བསྟན་སྲུང་གཙོ་མོ་འདོད་ཁམས་དབང་ཕྱུག་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཀའ་བརྒྱུད་བསྟན་པའི་བ་དན།

From Damngak Dzö
DNZ-10-THA-037
Wylie title bstan srung gtso mo 'dod khams dbang phyug ma'i sgrub thabs rjes gnang dang bcas pa bka' brgyud bstan pa'i ba dan DNZ-10-THA-037.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 10, Text 37, Pages 923-940 (Folios 1a1 to 9b2)
Author འཇམ་མགོན་ཀོང་སྤྲུལ་
Citation 'jam mgon kong sprul. Bstan srung gtso mo 'dod khams dbang phyug ma'i sgrub thabs rjes gnang dang bcas pa bka' brgyud bstan pa'i ba dan. In Gdams ngag rin po che'i mdzod, Vol. 10: 923-940. Kalimpong: Rigpe Dorje Publications, 2024. DNZ-Shechen-10-THA-031.pdf
Shechen Publications, 1999
Side notes Recto: sgrub thabs rjes gnang   Verso: bka' brgyud skor
More details More details
Genre Permission to Invoke (anujñā) - rjes gnang  ·  Sadhanas - Evocation Ritual - sgrub thabs
Deity dbang phyug ma
Colophon

།ཅེས་གདམས་ངག་རིན་པོ་ཆེའི་མཛོད་ལས་མངའ་བདག་མར་རྔོག་གི་བཀའ་སྲོལ་འཛིན་པའི་སྲུང་མ་ཐུན་མོང་མ་ཡིན་པའི་རྗེས་གནང་འདི་ཉིད་དགོས་པའི་དབང་གིས་སྒྲུབ་ཐབས་རིན་འབྱུང་ལས་ཁོལ་ཕྱུང་བཀླགས་པས་ཆོག་པར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོའི་སྒྲུབ་གནས་སུ་བཀོད་པ་དགེ་ལེགས་འཕེལ།།

ces gdams ngag rin po che'i mdzod las mnga' bdag mar rngog gi bka' srol 'dzin pa'i srung ma thun mong ma yin pa'i rjes gnang 'di nyid dgos pa'i dbang gis sgrub thabs rin 'byung las khol phyung bklags pas chog par karma ngag dbang yon tan rgya mtsho'am/__blo gros mtha' yas pa'i sdes rdzong shod bde gshegs 'dus pa'i pho brang chen po'i sgrub gnas su bkod pa dge legs 'phel/

[edit]
༄༅། །བསྟན་སྲུང་གཙོ་མོ་འདོད་ཁམས་དབང་ཕྱུག་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཀའ་བརྒྱུད་བསྟན་པའི་བ་དན་ཅེས་བྱ་བ་བཞུགས་སོ། །

༄༅། །ན་མོ་གུ་རུ་བཛྲ་དྷ་རཱ་ཡ། ཤེར་ཕྱིན་ཡུམ་གྱི་ཕྲིན་ལས་རྩལ། །བསྟན་སྲུང་གཙོ་མོའི་སྐུར་སྣང་བ། །འདོད་ཁམས་དབང་ཕྱུག་དུད་སོལ་མས། །བསྟན་པ་རྒྱས་པའི་དགེ་ལེགས་སྩོལ། །མངའ་བདག་མར་པའི་བསྟན་སྲུང་བརྒྱ་རྩ་བརྒྱད་ལས་ཁྱད་པར་དུ་འཕགས་པ་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མའི་རྗེས་གནང་བྱ་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི། སྟེགས་བུ་གྲུ་བཞི་ལ་འབྲུབ་ཁུང་གྲུ་གསུམ་ནག་པོ་བྱ༑ དེའི་དབུས་ཐོད་སྐམ་གྱི་རྭ་བ་ཟླུམ་པོའི་ནང་དུ་གྲུ་གསུམ་མཐིང་ནག་ཟུར་གསུམ་དུ་རྡོ་རྗེ་ཕྱེད་པས་མཚན་པ་བྲིས་པའི་དབུས་སུ་ནས་ནག་གིས་ཚོམ་བུ་གཅིག་བཀོད། དེའི་མདུན་དུ་ཁྲིའུའི་ཁར་ཟངས་ལྕགས་ཀྱི་སྣོད་དུ། ར་ནག་དང་བྱ་ནག་གཙོ་བོར་གྱུར་པའི་ཤ་ཁྲག་སྣ་ཚོགས་པས་སྦགས་པའི་གཏོར་མ་ཐོད་མཁར་མའམ་ཁ་ཊྭཱཾ་མ་གང་རུང་བཅས་ལ་བཤམ། མེ་ཏོག །སྤོས། དྲི་ཆབ། ཞལ་ཟས། མར་མེ་ལྔ་པོ་གོ་རིམ་ལྟར་བཀོད། འབུལ་གཏོར་ཟུར་པ་སོགས་མཁོ་བའི་ཡོ་བྱད་རྣམས་འདུ་བྱའོ། །གཉིས་པ་ལ་ཐོག་མར་སྒྲུབ་མཆོད་ནི། བདག་བསྐྱེད་རྔོག་ལུགས་དགྱེས་རྡོར་རྒྱས་བསྡུས་གང་རུང་གྲུབ་ན་ལེགས། གཞན་ཡང་བདེ་མཆོག་མཱ་ཡཱ་གདན་བཞི་ལྟ་བུ་མར་པའི་བཀའ་བརྒྱུད་ལས་བྱོན་པ་ཞིག་གི་རྣལ་འབྱོར་ལ་གནས་དགོས་ཤིང༌། དེ་དག་ཀྱང་རྒྱས་པར་མི་ནུས་ན་དྲན་པ་གཅིག་པའི་བཟླས་སྒོམ་ཙམ་གྱིས་འཐུས་སོ། །དེ་ནས་མདུན་བསྐྱེད་མཆོད་པ་བྱིན་རླབས་ནི། ༀ་སརྦ་སཾ་ཤོ་དྷ་ནི་ཨཱཿ ཧཱུྃ་སྭཱ་ཧཱས་བསང༌། ས་བྷ་ཝས་སྦྱང༌། སྟོང་པའི་ངང་ལས། ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་བསང་གཏོར། མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི། ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་པའི་ཡོ་བྱད་རྣམས་རང་བཞིན་སྟོང་པ། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་སྐྱེད་ནུས་པར་གྱུར། ༀ་སརྦ་སཾ་ཤོ་དྷ་ནི་ཨཱཿ ཧཱུྃ་སྭཱ་ཧཱ། ༀ་ཛཿ ཧཱུྃ་བྃ་ཧོཿ ཁྃ་རྃ་ཨཱཿ ཧཱུྃ་སྭཱ་ཧཱ། ༀ་ནཱི་རི་ཏི་ཧཱུྃ་ཁ་ཨཱཿ ཧཱུྃ་སྭཱ་ཧཱ། ༀ་བཛྲ་པུཥྤེ་ཨཱཿ ཧཱུྃ་སྭཱ་ཧཱ། དེ་བཞིན་དུ་སྦྱར་ཏེ། དྷུ་པེ། གནྡྷེ། ནཻ་ཝིདྱ། ཨཱ་ལོ་ཀེ། རྣམས་དང༌། ༀ་བཛྲ་གྷཱནྚེ་ར་ནི་ཏཱ། སོགས་ཀྱིས་རོལ་མོའི་བྱིན་དབབ། མདུན་དུ་སྐད་ཅིག་གིས་ལྷ་མོ་དུད་སོལ་མ་བཞུགས་པའི་སྙིང་གར། ༀ་དཀར་པོ་ལ་གནས་པའི་ར་ཡིག་དམར་པོ། ར་ལས་མེ་འོད་འཕྲོ་བས། སྐུ་ལུས་སྐད་ཅིག་གིས་བསྲེགས། ༀ་དེའི་སྟེང་དུ་བཾ་ཡོངས་སུ་གྱུར་པ་ལས་བུམ་པ་དཀར་པོ་བདུད་རྩིས་གང་བ། དེ་ལས་བདུད་རྩི་ལུད་དེ། ༀ་བཀྲུས་པས་འོད་ཟེར་དཀར་པོ་རབ་ཏུ་འབར་བར་གྱུར། ༀ་ཨཾ་མ་ཧཱ་ཀ་ལི། དེ་ཝི་ཀ་ར་ལི། བིཀྲནྟ་ཙཎྜ་ནུ་པི་ཎི་ཧཱུྃ་ཕཊ། དེ་ཉིད་སྐད་ཅིག་གིས་དཔལ་ལྡན་ལྷ་མོའི་སྐུར་གྱུར་པ་ནི། སྐུ་མདོག་ནག་མོ། ཀེང་རུས་ལྟར་སྐེམ་པའི་ལུས་ཅན། ཞལ་གཅིག་ཕྱག་བཞི་ཞབས་གཉིས་པ། གཡས་ཀྱི་དང་པོ་ན་རལ་གྲི། གཉིས་པ་ན་བཉྫ་དམར་ཆེན་གྱིས་བསྐྱིལ་བ། གཡོན་གྱི་དང་པོ་ན་ཤཀྟི། གཉིས་པ་ན་ཏྲི་ཤུ་ལ་དར་དཔྱངས་ཅན་འཛིན་པ། མི་རོ་རེངས་པ་ཁར་བཅུག་ནས་མཆེ་བ་གཙིགས་པ། སྤྱན་གསུམ་དམར་བ། དབུ་སྐྲ་རལ་པ་དམར་སེར་གྱེན་བརྫེས་ལན་བུ་གཡོན་དུ་འཁྱིལ་བ། སྦྲུལ་དང་ཐོད་ཕྲེང་གིས་བརྒྱན་པ་སྙན་གཡས་ན་དྲིལ་བུའི་མགུལ་རྒྱན་ཅན་གྱི་སྦྲུལ་དང༌། གཡོན་ན་སེངྒེས་བརྒྱན་པ། མེ་ཏོག་དང་དར་ནག་གི་ཅོད་པན་ཅན། ལྷ་མ་ཡིན་གྱི་མགོ་བོས་དོ་ཤལ་བྱས་པ། གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང༌། བ་གླང་གི་པགས་པ་རེ་ལྡེ་སེར་པོའི་ཤམ་བུ་ཅན་གྱིས་སྨད་དཀྲིས་པ་ལ། ཀླུའི་རྒྱལ་པོ་བཤིབས་པས་སྐེ་རགས་བྱས་པ། ལྕགས་སྒྲོག་གིས་བརྒྱན་པའི་ཞབས་གཉིས་བོང་བུ་གྭ་པའི་སྟེང་ན་བཙན་བསྐྱིལ་གྱིས་བཞུགས་པ། དུར་ཁྲོད་ཀྱི་དབུས་ན་སྒྲ་དྲག་པོ་སྒྲོག་ཅིང༌། མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེས་བསྐོར་བ། དེའི་ཐུགས་ཀར་ཐུགས་ཀྱི་ཡེ་ཤེས་མར་མེ་ལྟར་འབར་བ་སྒོ་ངའི་དབྱིབས་ཅན་སོར་བཞི་པ། དེའི་དབུས་སུ་ཧཱུྃ། མཐའ་སྐོར་དུ་ༀ་ཧཱུྃ་ཤྲཱི་ཡ། དེ་ཝཱི་ཀ་ལི་མ་ཧཱ་ཀ་ལི་ཧཱུྃ་བྷྱོཿ ཞེས་པས་བསྐོར་བར་གྱུར། ཐུགས་ཀའི་ཧཱུྃ་ལས་ཧཱུྃ་གཅིག་ཆད་དེ་བྷ་གར་ཐིམ། བཛྲ་ལཱ་སྱ་རཱ་ག་ཡ་མི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། རང་བཞིན་གྱིས་གྲུབ་པའི་ལྷ་མོ་དཔལ་ནག་མོ་འབུམ་སྡེ་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ བྷྱོཿ རི་རབ་ཆེན་པོའི་བྱང་ཤར་མཚམས། །གཡུ་མཚོ་མུ་ལེ་གཏིང་གི་དབུས། །རིན་ཆེན་ལྔ་ལྡན་གཞལ་ཡས་ཁང༌། །དེ་དབུས་སྲིད་གསུམ་ཐོད་མཁར་དབུས། །གྲུ་གསུམ་འབར་བའི་ཀློང་དཀྱིལ་ནས། །དཔལ་ལྡན་ལྷ་མོ་དུད་སོལ་མ། །སྐུ་མདོག་མཐིང་ནག་འཇིགས་པའི་གཟུགས། །ཞལ་གཅིག་ཕྱག་བཞི་བོང་བུ་ཆིབས། །འཁོར་ཡང་མ་མོ་འབུམ་སྡེའི་ཚོགས། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ད་ལྟ་སྙིགས་མའི་དུས་ཉིད་དུ། །དམ་ཅན་གཤེགས་པར་མི་འོས་ཀྱང༌། །སྔོན་ཚེ་བྱང་ཆུབ་ཤིང་དྲུང་དུ། །ཐུབ་པ་ཆེན་པོའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །སངས་རྒྱས་བསྟན་པ་བསྲུང་བ་དང༌། །འགྲོ་ཀུན་བདེ་ལ་འགོད་པའི་ཕྱིར། །དཔལ་ལྡན་ལྷ་མོ་གཤེགས་སུ་གསོལ། །གསང་སྔགས་སྲུང་མ་དམ་ཚིག་ཅན། །འཁོར་བཅས་གཤེགས་ཤིང་བཞུགས་སུ་གསོལ། །ཞེས་སྤྱན་དྲངས། ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀ་ལི་ཀ་ལི་མ་ཧཱ་ཀ་ལི་ཧཱུྃ་བྷྱོཿ དྲྀ་ཤྱ་ཛཿ ཧཱུྃ་བྃ་ཧོཿ ས་མ་ཡ་སྟཾ། ས་མ་ཧོཿ ཞེས་པས་གཉིས་སུ་མེད་པར་ཐིམ། འཁོར་ནག་མོ་འབུམ་སྡེ་ཐམས་ཅད་ཀྱང་གཅེར་བུ་རལ་པ་ཅན། གཡས་མི་སྙིང་དང༌། གཡོན་བནྡྷ་སྐྲ་ཅན་ཐོགས་པའོ། །ཐམས་ཅད་ཀྱི་ཐུགས་ཀར་ཡང་བྷྱོ་ཡིག་གིས་མཚན་པ། དུད་པའི་སོལ་བ་མ་ཁྱེད་ཀྱི་སྐུ་མྱུར་དུ་སྟོན་ཅིག །སྐུ་མི་སྟོན་ན་ཡང་ཡིད་ལ་གང་འདོད་ཐམས་ཅད་གྲུབ་པར་གྱིས་ཤིག །ནང་མཆོད་གཏོར་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་ཧ་ན་ཧ་ན་བཛྲ་ས་མ་ཡ་མ་ཏི་ཀྲ་མ་ནཾ་ཧཱུྃ་ཕཊ། ཅེས་དམ་ལ་བཞག །ༀ་ཧཱུྃ་ཤྲཱི་ཡ་སོགས་སྙིང་པོའི་མཐར། བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཕཊ། དེ་བཞིན་དུ། དྷུ་པེ། གནྡྷེ། ནཻ་བིདྱ། ཨཱ་ལོ་ཀེ། ཞེས་སྦྱར། གཏོར་མའི་ནང་དུ་ཧ་སེར་པོ་ཧོ་དཀར་པོ་ཧྲཱིཿ སྔོན་པོ་དེ་རྣམས་ཀྱི་འོད་ཀྱིས་ཁ་དོག་དྲི་རོ་ངན་པ་བཅོམ་སྟེ། བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཧ་ཧོ་ཧྲཱིཿ སྭཱ་ཧཱ། ལན་གསུམ་བརྗོད། ༀ་ཧཱུྃ་སོགས་ཀྱིས་མཐར། ༀ་མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། ཨི་དཾ་བཱ་ལིཾ་གྲྀཧྞ་གྲྀཧྞ་པཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་བདུན་གྱིས་ཕུལ་བས་འཁོར་དང་བཅས་པས་གསོལ་བར་བསམ། བསྟོད་པ་རྒྱས་པ་སྤྲོ་ན་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་ནི། བྷྱོཿ ཏིལ་མར་གྱིས་བསྐུས་ལན་བུ་གཅིག་འཕྱངས་རོ་ཉེའི་རྣ་ཆས་སྒེག་ཅིང་ཆ་ལུགས་མ་ལུས་འཆང༌། །རྒྱན་དུ་རྐང་སྒྲོག་ལྕགས་ལས་བྱས་པ་གཅིག་གིས་རང་གི་རྐང་པ་མཛེས་པར་བྱས་པ་སྟེ། །གཅེར་བུ་བོང་བུ་ཞོན་ནས་འགྲོ་བ་འདི་ན་རྒྱུ་བ་དེ་ནི་ལྷ་མོ་ཁྱེད་ཡིན་ཏེ། །བདག་གི་མཛེས་པར་ཤེས་ཀྱིས་གཞན་ལྟས་ཁྱོད་ཀྱི་སྤྱོད་པའི་མཚན་ཆེན་དོན་དག་སུ་ཡིས་ཤེས། །འཁོར་བའི་འཇིག་པའི་ཚེ་ན་མི་ལུས་དག་ལས་ཁྲག་དང་ཞག་འཛག་དུད་པ་འཐུལ་བ་ན། །ལྷ་མོ་མཆེ་བ་མི་བཟད་གཙིགས་པ་ཁྱོད་ཀྱི་ཞལ་དུ་འགྲོ་ཀུན་སྐད་ཅིག་ཙམ་གྱིས་ཞུགས་པར་འགྱུར། །ནག་མོ་མི་ཐོད་ཐོགས་པ་ཁྱེད་ནི་རྣལ་འབྱོར་བསྒྲུབ་པའི་སྤྱོད་ཡུལ་ཅན་དེ་དུར་ཁྲོད་དགྱེས། །ཁྱོད་ནི་གཡོན་ཅན་མནན་ཅིང་ནད་དང་འཆི་བའི་འཇིགས་པ་སེལ་ཞིང་མི་ཟད་དྲིལ་ཡང་སྒྲོག །ཁྱོད་ནི་དཔའ་བོ་དག་གི་མགོ་ནི་ཅོད་པན་ལེགས་སྤྲས་གཡུལ་དུ་མཚོན་གྱིས་བསད་པ་ཡི། །ཕྲེང་བ་ཐོགས་ཤིང་གར་བྱེད་ལག་པ་མཉེན་རྐྱང་རྐུབ་ཚོས་ཆེ་ཞིང་ཀླུ་དབང་གཤིབས་པ་ཡི། །སྐ་རགས་འཆིང་ཞིང་ལག་ན་མདུང་དང་རལ་གྲི་ཐོགས་ཤིང་ཁྲག་གི་ཆང་གིས་མྱོས་གྱུར་པས། །མིག་རྩ་དམར་མོར་གྱུར་ཅིང་མཚན་མོ་དུར་ཁྲོད་རྒྱུ་བ་འབྱུང་པོ་ཕལ་ཆེར་རྣམས་ཀྱིས་མཐོང༌། །ཀོ་རློན་ཆེན་པོ་དྲལ་ཏེ་རྒྱངས་པའི་གོས་ཀྱིས་ན་བཟའ་སྟོད་གཡོགས་སྨད་ནི་རེ་ལྡེ་སེར་པོས་དཀྲིས། །མི་ཡི་རྒྱུ་མ་གསར་པའི་སྦུབས་ཀྱིས་ཞལ་གྱི་ཟླ་བ་བརྒྱན་ཅིང་དྲིལ་བུ་འགྲམ་པར་འཁྲོལ། །ལུས་ནི་སྣུམ་གྱིས་གསར་དུ་བྱུགས་ཤིང་ཁྲག་དང་ཞག་མང་འཛག་པའི་ཐིག་ལེས་ཚོམ་བུ་བྲིས། །མི་ཡི་ཤ་ལ་སོ་ཡིས་ཆོམ་ཆོམ་གཅོད་བྱེད་ཐོད་པ་ཅན་དེས་བདག་ལ་སྐྱོང་གྱུར་ཅིག །དྲག་པོ་དྲག་མོ་མི་བཟད་མི་ཤ་ཁ་ན་ཐོགས་པ་སྔོན་ཆད་མ་བྱུང་ཁྱོད་མཐོང་ནས། །མ་མོ་རྣམས་ཀྱང་སྐྲག་ཅིང་རྟབས་ལ་རྔམ་པ་འདོན་ཅིང་མིག་རྩ་རིག་རིག་ཁྱོད་ལ་འདུད། །ནག་མོ་བཟང་མོ་ལུས་མདོག་ནག་ཅིང་བཟོད་པར་དཀའ་བ་ཁྱོད་ལ་བརྒྱ་བྱིན་ལ་སོགས་ཀྱང༌། །ཉིན་གཅིག་བཞིན་དུ་བསྟོད་པར་བྱེད་ཅིང་གཤིན་རྗེའི་རྒྱལ་པོ་ཉིད་ཀྱང་འདར་ཞིང་འདུ་བར་བྱེད། །མི་རྣམས་དང་ནི་འགྲོ་བ་མ་ལུས་འཇུག་བརྟུལ་ནས་ནི་ཁྱོད་ཀྱི་རྣ་བ་ཡ་གཅིག་ལ། །བྲང་གིས་འགྲོ་བའི་གདེང་ཀ་སྟོང་དང་ལྡན་པ་གཅིག་གི་རྒྱབ་ནས་ཁྱོད་ལ་རྒྱན་དུ་བྱས། །ཡ་གཅིག་ལ་ནི་སེངྒེ་མཚུངས་མེད་འཕྱང་ཞིང་རྒྱ་མཚོའི་མཐའ་སྐོར་ས་གཞི་མ་ལུས་གནོན། །སྟེང་ནས་འབྱུང་བའི་ཉི་མ་འོད་ཟེར་སྟོང་ལྡན་དེ་ནི་ཁྱེད་ཀྱི་ལྟེ་བའི་ཕྱོགས་སུ་བཞག །བྷྱོཿ རྒྱ་མཚོའི་ཀློང་ནས་མེ་འབར་ཁྱོད། །མཚོ་རྣམས་སྐེམ་པར་ནུས་མ་སྟེ། །བུད་མེད་ཐམས་ཅད་ཞི་མཛད་ཕྱིར། །ལྷ་ཆེན་སྐུ་ཡི་ཕྱེད་དུ་བཞག །རྫོང་དང་བཀའ་ཟློག་ནག་མོ་ཆེ༑ ༑ལྷ་དང་ལྷ་མིན་ཕྱག་བྱས་མ། །མི་ནད་གང་ཡིན་ཁྱོད་མི་ཤེས། །དེ་ལ་འཇིགས་པ་མེད་པར་འགྱུར། །གཤིན་རྗེའི་ལྕམ་མོ་བདུད་ཀྱི་ཡུམ། །འདོད་པ་ཁམས་ཀྱི་དབང་ཕྱུག་མ། །སངས་རྒྱས་བསྟན་པ་སྲུང་བ་ཡི། །དཔལ་ལྡན་ལྷ་མོ་ཁྱེད་ལ་བསྟོད། །བསྡུ་ན། བྷྱོཿ དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །རང་དོན་བསྒྲུབ་ཕྱིར་རྣམ་ཐར་ལ་གཞོལ་ཡང༌། །སྙིང་རྗེའི་དབང་གིས་རྗེས་ལ་ཐོབ་པ་ཡི། །ཤེས་རབ་སྣ་ཚོགས་དག་གིས་འགྲོ་དོན་མཛད། །ལྷོ་ཕྱོགས་གཤིན་རྗེའི་ཕོ་བྲང་རྟག་ཏུ་གནས། །ཁམས་གསུམ་སྐད་ཅིག་ཙམ་གྱིས་སྐོར་བར་བྱེད། །གཞན་ལ་དབང་བསྒྱུར་འདོད་ཁམས་ཡ་མཐར་ཕྱིན། །དབང་ཕྱུག་ཆེན་པོའི་སྐུ་ལ་དགྱེས་འཁྲིལ་མ། །ལྷ་དབང་བརྒྱ་བྱིན་ལྷ་མིན་དབང་པོ་དང༌། །ཚངས་པའི་རྒྱལ་པོ་ས་འོག་དབང་པོ་དང༌། །རྒྱལ་ཆེན་བཞི་ལ་སོགས་པས་ཕྱག་བྱས་མ། །བདུད་དང་གཤིན་རྗེའི་རྒྱལ་པོ་འདར་ཞིང་འདུད། །མཚན་མོ་ནག་མོ་ཤིན་ཏུ་གཏུམ་པའི་གཟུགས། །མ་མོ་སྲིན་མོའི་ཚོགས་རྣམས་འདར་ཞིང་དངངས། །ཕྱོགས་བཅུའི་དུག་བསྡུས་ཉི་མ་ཚིམས་པར་མཛད། །ནད་རྣམས་སློང་བྱེད་ནད་བདག་དམ་ལ་འདུ། བདུད་རྩིའི་བཅུད་བསྡུས་ཟླ་བར་ཐིམ་མཛད་མ། །ནད་ཡམ་གཅོད་མཛད་སྨན་མོ་དམ་ལ་འདུ། །གང་ཞིག་ཁྱེད་ལ་དད་ན་མ་བས་བྱམས། །ལྷ་མོ་ཁྱེད་ལ་བདག་གིས་རྟག་ཏུ་བསྟོད། །རཀྟ་དང་ཆང་གཏོར་མ་ལ་གཏོར་ཞིང༌། ༀ་རོ་རུ་རོ་རུ་བི་ཏིཥྛ། བ་ཏོ་སི། ཀ་མ་ལ་རཀྵ་སི་ཧཱུྃ་བྷྱོ། དགྲ་བགེགས་མ་ར་ཡ་ཧཱུྃ་ཕཊ། ཅེས་བརྗོད། དེ་ནས་བཟླས་པ་བྱ་བ་ནི། བདག་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། ལྷ་མོའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལ་ཕོག་པས་སྔོན་གྱི་དམ་ཚིག་དྲན་ཏེ་ཕྲིན་ལས་རྣམ་བཞི་ཐོགས་མེད་དུ་བསྒྲུབ་པར་བསམས་ལ། ༀ་ཧཱུྃ་ཤྲཱི་ཡ་སོགས་ཅི་འགྲུབ་བཟླ། མཐར་ཐུན་གཏོར་འབུལ་བ་ནི། མཆེ་བའི་ཕྱག་རྒྱ་ཁའི་གྲྭར་བཅས་ལ། ༀ་བྷྱོཿ བརྟ་ལི་བརྟ་ལི་ཚེ། ཁ་ཁྲུས་བཏབ་ལ། ཧཱུྃ། དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་གཙིགས་བྱེད་ཡི་དྭགས་ཁ། །དམ་ཚིག་སྲུང་མ་ཁྲག་དགའ་མོ། །ཀ་ལིའི་སྒྲ་སྒྲོག་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚལ་དབུས་སུ། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཙིགས་བྱེད་ལྷ་མོ་དུད་སོལ་མ༑ ༑གསོལ་ཞིག་བཞེས་ཤིག་དམ་ཚིག་ལྷ། །གནས་སུ་གནས་པར་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱེད་ཀྱིས་གྲུབ་པར་གྱིས། །བདག་གི་ལས་ནི་ཅི་བྱེད་ཀྱང༌། །དེ་ལ་ཀུན་གྱིས་གྲོགས་གྱིས་ཤིག ༑གྲྀཧྞ་གྲྀཧྞ་སརྦ་དུཥྚཾ་བྷཀྵ་བྷཀྵ། ཕྲེཾ་ཕྲུཾ་ཕྲེཾ་ཕྲོཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ལ་སེ་གོལ་གདབ། ཕྲིན་ལས་བཅོལ་འདོད་དོན་གསོལ་བཏབ་གང་འོས་བྱ། དེ་ལྟར་བགྱིའོ། །ཞེས་ཞལ་གྱིས་བཞེས་པར་བསམ། གཏོར་མ་གཙང་སར་བཏང་ངོ༌། །དེ་ནས་རྗེས་གནང་གི་རིམ་པ་ལ། ཐོག་མར་སློབ་མ་རྣམས་ལ་ཆབ་བཏབ། གྲལ་དུ་འཁོད། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། དེའང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་གནོད་ཅིང་འཚེ་བའི་གདུག་པ་ཅན་ཐམས་ཅད་ཚར་གཅོད་པ་དང༌། སྒྲུབ་པ་པོའི་བྱང་ཆུབ་ཀྱི་ལམ་ལ་བར་དུ་གཅོད་པ་རྣམས་སེལ་ཞིང་དངོས་གྲུབ་རྣམ་པ་གཉིས་སྩོལ་བའི་སྡོང་གྲོགས་མཛད་པ་ལ་དཔལ་གྱི་མགུལ་ནས་ཆེད་དུ་བསྔགས་པ་ཡེ་ཤེས་ཀྱི་མ་མགོན་ལྕམ་དྲལ་རྣམས་ཀྱི་ནང་ནས་ཀྱང་མྱུར་མགྱོགས་ཀྱི་རྩལ་ཆེ་ཞིང་སྒྲུབ་པ་པོ་ལ་སྙིང་ཉེ་བ་སོགས་ཀྱི་ཁྱད་པར་དུ་འཕགས་པ། དུས་གསུམ་རྒྱལ་བའི་ཡུམ་མཆོག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད་ཡེ་ཤེས་ཀྱི་མ་མོའི་ཚུལ་བཟུང་བ་འདོད་ཁམས་དབང་ཕྱུག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་འདི་ནི། དགྱེས་མཛད་སྤྲུལ་པའི་རྣམ་རོལ་མངའ་བདག་མར་པ་ལོ་ཙཱ་བ་འཕགས་ཡུལ་དུ་ལན་རྗེས་མར་ཕེབས་སྐབས། དཔལ་ནཱ་རོ་པ་ཆེན་པོ་ལ་ཉིད་ཀྱི་ཆོས་སྲུང་ཐུན་མོང་མ་ཡིན་པ་རྣམ་པ་གསུམ་གནང་བར་གསོལ་བ་བཏབ་པས། གསུམ་ག་མི་འོང་གང་རུང་ཞིག་འདོམ་གསུངས་པས་གསུམ་གྱི་ནང་ནས་འདི་ཉིད་རྒྱུད་ཀྱི་ཁུངས་བཙུན་ཞིང་བླ་མའི་ཐུགས་གཙིགས་ཆེ་བར་དགོངས་ནས་དུད་སོལ་མ་གནང་བར་ཞུས་པས་རྒྱུད་གདམས་ངག་ཡོངས་སུ་རྫོགས་པར་གནང་ནས། ཆུ་བོ་གངྒཱ་ཕན་ཆོད་དུ། །དེ་སྔ་མེད་པའི་ཆོས་སྐྱོང་ཡིན། །ལས་སླ་བར་མ་དགོངས་ཉམས་སུ་ལོངས། །ཞེས་གདམས་ཤིང་བཀའ་གཉེར་དུ་གཏད་པས་ལྷོ་བྲག་མར་པའི་བཀའ་བརྒྱུད་འཛིན་པ་རྣམས་ལ་ལྷག་པར་འགོ་ཞིང་བསྟན་པ་གཡེལ་མེད་དུ་སྐྱོང་བར་མཛད་པའི་སྲུང་མའི་གཙོ་བོ་ཁྱད་པར་ཅན་འདི་ལ་རྗེས་གནང་གི་རྣམ་གྲངས་འགའ་ཞིག་མཆིས་པ་ལས་འདིར་རྩ་བའི་རྗེས་གནང་རྔོག་པའི་ཕྱག་བཞེས་བསླད་མེད་ཉིད་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དཔལ་ལྡན་མགོན་པོ་བརྩེ་བ་ཅན། །ཡེ་ཤེས་ལྷ་མོ་འཁོར་བཅས་ཀྱི། །སྐུ་གསུང་ཐུགས་དང་ཕྲིན་ལས་ཀྱི། །རྗེས་སུ་གནང་བ་སྩལ་དུ་གསོལ། །ཞེས་ལན་གསུམ། ཁྱེད་རང་རྣམ་པར་དག་པར་བྱ་བའི་སླད་དུ། བླ་མ་དང་ཡི་དམ་དབྱེར་མ་མཆིས་པ་རྒྱལ་བ་སྲས་དང་ཆོས་སྐྱོང་སྲུང་མར་བཅས་པའི་སྤྱན་སྔར་རྒྱུན་བཤགས་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དམིགས་འདུན་རྩེ་གཅིག་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། ཡང་ན་འདིའི་མལ་དུ་ཡན་ལག་ལྔ་པ་བྱས་ཀྱང་ཆོག །དེ་ནས་རྗེས་གནང་དངོས་ཀྱི་ཐོག་མར་སྐུའི་རྗེས་གནང་གི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་གཏོར་མ། འདི་ཉིད་དཔལ་ལྡན་ལྷ་མོ་དུད་སོལ་མ་སྐུ་མདོག་ནག་མོ། སོགས་གང་གི་མངོན་རྟོགས་ལྟར། མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེས་བསྐོར་བ་གསལ་ཐོབ། དེ་ལ་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་མོས་གུས་བྱས་པས། མདུན་བསྐྱེད་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་བྱིན་རླབས་འོད་ཟེར་གྱི་རྣམ་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཁྱེད་རང་ལ་ཐིམ་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སངས་ཀྱིས་སྦྱངས། ཡང་མདུན་བསྐྱེད་དང་སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་ཀ་ནས་ལྷ་མོའི་སྐུ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཁྱེད་རང་ལ་ཐིམ་པར་སྒོམས་ཤིག །གུ་གུལ་སོགས་སྤོས་བདུག །རོལ་མོའི་སྒྲ་བྱས་ལ། སྙིང་པོའི་མཐར། ཨཱ་བེ་ཤཱ་ཡ། ཨ་བེ་ཤཱ་ཡ། ར་ར། ར་ར། ཙཱ་ལ་ཡ། ཙཱ་ལ་ཡ། ཧཱུྃ་ཨ་ཧ་ཛྷཿ ཞེས་ལན་བརྒྱ་རྩ་བརྒྱད་བརྗོད། དེ་ནས་ཁྱེད་རང་རྣམས་སྐད་ཅིག་གིས་ལྷ་མོ་དུད་སོལ་མར་གསལ་བའི་སྙིང་གར་ༀ་དཀར་པོ་ལ་གནས་པའི་ར་ཡིག་དམར་པོ། སོགས་ནས། མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེས་བསྐོར་བར་གྱུར་པར་གསལ་ཐོབ། དཔྲལ་བར་དྲི་བཟང་གིས་ཐིག་ལེ་བྱས་ལ། སྙིང་པོའི་མཐར། ༀ་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་མཾ། ཏིཥྛ་བཛྲ་ཧཱུྃ། ཞེས་བརྗོད་དེ་བརྟན་པར་བྱ། དེས་སྐུའི་རྗེས་སུ་གནང་བ་ཐོབ། ལུས་ཀྱི་ནད་གདོན་སྡིག་སྒྲིབ་དག །ལྷའི་རྣལ་འབྱོར་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །གསུང་བཟླས་པའི་ལུང་བླང་བ་ལ་དམིགས་པ་འདི་བཞིན་དུ་མཛོད། ལྷ་མོའི་ཐུགས་ཀར་ཐུགས་ཀྱི་ཡེ་ཤེས་མར་མེ་ལྟར་འབར་བ་སྒོ་ངའི་དབྱིབས་ཅན་སོར་བཞི་པ། དེའི་དབུས་སུ་ཧཱུྃ་ནག་པོ་དང༌། མཐའ་སྐོར་དུ་ༀ་ཧཱུྃ་ཤྲཱི་ཡ་དེ་ཝཱི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ཞེས་པས་བསྐོར་བ་འོད་འབར་བ། སློབ་དཔོན་ལ་མོས་གུས་བྱས་པས་ཐུགས་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ལ་ཕོག་པས་ཐུགས་རྒྱུད་བསྐུལ། སྔགས་ཕྲེང་གཉིས་པ་ཆད། ཞལ་ནས་ཐོན་ཏེ་ཁྱེད་རང་རྣམས་ལྷ་མོར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་འོད་ཀྱི་སྒོ་ངའི་དབུས་སུ་ཧཱུྃ་ནག་པོའི་མཐའ་སྐོར་དུ་འཁོད། དེའི་དུས་སུ་སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་ཀ་ནས་ཀྱང་བྱིན་རླབས་ཡིག་འབྲུའི་རྣམ་པ་ཆར་བབས་པ་ལྟར་བྱོན་ནས་ཐིམ་པར་མོས་ལ་སྔགས་འདིའི་རྗེས་ཟློས། སྙིང་པོ་ལན་གསུམ་རྗེས་ཟློས་བྱར་གཞུག །སློབ་དཔོན་ལ་མེ་ཏོག་ཕྲེང་བ་རེ་ཕུལ་བའི་མོས་པས་འདིའི་རྗེས་ཟློས། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། མེ་ཏོག་དེ་ཉིད་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ཏེ་ཁྱེད་རང་རྣམས་མགོ་ལ་བཅིངས་པར་མོས་ཤིག །སྙིང་པོས་བྱིན་གྱིས་བརླབས་པའི་མེ་ཏོག་སྤྱི་བོར་ལན་གསུམ་བཞག་སྟེ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མའི་གསུང་རིག་སྔགས་ཀྱི་ནུས་པ་ཐམས་ཅད་འཇུག་ཅིང་བརྟན་པར་གྱུར་ཅིག །མགྲིན་པར་ཐིག་ལེ་བྱས་ལ། ༀ་ཝཱ་ཀ་བཛྲ་ཨ་བྷི་ཥིཉྩ་མཱཾ། ཏིཥྛ་བཛྲ་ཧཱུྃ། ཞེས་བརྟན་པར་བྱ། དེས་གསུང་གི་རྗེས་སུ་གནང་བ་ཐོབ། ངག་གི་ནད་གདོན་སྡིག་སྒྲིབ་དག །བཟླས་བརྗོད་སྔགས་ཀྱི་རྣལ་འབྱོར་ལ་དབང་བར་བྱས་པ་ཡིན་ནོ། །ཐུགས་ཀྱི་རྗེས་སུ་གནང་བ་ལ་དམིགས་པ་འདི་ལྟར་དུ་སྒོམས་ཤིག །མདུན་བསྐྱེད་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀ་ནས་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཕྱག་མཚན་རལ་གྲི་ཐོད་ཁྲག་ཤཀྟི་རྩེ་གསུམ་གྱི་རྣམ་པ་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་གི་སྙིང་གར་ཐིམ་པར་སྒོམས་ཤིག །རོལ་མོ་བྱ། སྙིང་གར་ཐིག་ལེ་བྱས་ལ། ༀ་ཙིཏྟ་བཛྲ་ཨ་བྷི་ཥིཉྩ་མཱཾ། ཏིཥྛ་བཛྲ་ཧཱུྃ། ཞེས་བརྟན་པར་བྱ། དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ། ཡིད་ཀྱི་ནད་གདོན་སྡིག་སྒྲིབ་དག །ཏིང་ངེ་འཛིན་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །དེ་ནས་ཕྲིན་ལས་ཀྱི་རྗེས་སུ་གནང་བ་ལ་དམིགས་པ་འདི་ལྟར་དུ་མཛོད། ཧཱུྃ་ལས་བྱུང་བའི་རལ་གྲི་ལ་སོགས་པའི་ཕྱག་མཚན་རབ་ཏུ་འབར་བར་གྱུར། སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས། ཡེ་ཤེས་པ་ཕྱག་མཚན་རྣམ་པར་སྤྱན་དྲངས་ཏེ་བསྟིམ། དེ་ཉིད་ཁྱེད་རང་ལ་གཏད་དེ་ཕྲིན་ལས་ཐོགས་པ་མེད་པར་མངའ་གསོལ་བར་མོས་ཤིག །རལ་གྲི་སློབ་མའི་ལག་ཏུ་གཏད་ལ། དེང་ནས་བྱང་ཆུབ་སྙིང་པོའི་བར། །གདུག་པ་ཅན་ཀུན་ཚར་གཅོད་དང༌། །སངས་རྒྱས་བསྟན་པ་རྒྱས་པ་ཡི། །ཕྲིན་ལས་རབ་འབྱམས་སྤྱོད་པར་གྱིས། །ༀ་བཛྲ་ཁཌྒ་ཨ་བྷི་ཥིཉྩ་ཧཱུྃ། ཐོད་པ་གཏད་ལ། དེང་ནས་བྱང་ཆུབ་སྙིང་པོའི་བར། །སྐལ་ལྡན་རྗེས་སུ་འཛིན་པ་དང༌། །སངས་རྒྱས་བསྟན་པ་རྒྱས་པ་ཡི། །ཕྲིན་ལས་རབ་འབྱམས་སྤྱོད་པར་གྱིས། །ༀ་བཛྲ་ཀ་པཱ་ལ་ཨ་བྷི་ཥིཉྩ་ཧཱུྃ༑ ཤཀྟི་གཏད་ལ། དེང་ནས་བྱང་ཆུབ་སྙིང་པོའི་བར། །ནད་དང་བར་ཆད་ཞི་བ་དང༌། །སངས་རྒྱས་བསྟན་པ་རྒྱས་པ་ཡིས། །ཕྲིན་ལས་རབ་འབྱམས་སྤྱོད་པར་གྱིས། །ༀ་བཛྲ་ཤཀྟི་ཨ་བྷི་ཥིཉྩ་ཧཱུྃ། རྩེ་གསུམ་གཏད་ལ། དེང་ནས་བྱང་ཆུབ་སྙིང་པོའི་བར། །འགྲོ་བ་དབང་དུ་སྡུད་པ་དང༌། །སངས་རྒྱས་བསྟན་པ་རྒྱས་པ་ཡི། །ཕྲིན་ལས་རབ་འབྱམས་སྤྱོད་པར་གྱིས། །ༀ་བཛྲ་ཏྲི་ཤུ་ལ་ཨ་བྷི་ཥིཉྩ་ཧཱུྃ། ལྟེ་བར་ཐིག་ལེ་བྱས་ལ། ༀ་ཀརྨ་བཛྲ་ཨ་བྷི་ཥིཉྩ་མཱཾ། ཏིཥྛ་བཛྲ་ཧཱུྃ། ཞེས་བརྟན་པར་བྱ། དེས་ཕྲིན་ལས་ཀྱི་རྗེས་སུ་གནང་བ་ཐོབ། བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི། ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་བྱས་པ་ཡིན་ནོ། །དེ་ནས་ཁྱེད་རང་དཔལ་ལྷ་མོར་གསལ་བའི་སྙིང་གར་ཡི་དམ། དེའི་ཐུགས་ཀར་བྷྱོ་ཡིག་གི་སྟེང་དུ་ཧཱུྃ་གི་མཐའ་སྐོར་དུ། ཡི་དམ་གྱིས་བསྐོར་བ། སྔགས་ཀྱི་འོད་ཟེར་གྱི་དྲ་བ་དང་པོས་བྷྱོཿ ཡིག་བཅིངས་པར་བསམ་ཞིག