའི་ལྟེ་བའི་འོག་ནས་བདེ་བ་ཁུག་ཅེས་བྱའོ། །བདེ་བ་དེ་རང་ལ་བསྡུའོ། །ཨྠིྀ།