ཤངས་པའི་གསེར་ཆོས་ཁྲིད་ཆེན་རྣམ་ལྔ་ལས། མེ་ཏོག་མཁའ་སྤྱོད་དཀར་དམར་གྱི་ཉམས་ལེན་དབུ་མའི་མདུད་འགྲོལ།

From Damngak Dzö
DNZ-12-NA-003
Wylie title shangs pa'i gser chos khrid chen rnam lnga las/ me tog mkha' spyod dkar dmar gyi nyams len dbu ma'i mdud 'grol DNZ-12-NA-003.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 12, Text 3, Pages 29-51 (Folios 1a1 to 12a3)
Author འཇམ་མགོན་ཀོང་སྤྲུལ་
Citation 'jam mgon kong sprul. Shangs pa'i gser chos khrid chen rnam lnga las me tog mkha' spyod dkar dmar gyi nyams len dbu ma'i mdud 'grol. In Gdams ngag rin po che'i mdzod, Vol. 12: 29-51. Kalimpong: Rigpe Dorje Publications, 2024. DNZ-Shechen-12-NA-008.pdf
Shechen Publications, 1999
Side notes Recto: mkha' spyod dkar dmar   Verso: shangs chos skor
More details More details
Genre Activity Manual - las byang  ·  Practical Instructions - lag len - len thabs
Deity Mkha' spyod dkar mo, Mkha' spyod dmar mo
Colophon

།ཅེས་པའང་ཟབ་ཆོས་འདི་ལ་མི་ཕྱེད་པའི་འདུན་པ་ཅན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ལ་རྫོགས་པར་སྦྱར་བ་དགེ་ལེགས་འཕེལ།།

ces pa'ang zab chos 'di la mi phyed pa'i 'dun pa can karma ngag dbang yon tan rgya mtshos dpal spungs yang khrod de bI ko Ti tsA 'dra rin chen brag gi sgrub gnas su dmar phyogs mkha' 'gro 'du ba'i dus chen la rdzogs par sbyar ba dge legs 'phel//

[edit]
༄༅། །ཤངས་པའི་གསེར་ཆོས་ཁྲིད་ཆེན་རྣམ་ལྔ་ལས། མེ་ཏོག་མཁའ་སྤྱོད་དཀར་དམར་གྱི་ཉམས་ལེན་དབུ་མའི་མདུད་འགྲོལ་ཅེས་བྱ་བ་བཞུགས་སོ། །

༄༅། །ན་མོ་གུ་རུ་བཛྲ་བཱ་ར་ཧཱི་ཡཻ། རྒྱལ་བ་མ་ལུས་འབྱུང་བའི་ཆོས་ཀྱི་དབྱིངས། །བདེ་ཆེན་འོད་འབར་ཕྱོགས་ཀྱི་ན་བཟའ་འཆང༌། །ཟླ་བ་ཉིན་བྱེད་མདངས་ཅན་དེར་བཏུད་ནས། །ཟབ་མའི་རྣལ་འབྱོར་གྲུབ་པའི་ལུང་བཞིན་འཆད། །མཁས་གྲུབ་ཀྱི་རྒྱལ་པོ་ཁྱུང་པོ་རྣལ་འབྱོར་ཞབས་ཀྱིས་ཡེ་ཤེས་ཀྱི་ཌཱ་ཀི་ནི་གུ་མ་ལས་མཁའ་སྤྱོད་གཉིས་ཀ་དང༌། གྲུབ་ཐོབ་ནག་པོ་རཱ་ཧུ་ལ་ལས་དམར་མོ། དཔལ་ལྡན་ཨ་ཏི་ཤ་ལས་དཀར་མའི་སྨིན་གྲོལ་གདམས་སྐོར་རྫོགས་པར་གསན་པས་ལུགས་སྲོལ་དེ་དག་གི་བྱིན་རླབས་ཆུ་བོ་གཅིག་འདྲེས་སུ་གྱུར་པའི་ཉམས་ལེན་གྱི་རྩ་བ་མཁའ་སྤྱོད་དཀར་མོའི་བསྐྱེད་བཟླས་ཀྱི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས། སྐྱབས་སེམས་ཁྱད་པར་བ་ཆོས་དྲུག་ལྟར་ཚིག་མཐའ་བསྒྱུར་བའམ། ཡང་ན་སྤྱི་མཐུན་སངས་རྒྱས་ཆོས་ཚོགས་ལན་གསུམ་དང་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། ༀ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་བ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་འཁོར་ལོ་བདེ་མཆོག་ཏུ་གསལ་བའི་མདུན་གྱི་ནམ་མཁར་ཆོས་འབྱུང་གྲུ་གསུམ་དཀར་པོ་འོད་ཟེར་འཕྲོ་བ། བདེ་བར་རྒྱུ་ཞིང་བདེ་བར་འཆར་བ། དེའི་དབུས་སུ་ཧྲཱིཿ ཡིག་དཀར་པོ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་སྟོན་ཟླ་ལྟར་དཀར་བ་ལ་ཡིད་ཙམ་དམར་བའི་མདངས་ཀྱིས་མཛེས་པ༑ སྒེག་ཅིང་ལང་ཚོ་ལ་བབ་པ་འཛུམ་ཁྲོ་ཆགས་པའི་ཉམས་ཅན་མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ། དབུ་སྐྲ་ནག་པོ་སིལ་བུར་གྲོལ་བས་སྐུ་སྟོད་ཁྱབ་པ། དམར་ལ་བཀྲ་བའི་སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་འཕྲུལ་བས་གཟིགས་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། ཕྱག་གཡས་གྲི་གུག་འཕྱར་སྟབས་དང་གཡོན་ཐོད་པ་ཁྲག་གང་ཕྱིར་བསྟན་དུ་འཛིན་པ། ཞབས་གཉིས་རྒྱབ་ངོས་ནས་ཕྲག་པར་བཀལ་བས་ཆུ་སྐྱེས་ཟེའུ་འབྲུ་ལྷག་གེར་བཞད་པ། རྐེད་སྐབས་ཕྲ་ཞིང་བརླ་དང་སྐྱེ་གནས་ནུ་འབུར་མཐོ་ལ་བདེ་བ་རྒྱས་པའི་སྐུ་ཕྱག་རྒྱ་ལྔས་བརྒྱན་པ། མེ་རི་དཀར་པོ་རྩེ་མོ་གསུམ་པའི་དབུས་ན་བཞུགས་པའི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པའོ། །རང་གི་སྙིང་ཁ་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ༀ་བཛྲ་པུཥྤེ་ནས། ཤབྡ་ཨཱཿ ཧཱུྃ་གི་བར་གྱིས་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་མོས་གུས་ཤུགས་ཀྱིས་གསོལ་བ་བཏབ་པས། རྗེ་བཙུན་མའི་གནས་གསུམ་གྱི་ༀ་ཨཱཿ ཧཱུྃ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་འོད་ཟེར་དཀར་དམར་མཐིང་གསུམ་སྤྱན་དྲངས་ཡིག་འབྲུ་གསུམ་ལ་ཐིམ། འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་གཅིག་ལ་གཅིག་འཁྲིལ་བའི་ཚུལ་དུ་བྱོན། དབུ་མའི་ལམ་བརྒྱུད་བྷ་ག་ནས་ཐོན། རང་གི་གནས་གསུམ་དུ་ཐིམ། སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་དག །རང་གི་ལུས་ངག་ཡིད་གསུམ་རྡོ་རྗེ་རྣལ་འབྱོར་མའི་སྐུ་གསུང་ཐུགས་ཀྱི་ངོ་བོ། དེ་ལྟར་ན་འཁོར་ལོ་སྡོམ་པ་དང་རྡོ་རྗེ་རྣལ་འབྱོར་མ་སོ་སོར་སྣང་ཡང་ཐབས་ཤེས་དབྱེར་མེད་ངོ་བོ་གཅིག་ཏུ་གྱུར། ཏིང་ངེ་འཛིན་དེ་ལ་ཡིད་རྩེ་གཅིག་ཏུ་གཏད་ཅིང་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པའི་ངང་ནས། ༀ་ༀ་ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡཻ་བཛྲ་ཝརྞ་ནཱི་ཡཻ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་འབུམ་ཕྲག་སུམ་ཅུ་རྩ་གཉིས་ལ་སོགས་པ་ཅི་ནུས་བཟླའོ། །ཐུན་འཇོག་པ་ན་གོང་བཞིན་མཆོད་བསྟོད་བྱས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་དག་པ་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་པར་མཛད་དུ་གསོལ། ཞེས་གསོལ་བ་ལན་གསུམ་བཏབ་ལ་འོག་ནས་འབྱུང་བའི་འཕོ་བའི་དམིགས་པ་བསྒོམ་པའམ། དཀྱུས་ཙམ་ལ། རྗེ་བཙུན་མ་འོད་དུ་ཞུ་ནས་རང་གི་སྤྱི་བོར་ཐིམ་པས་ལུས་ཀྱི་ནང་བདུད་རྩིས་བདེ་ཆིལ་གྱིས་གང༌། སྐུ་གསུང་ཐུགས་རྡོ་རྗེས་བྱིན་གྱིས་བརླབས་པར་གྱུར་པར་མོས་ལ་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་བཞག །དེ་ལས་ལྡང་བ་ན་དགེ་བ་བྱང་ཆུབ་ཏུ་བསྔོ། ཐུན་མཚམས་རྣམས་སུ་སྣང་བ་ལྷ་སྐུ་སྒྱུ་མ་ལྟ་བུའི་རྣམ་པར་ལམ་དུ་ཁྱེར། ཟས་སྐོམ་ཡེ་ཤེས་ཀྱི་བདུད་རྩིར་ཤེས་པས་ལོངས་སྤྱོད། འདོད་ཡོན་ཐམས་ཅད་ལྷ་སྐུ་བདེ་བ་ཆེན་པོར་རང་སྣང་ངོ༌། །སྐབས་སུ་གཏོར་མ་འབུལ་བར་སྤྲོ་ན་འོག་ནས་འབྱུང་བ་ལྟར་རོ། །འདི་ལ་ལུས་བྱིན་གྱིས་བརླབ་པ་ཞེས་བྱ་བ་རྫོགས་རིམ་དང་འབྲེལ་བའི་རྗེས་གཞིག་ཟབ་མོ་ནི། རྗེ་བཙུན་མ་སྤྱི་བོར་བསྒོམས་པའི་གསང་གནས་པདྨ་ནས་བྱང་ཆུབ་ཀྱི་སེམས་དམར་པོའི་ཚུལ་དུ་འཕྲོས་ཏེ་བྱུང༌། རང་གི་ཚངས་བུག་ནས་ཞུགས། ལུས་གང་བས་འོད་ཀྱི་རང་བཞིན་དམར་ལྟེམ་ལྟེམ་དུ་སོང་བས་རྒྱུད་ལ་བདེ་བ་ཁྱད་པར་ཅན་སིང་སིང་བ་སྐྱེས། དེ་ཡང་མེ་ལོང་གི་རླངས་པ་བཞིན་མཐའ་ནས་འོད་དུ་ཡལ། སྙིང་ཁའི་བར་དུ་བསྡུས། མཐར་སྟོང་པ་ཉིད་ཀྱི་ངང་ལ་ལྷོད་དེ་ཀློད། རིག་པ་དྭང་སིང་ངེར་འཇོག །སླར་བདེ་མཆོག་གམ་རྗེ་བཙུན་མའི་སྐུར་ལྡངས། ཡང་གསང་བ་བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི། རང་གི་ནོར་བུའི་རྩེ་མོར་མཁའ་སྤྱོད་མ་དཀར་མོ་གསལ་བཏབ། འོད་དུ་དམར་ལྟེམ་གྱིས་ཞུ། རྡོ་རྗེའི་ལམ་བརྒྱུད་ལུས་ཀྱི་ནང་མེར་གྱིས་གང༌། ཉོན་མོངས་པ་འདོད་ཆགས་སངས་ཀྱིས་དག །ལུས་འོད་ཀྱི་རང་བཞིན་དམར་ལྟེམ་ལྟེམ་དུ་འཇུག་པ་སོགས་གོང་བཞིན་བསྒོམ། འདོད་ཆགས་ལ་ལྷག་པར་བསྔགས་སོ། །ཡང་འདི་ལ་བརྟེན་ནས་དམ་ཚིག་ཉམས་ཆག་གསོ་བའི་ཐབས་ནི། མཆོད་པ་ཅི་འབྱོར་པ་བཤམ། བྱང་ཆུབ་ཏུ་སེམས་བསྐྱེད། རང་གི་མདུན་དུ་པདྨ་དང་ཟླ་བའི་གདན་ལ་རྩ་བའི་བླ་མ་སྐུ་བཀྲག་མདངས་ཞལ་འཛུམ་བག་དང་ལྡན་པ་འོད་ལམ་མེར་བཞུགས་པར་མོས། དངོས་བཤམ་དང་ཡིད་སྤྲུལ་གྱི་མཆོད་པ་རྒྱ་ཆེར་སྤེལ་ཏེ་ཏིང་ངེ་འཛིན་ཁོ་ནའི་སྟོབས་ཀྱིས་སམ་ཚིགས་བཅད་གང་ཡང་རུང་བས་མཆོད། དད་གུས་དྲག་ཏུ་བསྒོམ་ལ་གསོལ་བ་དྲག་པོར་བཏབ། མདོར་བསྡུས་སྤྱི་ཙམ་དུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་ཕྱི་མེ་ཏོག་བདུག་སྤོས། ནང་ཤ་ལྔ་བདུད་རྩི་ལྔ། གསང་བ་བདེ་སྟོང་གི་ཡེ་ཤེས། ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་དམ་པ་རྣམས་འབུལ་ལོ། །བཞེས་ནས་བདག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་བ་དང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྟན་ཐོག་འདི་ཉིད་དུ་སྩོལ་བར་མཛད་དུ་གསོལ། ཞེས་དང༌། སྤྱི་བཤགས་བླ་མ་རྡོར་འཛིན་མ་ལྟ་བུའམ། ཁྱད་པར་རང་གི་རྩ་བའི་བླ་མ་ལ་མ་གུས་པ་ལ་སོགས་པའི་དམ་ཚིག་ཉམས་ཆགས་ཡིད་ལ་དྲན་པ་དེ་དག་མིང་ནས་སྨོས་ལ་བཤགས། དེ་ནས། བླ་མའི་སྨིན་མཚམས་སུ་མཁའ་སྤྱོད་མ་དཀར་མོ། དེའི་གསང་གནས་ནས་འོད་ཟེར་དཀར་པོ་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕོག །སྐུ་མཉེས་པའི་མཆོད་པ་ཕུལ་བས་དེ་དག་གི་སྨིན་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩི་དཀར་པོ་བྱུང༌། བླ་མའི་སྤྱི་བོར་ཞུགས་པས་སྐུ་ལ་ཟག་མེད་ཀྱི་བདེ་བ་སྐྱེས། སླར་མཁའ་སྤྱོད་མའི་གསང་བ་ནས་འོད་ཟེར་དཀར་ནར་གྱིས་བྱུང༌། རང་གི་སྨིན་མཚམས་སུ་ཞུགས། བླ་མའི་སྐུ་ལ་དམ་ཚིག་ཆགས་ཉམས་སུ་གྱུར་པ་ལ་སོགས་པའི་སྡིག་སྒྲིབ་ཐམས་ཅད་སང་གིས་དག་པར་གྱུར། ༀ་གསུམ་མ་བརྒྱ་རྩ་བརྒྱད་བཟླ། མཐར་མཁའ་སྤྱོད་མ་རྒྱངས་ཀྱིས་བྱོན་ནས་རང་གི་སྨིན་ཕྲག་ཏུ་ཐིམ་པར་མོས། དེས་འགྲེས་ཏེ། བླ་མའི་མགྲིན་པར་མཁའ་སྤྱོད་མ་དམར་མོ། འོད་ཟེར་དམར་པོ༑ གསུང་མཉེས། མགྲིན་པ་ནས་བདུད་རྩི་དམར་པོ། བླ་མའི་མགྲིན་པར་ཞུགས། འོད་ཟེར་དམར་པོ་རང་གི་མགྲིན་པར། གསུང་ལ་དམ་ཚིག་ཆགས་ཉམས། ༀ་གསུམ་མ་བརྒྱ་རྩ། མཁའ་སྤྱོད་མ་མགྲིན་པར་ཐིམ། དེ་བཞིན་དུ། བླ་མའི་ཐུགས་ཀར་མཁའ་སྤྱོད་མ་སྔོན་མོ་དང་འོད་ཟེར་སྔོན་པོ་ༀ་གསུམ་མ་བརྒྱ་རྩ། མཐར་རང་གི་སྙིང་ཁར་ཐིམ། ལྷ་སྐུ་ཕྱག་རྒྱ་ཆེན་པོའི་ངང་དུ་སིང་གིས་བཞག་ལ་ཡུན་རིང་དུ་བསྐྱང༌། མཐར་དགེ་བ་བྱང་ཆུབ་ཏུ་བསྔོ། བསྙེན་པ་ཚད་ལྡན་གྲུབ་པའི་རྣལ་འབྱོར་པས་མཁའ་སྤྱོད་ཀྱི་རིལ་བུ་བསྒྲུབ་པ་སོགས་རྩ་བའི་གཞུང་ལས་རྟོགས་པར་བྱའོ། །ཡན་ལག་གི་རྣལ་འབྱོར་མྱུར་ལམ་འཕོ་བའི་གདམས་པ་རིང་བརྒྱུད་ཐུན་མོང་བ་ནི་ཡིག་རྙིང་ལྟར་ལ། འདིར་ཉེ་བརྒྱུད་ཐུན་མོངས་མ་ཡིན་པ་ལྟར་ན། གོང་གི་བསྒོམ་བཟླས་གསོལ་འདེབས་བཅས་གྲུབ་མ་ཐག་པར་རམ། འདི་ཉིད་སྒེར་དུ་བྱེད་ན་སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཐ་མལ་དུ་གནས་པའི་ལུས་ཀྱི་ནང་དུ་རྩ་དབུ་མ་མདའ་སྨྱུག་ལྟར་དྲང་བ། ཁ་དོག་དཀར་པོ་དྭངས་གསལ་འོད་ཀྱི་རང་བཞིན་ཅན། མར་སྣེ་གསང་གནས་དང་ཡར་སྣེ་ཚངས་བུག་ཏུ་ཟུག་པའི་སྤྱི་བོར་མཁའ་སྤྱོད་དཀར་མོ་གཞོན་ཤ་ཅན་ཡིད་དུ་འོང་ཞིང་བདེ་བ་ཆེན་པོ་ལྷག་པར་རྒྱས་པ། ཆ་ལུགས་སྤྱི་དང་མཚུངས་པ་ཞིག་གི་ཆུ་སྐྱེས་དང་དབུ་མའི་ཡར་སྣེ་འཕྲད་པ་ཤིན་ཏུ་གསལ་བར་བལྟས་ལ། དེ་ནས་རང་གི་སྨིན་མཚམས་ཡན་གྱི་ཐོད་པ་འོད་དུ་ཞུ་ཕྱག་གི་བྷཉྫ་དང་འདྲེས། རང་ལུས་ལྟེ་བ་ཡན་གྱི་གདོས་བཅས་ཤ་ཁྲག་རྣམས་ཐོད་པའི་ནང་དུ་ཞུ་སྟེ་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་གསོལ་བས་མཉེས། ལྟེ་བའི་ཐད་ཀྱི་དབུ་མའི་ནང་དུ་རང་གི་རླུང་སེམས་གཅིག་འདུས་ཀྱི་ངོ་བོ་ཨ་དཀར་པོ་འོད་འབར་བ་ཡར་ལ་ཁད་པ། རྡོ་རྗེའི་རྩེ་མོར་ཧཱུྃ་སྔོན་པོ་མགོ་གྱེན་བསྟན་ཞིག་གསལ་གདབ། གསོལ་བ་དྲག་ཏུ་གདབ། འཇམ་རླུང་ཅུང་ཟད་བཟུང༌། ཡིད་ཀྱིས་ༀ་གསུམ་མ་བཟླ། རྒྱུ་ཞབས་འུབས་ཀྱིས་འཐེན་ལ་རླུང་ཕྱིར་བསལ་བའི་ཚེ་ཧིཀ་རིང་པོ་བརྗོད། དམིགས་པ་ཧཱུྃ་གི་རླུང་ཤུགས་ཀྱིས་ལྟེ་བའི་ཨ་དེད་ཀྱིས་འབུལ། དབུ་མའི་ནང་ནས་སྐར་མདའ་ཆད་པ་ལྟར་རྒྱངས་ཀྱིས་སོང༌། རྗེ་བཙུན་མའི་གསང་བ་ནས་ཞུགས། ཐུགས་ཀར་སླེབ། རང་སེམས་དང་རྡོ་རྗེ་རྣལ་འབྱོར་མ་དང་སྟོང་ཉིད་གསུམ་དབྱེར་མེད་དུ་བསྲེས་ལ་མཉམ་པར་འཇོག །ཡང་ཨ་དང་ཧཱུྃ་གསལ་གདབ་པ་སོགས་དམིགས་པ་དེ་ཉིད་ལན་བདུན་ཙམ་བསྐྱར། དེ་ནས་རང་སེམས་དང་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་དབྱེར་མེད་པ་བདུད་རྩི་དཀར་ལ་དམར་བའི་མདངས་ཆགས་པ་གསང་བའི་སྒོ་ནས་བྱོན། རང་གི་སྤྱི་བོ་ནས་ཞུགས། འཁོར་ལོ་བཞི་གང༌། དབང་བཞི་ཐོབ། མཐར་ལུས་ཐམས་ཅད་བྱང་སེམས་ཀྱིས་གང་བས་ཉམས་བདེ་བས་ཁྱབ་པ་ལ་མཉམ་པར་བཞག །དེ་ཐུན་ཆུང་གཅིག་ཡིན། སླར་རྩ་དབུ་མ་གསལ་འདེབས་པ་ནས་བསྐྱར་ཏེ་ཐུན་རེ་ལ་དེ་འདྲ་ཚར་གྲངས་གང་འགྲོ་བསྐྱར་ཏེ་སྦྱང༌། འཕྲོ་འཇོག་པ་ན་རྗེ་བཙུན་མའང་འོད་དུ་ཞུ། སྤྱི་བོ་ནས་རང་ལ་ཐིམ། ཚངས་བུག་གསེར་གྱི་རྡོ་རྗེ་རྒྱ་གྲམ་ཧཾ་ཡིག་དང་བཅས་པས་བཀག་པར་མོས། དམིགས་པ་བསྡུ་ན་གསོལ་འདེབས་ཀྱི་རྗེས་སུ་ཧིཀ་ཞེས་ལྟེ་བའི་དབུས་ནས་ཨ་ཡིག་འཕར། རྗེ་བཙུན་མའི་གསང་བར་ཞུགས། ཐུགས་ཀར་སླེབ། མཁའ་སྤྱོད་དུ་འཕུར། སླར་བྱོན། ཨ་ཡིག་ཀ་ཞེས་སླར་ལྟེ་བའི་དབུ་མར་བབ། དེ་ལྟར་ལན་གྲངས་བསྐྱར། མཐར་ཨ་བདུད་རྩིའི་རྣམ་པར་ཞུ། རང་ལུས་སྔར་བཞིན་གསལ་བའི་སྤྱི་བོ་ནས་ཞུགས། ལྟེ་བར་ཨ་བརྗིད་དང་ལྡན་པའི་ངོ་བོར་གྱུར༑ ཚངས་བུག་བཀག །མཁའ་སྤྱོད་མ་གཤེགས་པའང་ལུགས་གཅིག་སྟེ། དེ་ལྟར་རྟགས་མ་ཐོན་བར་དུ་སྦྱང༌། རང་ཉིད་འཆི་ཁར་ལས་ལ་སྦྱར་བའམ། ཤི་བའི་འགྲོ་བ་གཞན་ལ་འདེབས་ན་རྣམ་ཤེས་ཕྱིར་མི་འབེབས་པར་རྟགས་མ་ཐོན་བར་བསྐྱར་ནས་སྦར། མཐར་རྗེ་བཙུན་མའང་མཁའ་དབྱིངས་ཇེ་མཐོར་གཤེགས་པར་མོས་ལ་སྤྲོས་བྲལ་གྱི་རང་ངོ་བསྐྱང་བར་བྱའོ། །རྗེ་བཙུན་མ་འདི་ལ་ཡི་དམ་མ་ཆགས་པར་བྱས་ཤིང་ཡར་མར་གྱི་ཚེས་བཅུའི་མཆོད་པ་དང་གསོལ་འདེབས་ལ་འབུངས་ན་མཁའ་སྤྱོད་དུ་འགྲོ་བ་ལ་ཐེ་ཚོམ་མེད་ཅེས་གསུངས་སོ། །ཡང་མཁའ་སྤྱོད་མ་དམར་མོའི་རྣལ་འབྱོར་ཉམས་སུ་ལེན་པར་སྤྲོ་ན། བསྐྱེད་བཟླས་ཀྱི་རིམ་པ་ལ་ཐོག་མར་སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས། ༀ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་རང་ཉིད་བདེ་མཆོག་ལྷན་སྐྱེས་འོད་ལྔ་འཕྲོ་བར་གསལ་བའི་མདུན་དུ་ཆོས་འབྱུང་གཉིས་བརྩེགས་ཕྱི་དཀར་ལ་ནང་དམར་བ། བདེ་སྟོང་དུ་འཆར་ཞིང་རྒྱུ་བའི་དབུས་སུ་པདྨ་ཉི་མ་མི་རའི་གདན། དེ་ཡི་སྟེང་དུ་བྃ་ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྣལ་འབྱོར་མ་ལི་ཁྲིའི་མདངས་ཅན། དམར་ཞིང་བཀྲ་བའི་སྤྱན་གསུམ་གཡོ་བ། མཆེ་བའི་མྱུ་གུ་གཙིགས་ཤིང་ཁྲོ་གཉེར་ཡིད་ཙམ་བསྡུས་པ་གཏུམས་པའི་ཉམས་ཅན། གཞོན་ནུ་མ་ལང་ཚོ་ལ་བབས་པ་རྐེད་སྐབས་ཕྲ་ཞིང་བརླ་དང་སྐྱེ་གནས་ནུ་འབུར་མཐོ་ལ་རྒྱས་པ། གཅེར་བུ་དབུ་སྐྲ་སིལ་བུར་གྲོལ་བས་སྐུ་སྟོད་ཁེབས་ཤིང་མཛེས་སྡུག་ཡིད་དུ་འོང་བ། ཕྱག་གཡས་རྡོ་རྗེ་ཐུར་དུ་བསྣུན་ཅིང་གཡོན་ཐོད་ཁྲག་སྟེང་དུ་བཟུང་བ་ལ་ཞལ་རས་ཕྱོགས་པས་བདེ་བའི་རྒྱུན་གསོལ་བ། གྲུ་མོ་གཡོན་པར་ཐབས་ཀྱི་རང་བཞིན་ཁ་ཊྭཱྃ་ག་དཀར་པོ་འཆང་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་ཐོད་རློན་ལྔ་བཅུའི་དོ་ཤལ། རུས་པའི་ཕྱག་རྒྱ་ལྔས་སྤྲས་པ། ཞབས་གཡས་བརྐྱངས་པས་མི་རའི་སྙིང་ཁར་བརྫིས་ཤིང་གཡོན་ཕྲག་པར་བཀལ་བ། ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པར་གྱུར། སྤྲོ་ན། ༀ་བཛྲ་པུཥྤེ་སོགས་ཀྱིས་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །སོགས་ཀྱིས་བསྟོད། མཆོད་བསྟོད་མ་བྱས་ཀྱང་ཆོག །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། རང་གི་ལྟེ་བའི་ཨ་ཐུང་གི་འོད་ཟེར་ཆོས་འབྱུང་ལ་ཕོག །བག་ཆགས་ཐམས་ཅད་སྦྱངས། རྗེ་བཙུན་མའི་གསང་བའི་ཆུ་སྐྱེས་ལས་འོད་ཟེར་འཕྲོས། རང་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་གྱུར། ཞེས་མོས་ལ་ༀ་གསུམ་མ་བཟླ། ཐུན་འཇོག་པའི་ཚེ་མཆོད་བསྟོད་གསོལ་འདེབས་དང༌། མདུན་བསྐྱེད་ཀྱི་རྣལ་འབྱོར་མ་འོད་དུ་ཞུ་ནས་རང་ལ་ཐིམ་པ། དགེ་བསྔོ། ཐུན་མཚམས་རྣལ་འབྱོར་སོགས་མཁའ་སྤྱོད་དཀར་མའི་སྐབས་བཞིན་བྱ། འདིའི་རྫོགས་རིམ་ཐུན་མོང་མ་ཡིན་པ་ནི། རང་རྡོ་རྗེ་རྣལ་འབྱོར་མའི་སྟོང་ར་ལེགས་པར་གསལ་བའི་ལྟེ་བར་པདྨ་དམར་པོ་འདབ་མ་བརྒྱད་པ་འོད་ཟེར་སྣ་ལྔ་འཕྲོ་བའི་ཟེའུ་འབྲུ་ལ་མར་མེ་སོར་བཞི་པ་གསལ་གདབ། ལུས་གནད་རླུང་བུམ་ཅན་སྦྱོར་བ་བཞི་ལྡན་སྤྱི་མཐུན་ལ་ལྟ་སྟངས་སྣ་རྩེར་དབབ། རླུང་གཏོང་ཁར་མིད་པའི་སྦྱོར་བ་བྱེད་ལ་གཏུམ་མོའི་བདེ་དྲོད་སྤར། དེ་སྒྱུ་མའི་ཉམས་དང་བསྲེས་པས་སྒྱུ་ལུས་རང་ཤར་འབྱུང༌། དེ་མགྲིན་པར་བཞག་པས་རྨི་ལམ། སྙིང་ཁར་འོད་གསལ། གསང་གནས་སུ་བཞག་ནས་ཐུར་སེལ་དབང་དུ་བྱེད། དབང་དུ་གྱུར་ན་ལས་རྒྱ་དང་ཡེ་རྒྱའི་གཏུམ་མོ་བསྒོམ། དེ་ནས་དཀར་མོའི་སྐབས་སུ་བསྟན་པ་ལྟར་རྗེས་གཞིག་གི་འོད་གསལ་བསྒོམས་པས་བདེ་སྟོང་ཟུང་འཇུག་མཐར་ཐུག་གི་འོད་གསལ་འགྲུབ་པར་གསུངས་ཏེ་རཱ་ཧུ་ལ་དང་ཨ་ཏི་ཤའི་དགོངས་པའོ། །འདིའི་འཕོ་བ་བསྒོམ་ན། མངལ་གྱི་རང་བཞིན་ཆོས་འབྱུང་སྔོན་པོའི་ནང་དུ་རང་སེམས་ཧཱུྃ་མཐིང་ཁ་ལས་འོད་ཟེར་འཕྲོས། མངལ་གྱི་སྒྲིབ་པ་དང་སྐྱེ་གནས་ཀྱི་བག་ཆགས་སྦྱངས། ཧཱུྃ་ཡོངས་སུ་གྱུར་པ་ལས་རང་ཉིད་བདེ་མཆོག་དཔའ་བོ་གཅིག་པ་སྣང་ལ་རང་བཞིན་མེད་པ་འོད་ཟེར་ལྔ་འཕྲོ་བར་བསྒོམ། གོང་གི་བསྐྱེད་བཟླས་དང་སྦྲེལ་ན་མཆོད་བསྟོད་གསོལ་འདེབས་གྲུབ་པ་དང་མདུན་གྱི་རྗེ་བཙུན་མ་རང་གི་སྤྱི་བོར་བྱོན་པར་མོས། སྒེར་དུ་བྱེད་ན་སེམས་བསྐྱེད་སྔོན་དུ་འགྲོ་བས་རང་བདེ་མཆོག་གི་སྤྱི་བོར་རྗེ་བཙུན་མ་སྐད་ཅིག་གིས་གསལ། སྔར་ལྟར་རང་གི་དཔུང་པ་གཉིས་ཀྱི་སྟེང་དུ་ཞབས་བཞག །གསང་གནས་པདྨ་དམར་པོ་ཁ་བྱེ་བ་ལྟ་བུ་ཚངས་བུག་ཏུ་སྤྲད། རང་གི་ལྟེ་བར་རླུང་སེམས་ཀྱི་ངོ་བོ་ཨ་དཀར་པོ་འཕུར་ལ་ཁད་པ་ནང་རླུང་གིས་ཡམ་ཡམ་སྐྱོད་བཞིན་པ་དེས་གྱེན་དུ་བལྟས་པས་ཚངས་བུག་སྐྱ་ཧ་རེ་བ་དེ་ནས་རྡོ་རྗེ་རྣལ་འབྱོར་མའི་གསང་གནས་མཐོང་བས་དེར་འགྲོ་བའི་འདུན་པ་དྲག་པོ་དང་བཅས་གསོལ་བ་ལན་གསུམ་བཏབ་པས། ཐུགས་ཀ་ནས་བ་ཐག་ལྟ་བུའི་འོད་ཟེར་དཀར་པོ་ནར་གྱིས་བྱུང༌། ལྟེ་བའི་ཨ་ལ་རེག་པས་ཁབ་ལེན་དང་ལྕགས་འཕྲད་པ་ལྟར་ཐག་གིས་འཐེན་ཏེ་ཚངས་བུག་ནས་ཐོན། བྷ་གར་ཞུགས། ཐུགས་ཀར་སླེབ་པ་དང་ཏོག་སྒྲ་དང་བཅས་རྣལ་འབྱོར་མ་ནམ་མཁའ་ལ་ཡེར་གྱིས་བྱོན། ཇེ་མཐོར་སོང་ནས་མཁའ་སྤྱོད་དུ་ཕེབས་པ་དང་འཇའ་ལྟར་ཡལ་བར་བསམ་ལ་རིག་པ་བློ་བྲལ་དུ་འཇོག །ཡང་ནམ་མཁའ་ལས་སྤྲིན་བརྡོལ་བ་ལྟར་རྣལ་འབྱོར་མ་ལམ་གྱིས་བྱོན་ཏེ་སྔར་བཞིན་རང་བདེ་མཆོག་ཏུ་གསལ་བའི་དཔུང་པ་གཉིས་ལ་ཞབས་བཞག་སྟེ་བཞུགས་པའི་ཐུགས་ཀ་ནས་རང་སེམས་ཨ་ཡིག་ཆད་དེ་ལྟེ་བར་སླེབ་པ་དེས་གྱེན་དུ་ལྟ་བ་སོགས་བསྐྱར། འདིའི་སྐབས་སུ་འཇམ་རླུང་བཟུང་བ་གནད་དུ་ཆེ་ཞིང་སྤྱི་ལྟར་ཧིཀ ྄ ་ངག་གམ་ཡིད་ཀྱིས་བགྲང་ཡང་ཆོག་གོ །ཐུན་མཐར་ཨ་ལྟེ་བར་ཕབ་པའི་རྗེས་སུ་རྡོ་རྗེ་རྣལ་འབྱོར་མ་འོད་དུ་ཞུ། རང་གི་སྤྱི་བོ་ནས་ཐིམ་པ་ཙམ་མམ། དེའི་པདྨ་ནས་བྱང་སེམས་དཀར་དམར་བདེ་ཁྲི་ལི་ལི་བབས། རང་ལུས་འཁོར་ལོ་བཞི་གང༌། དབང་བཞི་ཐོབ། ཟག་པ་མེད་པའི་བདེ་བས་ཁྱབ། རྗེ་བཙུན་མ་སྤྱི་བོ་ནས་ལྟེ་བར་བྱོན། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སྐྱེས་པར་མོས་ལ་མཉམ་པར་བཞག །མཐར་ཚངས་བུག་སྲ་མཁྲེགས་རྡོ་རྗེའི་རང་བཞིན་དུ་མོས། ལས་སྦྱོར་ནི་དཀར་མོ་དང་འདྲའོ། ༈ །མཁའ་སྤྱོད་དཀར་དམར་གཉིས་ཀ་ལ་ཐུན་མཚམས་སུ་གཏོར་མ་འབུལ་བར་སྤྲོ་ན། བཟའ་བཏུང་སྣ་ཚོགས་ཀྱི་གཏོར་མ་ལག་མཐིལ་གཡོན་པར་བཞག །གཡས་པའི་མཐེབ་སྲིན་གྱིས་བཟུང་ལ་བསང་སྦྱང༌། སྟོང་པའི་ངང་ལས་ཨ་དཀར་པོ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཧཱུྃ་བྷྲཱུྃ་ༀ་ཛྲ་ཁཾ་རྣམས་ཀྱིས་མཚན་པའི་ཤ་ལྔ་དང་བདུད་རྩི་ལྔས་ཡོངས་སུ་གང་བར་གྱུར། ༀ་ཨཱཿ ཧཱུྃ། ལན་གསུམ། དམ་ཚིག་གི་བདུད་རྩིར་གྱུར། ༀ་ཨཱཿ ཧཱུྃ། ལན་གསུམ། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། མདུན་གྱི་ནམ་མཁར་རྗེ་བཙུན་མཁའ་སྤྱོད་མ་ལ་འཁོར་ཡེ་ཤེས་ཀྱི་ཌཱ་ཀི་མ་དཔག་ཏུ་མེད་པས་བསྐོར་ནས་བྱོན་པར་གྱུར༑ ཕ། རྗེ་བཙུན་མ་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་གསོལ་བས་ཟག་པ་མེད་པའི་བདེ་བས་དགྱེས་པར་གྱུར། ༀ་གསུམ་མ་ལ་འབྲུ་གསུམ་བཏགས་པ་ལན་གསུམ་གྱིས་ཕུལ། ཨརྒྷཾ་སོགས་ཀྱིས་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་ཕྲིན་བཅོལ་སྤྱི་ལྟར་བྱ། ཡིག་བརྒྱ་དང་བཟོད་གསོལ་བྱས་ནས། རྗེ་བཙུན་མ་འཁོར་དང་བཅས་པ་འོད་དུ་ཞུ་ནས་རང་ལ་ཐིམ་པར་གྱུར། སྤྲོ་ན་ཕྲིན་བཅོལ་གྱི་རྗེས་སུ་ཆོས་སྐྱོང་སྤྱི་གཏོར་ཡང་བྱ། གཏོར་མ་གཙང་སར་གཤེགས། ༈ ཚེས་བཅུའི་མཆོད་པ་སོགས་ཀྱི་སྔོན་དུ་ལག་མཆོད་སྤྲོ་ན། ནང་མཆོད་གཏོར་མ་ལྟར་བྱིན་བརླབ། ལག་པ་གཡོན་པའི་མཐིལ་དུ་པདྨ་འདབ་མ་ལྔ་པར་གསལ། ནང་མཆོད་ཐིག་ལེ་དབུས་དང་འདབ་མ་རྣམས་ལ་གཡོན་སྐོར་དུ་བཀོད་དེ། ༀ་བྃ། ཧྃ་ཡྃ། ཧྲཱ་མྃ། ཧྲ་ཧྲ། ཧཱུྃ་ཧཱུྃ། ཕཊ་ཕཊ། ཡིག་འབྲུ་དེ་རྣམས་ཡོངས་སུ་གྱུར་པ་ལས་གོ་ཆའི་དཔའ་མོ་དྲུག་གི་སྐུར་གྱུར། ༀ་བཛྲ་པུཥྤེ་སོགས་དང༌། འབྲུ་གསུམ་གྱིས་ནང་མཆོད་ཕུལ། ལག་པའི་འབྱུང་བ་ལྔ་རིགས་ལྔའི་རང་བཞིན་དུ་བྱིན་གྱིས་བརླབས། ལྷ་རྣམས་འོད་དུ་ཞུ་ནས་ལག་པར་ཐིམ། མཆོད་པ་བྱིན་རླབས་སྤྱི་ལྟར་རམ། ༀ་བཛྲ་སྥ་ར་ཎ་ཁཾ། ཞེས་པ་ཙམ་གྱིས་ཡིད་ཀྱིས་བྱིན་བརླབ། ལག་པ་གཡོན་པའི་མཁྲིག་མར་ཆོས་འབྱུང་སོགས་ལྷ་བསྐྱེད། ༀ་བཛྲ་ཡོ་གཱི་ནཱི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱདྱཾ། བཛྲ་པུཥྤེ་ཨཱཿ ཧཱུྃ། སོགས་ཀྱིས་ཕྱི་མཆོད་དང༌། འབྲུ་གསུམ་གྱིས་ནང་མཆོད་ཕུལ། འོག་ནས་འབྱུང་བ་ལྟར་རྐང་བརྒྱད་ཀྱིས་བསྟོད། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བ་དང་ཁྱད་པར་དུ་དག་པ་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་པར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། ཡིག་བརྒྱ་དང་བཟོད་གསོལ་བྱས་ལ། དཔྲལ་མཚམས་འཁྱུད་རྒྱ་བཅིངས་ཏེ། ༀ་ཡོ་ག་ཤུདྡྷཿ སརྦ་དྷརྨཿ ཡོ་ག་ཤུདྡྷོ྅ཧཾ། ལྷ་འོད་དུ་ཞུ་ནས་རང་ལ་ཐིམ་པར་གྱུར། ༈ ལུགས་འདིའི་ཐུན་མོངས་མ་ཡིན་པའི་ཆང་མཆོད་དམ་ཕྱག་མཆོད་དམ་གྲིབ་ཀུན་སེལ་ནི། ཀ་པཱ་ལ་མཚན་ལྡན་ཆང་གིས་བཀང༌། རང་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར། ༀ་གསུམ་མ་བརྗོད་བཞིན་དུ་སྲིན་ལག་གཡོན་པས་དཀར་མོ་ལ་ཆོས་འབྱུང་རྐྱང་པ། དམར་མོ་ལ་ཉིས་རིམ་གཡོན་དུ་འབྲི་ཚུལ་བྱ། ཐོད་པ་ཆོས་འབྱུང་གི་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་ཆང་ཐམས་ཅད་སྔགས་ཀྱི་ཡིག་འབྲུ་དཀར་ དཀར་མོ་ལ་དམར་སྒྱུར། ཧྲམ་མེ་གསལ་བའི་སྟེང་དུ་ཧྲཱི་ཡིག་དཀར་པོ་སོགས་དང༌། དམར་མོ་ལ། བྃ་ཡིག་དམར་པོ་སོགས་བསྐྱེད་ཆོག་མཆོད་བསྟོད་ཀྱི་བར་དུ་བྱ། ༀ་གསུམ་མའི་སྔགས་འབྲུ་རྣམས་ལ་དོ་ཤལ་རེག་གེ་བཞུགས་པར་མོས་ལ་རེག་ཏུ་བཏུབས་པ་ལྟ་བུར་གསལ་གདབ། སྐུ་ལུས་དང་སྔགས་འབྲུ་ལས་འོད་ཟེར་བདུད་རྩིའི་རང་བཞིན་བྱོན། ཁྱད་པར་བྷ་ག་ནས་རང་བྱུང་བྱང་སེམས་བདེ་ཁྲིལ་ལེ་བབས་པས་ཐོད་པ་ཁེངས་པར་བསམ་ལ་བཟླས་པ་ཅི་ནུས་བྱ། མཐར། ལྷ་དང་སྔགས་བདུད་རྩིའི་རང་བཞིན་དུ་ཞུ་ནས་ཐོད་པ་ཁེངས་པར་གྱུར། ༀ་གསུམ་མ་སོ་སོར་བརྗོད་ལ་འདོན་བསྒོམ་དང་མཐུན་པའི་ཐིགས་གཏོར་བྱ་བཞིན་དུ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་མཉེས་ནས་སྐུ་གསུང་ཐུགས་ཟག་པ་མེད་པའི་བདེ་བས་དགྱེས་པར་གྱུར། རང་གི་གནས་གསུམ་དུ་རྗེ་བཙུན་མ་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་སིབ་སིབ་ཐིམ་པས་ནད་གདོན་སྡིག་སྒྲིབ་གྲིབ་དང་མི་གཙང་བ་ལ་སོགས་པ་སང་སང་དག་པར་གྱུར། གནས་ཁང་རྗེ་བཙུན་མས་མེར་གྱིས་ཁེངས་ནས་སྔགས་ཀྱི་རང་སྒྲ་དི་རི་རི་སྒྲོག་པར་གྱུར། རང་ཉིད་ལྷ་སྐུ་སྒྱུ་མ་ལྟ་བུར་ལྷག་པར་གསལ་བས་རོལ་པས། སྐུ་གསུང་ཐུགས་ཀྱི་དམ་ཚིག་ཆགས་ཉམས་དང་ལས་ངན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག །བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་པར་མོས། དེ་ལྟར་ཉམས་སུ་བླངས་པས་ཡི་དམ་གྱི་ཞལ་མྱུར་དུ་མཐོང་ཞིང་ལྷན་ཅིག་སྐྱེས་པའི་རྟོགས་པ་སྐྱེ་བར་འགྱུར་གསུངས་སོ། །ཆང་མཆོད་འདི་ཉིད་ཚོགས་གཏོར་སོགས་ལ་འཐོར་ཞིང་རང་ལ་ཁྲུས་ཀྱང་བྱ། དམ་མེད་ཀྱིས་མ་མཐོང་བར་གསང་བ་གལ་ཆེ། གཞན་གྱི་གྲིབ་སེལ་བྱ་ཚུལ་ནི་འགྲོ་མགོན་སྟོན་པའི་གསུང་ལས་ཤེས་སོ། ༈ །ཡར་མར་གྱི་ཚེས་བཅུའི་མཆོད་པ་མདོར་བསྡུས་པ་ནི། སྟེགས་བུ་གཙང་མ་བའི་རྣམ་ལྔས་བྱུགས་པའི་སྟེང་དུ། དཀར་མོ་ལ་དཀྱིལ་འཁོར་ཆོས་འབྱུང་དཀར་པོ་མེ་རི་དཀར་པོས་བསྐོར་བའི་དབུས་སུ་ཐིག་ལེའམ་ཚོམ་བུ་དཀར་པོ་གཅིག་བཀོད། དེ་སྟེང་ཁྲིའུར་མེ་ལོང་ལ་སུམྦྷ་ནི་བརྗོད་བཞིན་དུ་ཆང་གིས་བྱུགས་ཤིང་སིནྡྷུ་ར་བརྡལ་བར་གསེར་གྱི་སྨྱུ་གུ་ལག་གཡོན་པར་ཐོགས་ཏེ་སྙིང་པོ་བཟླ་བཞིན་པས་རྡོ་རྗེ་ཆོས་འབྱུང་གི་དབུས་སུ་ༀ་གསུམ་མ་ཕྲེང་དུ་བྲིས་ཏེ་བཀོད། དམར་མོ་ལ་གཞན་དེ་དང་འདྲ་བ་ལས་དཀྱིལ་འཁོར་ཆོས་འབྱུང་དམར་པོ་གཉིས་བརྩེགས་ཀྱི་མཐར་རེ་ཁཱ་དཀར་པོ་ཉིས་རིམ་དུ་བསྐོར་བའི་ལྟེ་བར་རྡོ་རྗེས་མཚན་པའི་སྟེང་དུ་མེ་ཏོག་གི་ཚོམ་བུ་ལྔ་བཀོད། མེ་ལོང་ཆོས་འབྱུང་གཉིས་བརྩེགས་དབུས་སུ་བྃ་ལ་ༀ་གསུམ་མས་བསྐོར་བའི་མཐའ་མར་ཨཱཿ ཡིག་བདུན། ཟུར་དྲུག་ལ་གོ་ཆའི་སྔགས། ལོགས་དྲུག་ཏུ་དགའ་བ་འཁྱིལ་བ་དྲུག་བྲི། སྟེང་དུ་མེ་ཏོག་གི་ཚོམ་བུ་བདུན་བཀོད། གཉིས་ཀ་ལ་དཀྱིལ་འཁོར་རས་བྲིས་བྱས་ནས་རྒྱུན་དུ་འཆང་བ་སྟབས་བདེ་ལ། མེ་ལོང་འབྲི་སྤྱད་གསེར་སྨྱུག་སོགས་ཀྱང་མ་འབྱོར་ན་དེར་མོས་པ་ཙམ་གྱིས་འཐུས། དཀྱིལ་འཁོར་རས་བྲིས་རྡུལ་ཚོན་གང་ཡང་མི་འབྱོར་བའི་སྐབས་སུ་ནི་མཎྜལ་ལ་ལག་མཆོད་ཆང་གིས་མཚོན་བྱེད་བྲིས་ཏེ་འབྲུའི་ཚོམ་བུ་བཀོད་པས་ཆོག་གོ །གང་ལྟར་དེའི་མདུན་དུ་ཁ་ཟས་བཟང་དགུ་ལས་བྱས་པའི་གཏོར་མ། ཆུ་གཉིས་ཉེར་སྤྱོད་སོགས་མཆོད་པ་གང་འབྱོར་གཡོན་སྐོར་ཆོས་འབྱུང་གི་ཚུལ་དུ་བཀོད། གཡས་སུ་ཚོགས་ཀྱི་ཡོ་བྱད་ཅི་འབྱོར། གཡོན་དུ་ཆོས་སྐྱོང་དང་སྤྱི་གཏོར་གཉིས་བཤམ། རང་གི་མདུན་དུ་ནང་མཆོད་སྔོན་གཏོར་སོགས་མཁོ་བའི་ཡོ་བྱད་འདུ་བྱས་ལ། སྔོན་གཏོར་སུམྦྷ་ནིས་བསང༌། སྭ་བྷཱ་ཝས་སྦྱང༌། ༀ་ཨཱཿ ཧཱུྃ་ཧ་ཧོཿ ཧྲཱིཿ ས་བྱིན་བརླབ། ཕེཾ། བཛྲ་ཨཱ་རལླི་ཧོཿ ཛཿ ཧཱུྃ་བྃ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲཤྱ་ཧོཿ ཞེས་མགྲོན་འགུགས། ༀ་ཁ་ཁ་ཁཱ་ཧི་སོགས་ལན་གསུམ། ཨརྒྷཾ་ནས། ཤབྡའི་བར། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །གསང་སྤྱོད་དོན་དུ་གཏོར་མ་འདི། །འབུལ་གྱིས་ཡང་དག་བཞེས་ནས་ཀྱང༌། །རྣལ་འབྱོར་བདག་ཅག་སོགས་ཕྲིན་ལས་བཅོལ། སུམྦྷ་ནིས་བགེགས་བསྐྲད། གནས་ཡོ་བསང་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་ནང་དུ། བྷྲཱུྃ་ལས་གཞལ་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ། ༀ་ཨཱཿ ཧཱུྃ་ལས་བྱུང་བའི་རྡོ་རྗེའི་མཆོད་པའི་སྤྲིན་ཕུང་ཟག་མེད་ཀྱི་བདེ་བ་སྐྱེད་པར་བྱེད་པ་ཡུལ་དུས་ཆད་པ་མེད་པར་ནམ་མཁའི་མཐའ་ཀླས་པར་གང་བར་གྱུར། ༀ་བཛྲ་ཨརྒྷཾ་སྭཱ་ཧཱ། པཱདྱཾ། ༀ་བཛྲ་པུཥྤེ་ཨཱཿ ཧཱུྃ། ནས། ཤབྡའི་བར། ༀ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོཿ ༀ་བཛྲ་སྥ་ར་ཎ་ཁཾ། ཞེས་བྱིན་བརླབ། དེ་ནས་རྒྱས་པར་སྤྲོ་ན་རྒྱུད་སྡེ་ལྔ་གཙོ་བསྡུས་སམ། བདེ་མཆོག་བདག་བསྐྱེད་བཟླས་པ་བསྡུ་ལྡང་གི་བར་དུ་བྱ། བསྡུ་ན། སྐད་ཅིག་གིས་རང་ཉིད་དཔལ་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པའི་སྐུར་གྱུར༑ ཡིག་བདུན་བརྒྱ་རྩ་ཙམ་བཟླ། གོང་སྨོས་ལག་མཆོད་དང་ཆང་མཆོད་བྱ། མདུན་གྱི་མཎྜལ་བསང་སྦྱང༌། སྟོང་པའི་ངང་ལས་མདུན་གྱི་ནམ་མཁའ་ཆོས་འབྱུང་སོགས་ནས་ལྷ་བསྐྱེད་དང༌། དཀར་མོ་ལ་གནས་གསུམ་བྱིན་རླབས་བར། ཐུགས་ཀ་ནས་འོད་ཟེར་འཕྲོས། ཨོ་རྒྱན་གྱི་གནས་དང་མཁའ་སྤྱོད་རྡོ་རྗེའི་གྲོང་ཁྱེར་ཆེན་པོ་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་འཁོར་དང་བཅས་པ་སྤྱན་དྲངས་བཛྲ་ས་མཱ་ཛཿ འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང༌། ཕེཾ། ཆོས་སྐུ་སྤྲོས་བྲལ་དག་པ་ལས༑ ༑ལོངས་སྐུ་སྒྱུ་མའི་ཚུལ་སྟོན་པ། །མཁའ་འགྲོའི་ཚོགས་བཅས་རྣལ་འབྱོར་མ། །ཕྱག་རྒྱ་ཆེན་པོའི་དབྱིངས་ནས་བཞེངས། །སེམས་ཅན་དོན་ལ་དགོངས་མཛོད་ལ། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །ༀ་བཛྲ་ཨཱ་རལླི་ཧོཿ སོགས། རྗེ་བཙུན་མཁའ་སྤྱོད་མ་ལ་ཡེ་ཤེས་ཀྱི་ཌཱ་ཀི་སྡེ་ལྔ་སོགས་རིགས་བཞིའི་མཁའ་འགྲོ་མའི་འཁོར་བྱེ་བ་རྡུལ་སྙེད་ཀྱིས་བསྐོར་བ། སྟེང་ན་རྩ་བརྒྱུད་ཀྱི་བླ་མ། བར་ན་ཡི་དམ་གྱི་ལྷ་ཚོགས། འོག་ཏུ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སོགས་ཆོས་སྐྱོང་དམ་ཅན་རྒྱ་མཚོས་བསྐོར་བ་སྤྱན་དྲངས། མདུན་བསྐྱེད་དང་གཉིས་སུ་མེད་པར་བཞུགས་པར་གྱུར། ཛཿ ཧཱུྃ་བྃ་ཧོཿ གོང་ལྟར་མཆོད་བསྟོད་གསོལ་བ་གདབ། དམིགས་གནད་བཅས་བཟླས་པ་ཅུང་ཟད་བྱ། སླར་ཡང་མཆོད་པ་ཁ་གསོས་ལ་བྱིན་བརླབ། དྭངས་ཤིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །མཆོག་ཏུ་དད་པས་ཁྱེད་ལ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ༀ་ཤྲཱི་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ་ཡོན་ཆབ་དང་ཨརྒྷཾ་གྱི་གནས་སུ། ཞབས་བསིལ་དང་པཱདྱཾ་སྦྱར། མེ་ཏོག་བདུག་སྤོས་སྣང་གསལ་དང༌། །དྲི་ཆབ་ཞལ་ཟས་རོལ་མོ་རྣམས། །བདག་གིས་དད་པས་ཁྱེད་ལ་འབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །སྔགས་གོང་ལྟར་ལ། བཛྲ་པུཥྤེ་ནས། ཤབྡ་ཨཱཿ ཧཱུྃ། སྤྲོ་ན། ཡང་དག་དགའ་བའི་མེ་ཏོག་སོགས་ཚང་བར་བརྗོད། སྲབ་འཇམ་ཡང་བ་སོགས་ཀྱིས་གོས་ཟུང་འབུལ། རང་གི་སྙིང་ག་ནས་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ ཨེཨཻ་ཨོ་ཨཽ་ཨཾ་ཨཿ རྣམས་སྤྲོས་པ་ལས་མཆོད་པའི་ལྷ་མོ་བཅུ་དྲུག་ནམ་མཁའ་གང་བར་གྱུར། ༀ་བཱི་ཎི་བཛྲི་ཎཱི་ཧུཾ་ཧཱུྃ་ཕཊ། དེ་བཞིན་དུ། བཾ་ཤེ། མྲྀ་དཾ་གེ། མུ་ར་ཛེ། ཧཱ་སྱ། ལཱ་སྱ། གཱི་ཏཱི། ནྲྀ་ཏཱི། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། རཱུ་པ། ར་ས། སྤརྴེ། དྷརྨ་དྷཱ་ཏུ་བཛྲི་ཎཱི། ཞེས་སྦྱར་བས་རིག་མ་བཅུ་དྲུག་གིས་མཆོད། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱ་ཁྱད་པར་འཕགས་པ་ཅི་མཆིས་པ༑ ༑མོས་བློས་རྗེ་བཙུན་མ་ལ་བདག་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །སྔགས་མཐར། རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ། ཞིང་འདིར་རིན་ཆེན་སྣ་བདུན་གྱིས། །མཁས་པ་བདག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་འབུལ། །སཔྟ་མ་ཧཱ་རཏྣ། ནང་མཆོད་བྱིན་རླབས་ལ་ཐིགས་གཏོར་འབུལ་ཞིང༌། ༀ་གསུམ་མ་ལ་འབྲུ་གསུམ་བཏགས་པ་དང༌། རྒྱལ་བ་ཀུན་ཡུམ་རྗེ་བཙུན་མཁའ་སྤྱོད་མ། །རིགས་ལྔ་མཁའ་འགྲོའི་ཞལ་དུ་ༀ་ཨཱཿ ཧཱུྃ། །རྡོ་རྗེ་འཆང་སོགས་ནམ་མཁའི་དབྱིངས་གང་བའི། །རྩ་བརྒྱུད་བླ་མའི་ཞལ་དུ་ༀ་ཨཱཿ ཧཱུྃ། །འཁོར་ལོ་སྡོམ་པ་ལ་སོགས་ཡི་དམ་ལྷ། །བར་སྣང་ཁྱབ་པའི་ཞལ་དུ་ༀ་ཨཱཿ ཧཱུྃ། །མ་མགོན་ལྕམ་དྲལ་དམ་ཅན་ཆོས་སྐྱོང་བ། །ས་གཞི་ཁྱབ་པའི་ཞལ་དུ་ༀ་ཨཱཿ ཧཱུྃ། །སྐྱེ་བཞི་ལམ་རྒྱུད་ལྔས་བསྡུས་སེམས་ཅན་ཀུན། །རྣལ་འབྱོར་མར་གསལ་ཞལ་དུ་ༀ་ཨཱཿ ཧཱུྃ། །འབྲུ་གསུམ་གྱིས་བདུད་རྩི་མྱང༌། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭཱ་བྷཱ་བ་ཨཏྨ་ཀོ྅ཧཾ། འདིར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །བདག་མེད་གཞན་ཡང་མེད་པ་སྟེ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །ཅེས་པའི་དོན་ལ་མཉམ་པར་བཞག་པ་རྣམས་ཀྱིས་མཆོད། མཆོད་ཕྲེང་རྒྱས་པར་སྤྲོ་ན་རིགས་མཐུན་གཞན་ནས་བླང་བར་བྱའོ། །དེ་ནས་བསྟོད་པ་རྐང་བརྒྱད་ནི། རོལ་མོ་དང་ཅང་ཏེའུའི་སྒྲར་སྦྱར་བས། ༀ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། །གཞན་གྱིས་མི་ཐུབ་འཇིག་རྟེན་གསུམ་ཡུམ་རིག་མ་སྟེ། །དབང་ཕྱུག་འབྱུང་པའི་འཇིགས་པ་ཀུན་སེལ་རྡོ་རྗེ་ཆེ། །རྡོ་རྗེའི་གདན་མ་མི་ཕམ་དབང་མཛད་གཞན་མི་རྒྱལ། །སྤྱན་འཕྲུལ་དུག་སྐེམ་དྲག་མོ་ཁྲོ་མོ་མཆེ་གཙིགས་མ། །སྐྲག་བྱེད་གསོད་བྱེད་འཇོམས་བྱེད་རྣམ་རྒྱལ་གཞན་ལས་རྒྱལ། །རྨུགས་བྱེད་རྨོངས་བྱེད་རེངས་བྱེད་རྡོ་རྗེ་ཕག་མོ་ནི། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་མོ་མཁའ་འགྲོར་འདུད། །ཧཱུྃ་ཧཱུྃ་ཕཊ། ཅེས་དང༌། དཔལ་ལྡན་རྡོརྗེ་མཁའ་འགྲོ་མ༑ ༑སོགས་ཤློ་ཀ་གཅིག །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིངས་གཅོད་ཅིང༌། །འཇིག་རྟེན་བྱ་བར་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །ལྟེ་བའི་དབུས་གནས་འབྱུང་བཞི་འཕྲོ། །ཆོས་དང་ལོངས་སྤྱོད་རྫོགས་པར་ལྡན། །མཁའ་འགྲོ་མ་རྣམས་སྡུད་མཛད་མ། །རྗེ་བཙུན་མ་ལ་ཕྱག་འཚལ་བསྟོད། །ཅེས་པ་ཙམ་མམ། ནུས་ཤིང་སྤྲོ་ན་ཇོ་བོ་རྗེས་མཛད་པའི་མཁའ་སྤྱོད་དཀར་མོའི་བསྟོད་པ་རིགས་གཉིས། དམར་མོའི་བསྟོད་པ་གཞན་དག་ནས་འབྱུང་བ་ཅི་རིགས་པས་བསྟོད། སླར་ཡང༌། རྒྱལ་བ་རྒྱ་མཚོའི་ཡུམ་གྱུར་བཅོམ་ལྡན་མ། །ཆོས་དབྱིངས་ཤེས་རབ་ཕ་རོལ་ཕྱིན་མའི་དངོས། །ཟག་མེད་བདེ་སྟོང་ལྷན་ཅིག་སྐྱེས་མའི་སྐུ། །རྡོ་རྗེ་བཙུན་མོའི་ཞབས་ལ་ཕྱག་འཚལ་ལོ། །ཕྱི་ནང་གསང་བ་འི་མཆོད་སྤྲིན་རྒྱ་མཚོ་འབུལ། །ཉེས་བྱས་ཐམས་ཅད་སྙིང་ནས་སོ་སོར་བཤགས། །ཡི་རང་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །རྟག་ཏུ་བཞུགས་གསོལ་དགེ་བ་བྱང་ཆུབ་བསྔོ། །ཇི་སྲིད་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བླ་མེད་ཐེག་པར་བདག་གིས་སེམས་བསྐྱེད་དོ། །དབང་བཞི་མནོས་ཤིང་དམ་ཚིག་ལམ་ལ་གནས། །བྱིན་རླབས་རྒྱུད་སྦྱངས་རིམ་པ་གཉིས་ལ་སྒོམ། །ངོ་མཚར་སྤྱོད་པ་གསུམ་གྱིས་རོལ་པ་སོགས། །མཐའ་དག་ལམ་རྣམས་བདག་གིས་བསྟེན་པར་བགྱི། །ཏིང་འཛིན་བརྟན་ཅིང་ཕྲིན་ལས་ཐོགས་མེད་འགྲུབ། །ཕོ་ཉ་གསུམ་འདུས་གྲུབ་པ་བརྒྱད་སོགས་ཐོབ། །འགྲོ་བའི་དོན་སྤྱོད་མཐུ་དང་ལྡན་པ་ཡི། །ཚེ་འདིར་ཧེ་རུ་ཀ་དཔལ་ཐོབ་པར་ཤོག །ཅེས་བསྟོད། སྐབས་འདིར་གཏོར་འབུལ་གོང་དུ་སྨོས་པ་ལྟར་བྱིན་བརླབས། རྗེ་བཙུན་མ་འཁོར་དང་བཅས་པའི་སོགས་ནས། མཆོད་བསྟོད་ཕྲིན་ལས་བཅོལ་བར་བྱ། དེ་ནས་ཚོགས་ཀྱི་མཆོད་པ་ནི། བདེ་མཆོག་ལྷ་ལྔའི་ཚོགས་མཆོད་ཕྲིན་ལས་ཡར་འཕེལ་ལྟར་ལ། བྱིན་རླབས་འབེབས་པའི་ཐོག་མར། ༀ་མི་གཡོ་འོག་མིན་ཉམས་དགའི་ཞིང༌། །དག་པ་བདེ་སྟོང་མཁའ་སྤྱོད་ན། །ཤེས་རབ་ཕ་རོལ་ཕྱིན་མ་ལ། །རྡོ་རྗེ་རྣལ་འབྱོར་མ་ཞེས་གྲགས། །གནས་གསུམ་མཁའ་འགྲོའི་ཚོགས་ཀྱིས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་སློབ་ཀྱིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །ཞེས་སྦྱར། འདི་ཉིད་མདོར་བསྡུས་པའི་དབང་གིས། འདིར་ནི་ཆོས་རྣམས་སོགས་བརྡ་དང་བརྡའི་འབུལ་ལེན་བྱས་ཀྱང་རུང༌། ལྷག་མ་བྱིན་གྱིས་བརླབ། ༀ་ཁ་ཁ་སོགས་དམན་ལྷག་ཁོ་ནས་འཐུས། རྗེས་མཆོད་པ་ཁ་གསོས་ལ་བྱིན་བརླབ། སྔགས་ཙམ་གྱིས་ཕྱི་མཆོད་དང༌། སྙིང་པའི་མཐར་འབྲུ་གསུམ་བཏགས་པའི་ནང་མཆོད་འབུལ། རྐང་བརྒྱད་ཀྱིས་བསྟོད། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་བ་དང་དག་པ་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་པར་མཛད་དུ་གསོལ། ཞེས་སོགས་འདོད་པའི་དོན་ལ་གསོལ་བ་གདབ། ཡིག་བརྒྱ་ལན་གསུམ་དང༌། སྔགས་དམན་པ་དང་ཆོ་ག་དམན། །བྱ་བ་དམན་པ་གང་གྱུར་པ༑ ༑ཟབ་དང་མཆོག་གི་བདག་ཉིད་གཙོ། །ལྷ་མོ་དེ་དག་བཟོད་མཛད་རིགས། །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་གསུང་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་དེ་ཡིས་ལྷ་མོ་དེ་དག་གིས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་སོགས་སྨོན་ལམ་བྱ་ཞིང་རྟེན་ཡོད་ན་མདུན་བསྐྱེད་ཀྱི་ཡེ་ཤེས་པ་རྣམས་བརྟན་བཞུགས་བྱ། དམ་ཚིག་པ་རང་གི་སྤྱི་བོ་ནས་ཞུ་སྟེ་ཐིམ་པ་སོགས་བདག་བསྐྱེད་ལྟར་བྱ་ཞིང་དགེ་བ་བསྔོ། རྟེན་མེད་ན་དམ་ཡེ་གཉིས་ཀ་རང་ལ་བསྟིམ། མགྲོན་ཐབས་ཀྱི་ལྷ་རྣམས་སརྦ་གཙྪས་རང་གནས་སུ་གཤེགས། བཀྲ་ཤིས་བཀའ་རྒྱ་མའམ་ཞལ་ནས་གསུངས་པའི་ཚིག་ཕྲེང་ཅི་རིགས་བརྗོད་པས་བདེ་ལེགས་སུ་བྱའོ། །ཤངས་ཆོས་རྩ་བ་གསེར་ཆོས་ལྔའི་ཡ་གྱལ་མེ་ཏོག་མཁའ་སྤྱོད་དཀར་དམར་ཞེས་ཡོངས་སུ་གྲགས་ཀྱང༌། བྱིན་རླབས་ཀྱི་བཀའ་གསུམ་དང་ཡིག་རྙིང་ཁ་ཤས་ཤིག་གི་ལུང་རྒྱུན་འཕོ་བའི་ཁྲིད་སྲོལ་ཙམ་ལས་ཡིག་ཆ་ཕལ་ཆེར་གྱི་རྒྱུན་མ་བཞུགས་པ་དང༌། སྐབས་འདིར་ནི་གྲུབ་མཆོག་གོང་མ་དག་གིས་མཛད་པའི་ཡིག་ཆ་ཅི་རིགས་བཞུགས་པར་ངེས་པའང་བཀའ་ལུང་ལྟ་ཅི་སྨོས། དཔེ་ཙམ་ཡང་སྤྱོད་ཡུལ་དུ་མ་གྱུར་པས། ཟབ་ཆོས་འདི་ཉིད་ཉམས་ལེན་གྱི་རྒྱུན་ནུབ་པར་ཕོངས་ཏེ། རྗེ་བཙུན་ཐམས་ཅད་མཁྱེན་པའི་གསུང་རབ་རྩ་བར་བཟུང༌། ཡིག་རྙིང་གི་དགོངས་བཅུད་བསྡུས། རིགས་མཐུན་འོས་ཤིང་འཐད་པས་ཟུར་བརྒྱན་ནས་འདུས་གསལ་དུ་བཀོད་པའོ། །ཆོས་འདིར་དད་ཅིང་གཞན་ལ་ཕན་འདོད་བློས། །འོས་པར་བསམ་ཞིང་འཐད་པར་སྦྱར་རློམས་ཀྱང༌། །དོན་ཟབ་གནས་ལ་བྱིས་བློ་རྣམ་པར་འཁྱམས། །དེ་བས་འགལ་འཁྲུལ་བླ་མ་ལྷ་ལ་བཤགས། །འགྲོ་ཀུན་རྡོ་རྗེ་བཙུན་མོས་རྗེས་བཟུང་སྟེ། །མཁའ་སྤྱོད་ཐར་པའི་ཕོ་བྲང་ཉམས་དགའ་བར། །ཚོགས་ཀྱི་དབང་ཕྱུག་སྙིང་རྗེའི་སྟོབས་ཅན་དུ། །གྱུར་ནས་མཁའ་ཁྱབ་འགྲོ་ཀུན་འདྲེན་བྱེད་ཤོག །ཅེས་པའང་ཟབ་ཆོས་འདི་ལ་མི་ཕྱེད་པའི་འདུན་པ་ཅན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ལ་རྫོགས་པར་སྦྱར་བ་དགེ་ལེགས་འཕེལ།། །།