འདིར་ཡི་དམ་བདེ་དགྱེས་སོགས་ལ་བྱེད་པ་ཡིན་ན་ལེགས་པས་དེ་ཀ་བསྒོམས། ངེས་པ་མེད་ན་ཁྲོ་བོའི་རིགས་ཤིག་བསྒོམ་དགོས་པས་སྤྱི་ཁྱབ་ཏུ་ཕྱག་རྡོར་བྱས་ན་ལེགས། དེ་ནས་གཏོར་མའི་བཀའ་བསྒོ་ནི། གཏོར་མ་ལ་དཔལ་འབར་བཙུགས་པ་ཐོགས་ལ། གཏོར་མ་འདི་ཉིད་དཔལ་ལྡན་ལྷ་མོ་དུད་སོལ་མ་འཁོར་དང་བཅས་པ༑ སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་རྣམས་བཞུགས་པར་གསལ་ཐོབ། སློབ་དཔོན་གྱིས་བཀའ་བསྒོས་པས་ཇི་ལྟར་བསྒོ་བའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་ཞལ་གྱིས་བཞེས་པར་མོས་ཤིག །སངས་རྒྱས་ཀྱི་བསྟན་པ་སྐྱོང་བའི་སྲུང་མ་ཆེན་མོ་འདོད་ཁམས་དབང་ཕྱུག་དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་འཁོར་མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེ་དང་བཅས་པ་ཁྱེད་རྣམས་ཀྱིས། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། ཏེ་ལོ་ཤེས་རབ་བཟང་པོ། ནཱ་རོ་ཛྙ་ན་སིདྡྷི། མར་པ་ཆོས་ཀྱི་བློ་གྲོས། རྔོག་ཆོས་སྐུ་རྡོ་རྗེ་འཆང༌། རྔོག་ཞེ་སྡང་རྡོ་རྗེ་ཡབ་སྲས་བརྒྱུད་པ་དང་བཅས་པ་རྣམས་ཀྱི་བཀའ་དང་དམ་ཚིག་གི་རིམ་པ་ལས་མ་འདའ་བར། རྡོ་རྗེའི་སློབ་མ་འདིའི་སྲུང་མ་ཆེན་མོ་མཛོད་ལ་ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་འགྲོགས་ཤིང་དམ་པའི་ཆོས་སྒྲུབ་པའི་འགལ་རྐྱེན་བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་སྲུང་བ་དང༌། མཐུན་རྐྱེན་ལེགས་པའི་ཚོགས་མ་ལུས་པ་འབད་མེད་ཡིད་བཞིན་དུ་འགྲུབ་ཅིང་མཆོག་ཐུན་མོང་གི་དངོས་གྲུབ་ཐོགས་པ་མེད་པར་འགྲུབ་པའི་ཕྲིན་ལས་གཉན་པོ་མཛད་དུ་གསོལ། ཞེས་གཏོར་མ་མགོ་བོ་དང་ལག་པར་བཞག །དེ་དེ་ལྟར་དུ་བགྱི་བར་ཞལ་གྱིས་བཞེས་པར་མོས། མཐར་གཏོར་མ་ལ། ནང་མཆོད་རྡོ་རྗེའི་རྩེ་མོས་གཏོར་ལ། འདི་ནི་ཁྱེད་ཀྱི་དམྱལ་བའི་ཆུ། །ནས། ཀྲ་མ་ཧཱུྃ། ལྷ་མོ་དམ་ལ་གནས་པར་བསམ། གཏོར་མ་དང་ནང་མཆོད་ནས་ཅུང་ཟད་ཅིག་སློབ་མ་ལ་སྦྱིན་ལ། ༀ་རོ་རུ་རོ་རུ་སོགས་བརྗོད་དེ། དམ་ཚིག་བསྲེ་བའོ། །ཤིས་བརྗོད་གང་འོས། དེས་བསྟན་སྲུང་ཀུན་གྱི་དབང་མོ་ཁྲག་འཐུང་དུད་པའི་སོལ་བ་མའི་རྗེས་གནང་དཔལ་ལྡན་རྔོག་པའི་བཀའ་སྲོལ་ལས་ཇི་ལྟར་བྱོན་པ་ཉིད་ལེགས་པར་གྲུབ་པ་ལགས་པས་མཆོད་གཏོར་ལ་བརྩོན་པ་སོགས་སྤྱི་དང་ཁྱད་པར་གྱི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་བའི་འདུན་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང༌། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་བྱ། གསུམ་པ་རྗེས་སློབ་དཔོན་གྱིས་མདུན་བསྐྱེད་ལ་དམིགས་པའི་མཆོད་བསྟོད། ནོངས་བཤགས་ཡིག་བརྒྱ་བརྗོད། བྲིས་སྐུ་སོགས་རྟེན་ཡོད་ན་བརྟན་བཞུགས་ཚིག་དང༌། བཛྲ་ལཱ་སྱ་རཱ་ག་ཡཱ་མི། ཞེས་པས་བསྟིམ། རྟེན་མེད་ན་གཤེགས། བསྔོ་སྨོན་ཤིས་བརྗོད་སྤྱི་མཐུན་བྱའོ། །དགྱེས་མཛད་ལོ་ཙཱའི་བཀའ་བརྒྱུད་རིན་པོ་ཆེའི། །རང་ལུགས་བ་དན་སྲིད་པའི་རྩེ་མོར་སྒྲེང༌། །ས་གསུམ་མི་མཐུན་གཡུལ་ལས་རྣམ་རྒྱལ་ཏེ། །མི་ནུབ་བསྟན་པའི་བཙས་སུ་འདི་འགྱུར་ཤོག །ཅེས་གདམས་ངག་རིན་པོ་ཆེའི་མཛོད་ལས་མངའ་བདག་མར་རྔོག་གི་བཀའ་སྲོལ་འཛིན་པའི་སྲུང་མ་ཐུན་མོང་མ་ཡིན་པའི་རྗེས་གནང་འདི་ཉིད་དགོས་པའི་དབང་གིས་སྒྲུབ་ཐབས་རིན་འབྱུང་ལས་ཁོལ་ཕྱུང་བཀླགས་པས་ཆོག་པར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོའི་སྒྲུབ་གནས་སུ་བཀོད་པ་དགེ་ལེགས་འཕེལ།། །།