སྤྱོད་པ་ཆོས་ཀྱི་གླུ་ཞེས་བྱ་བ་འབྱུང་བ་རོ་སྙོམས་ཀྱི་གདམས་ངག།

From Damngak Dzö
DNZ-10-THA-007
Wylie title spyod pa chos kyi glu zhes bya ba 'byung ba ro snyoms kyi gdams ngag DNZ-10-THA-007.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 10, Text 7, Pages 105-121 (Folios 1a1 to 9a6)
Author ནཱ་རོ་པ་
Citation Nāropa. Spyod pa chos kyi glu zhes bya ba 'byung ba ro snyoms kyi gdams ngag. In Gdams ngag rin po che'i mdzod, Vol. 10: 105-121. Kalimpong: Rigpe Dorje Publications, 2024. DNZ-Shechen-10-THA-007.pdf
Shechen Publications, 1999
Side notes Recto: 'byung ba ro snyoms   Verso: bka' brgyud skor
More details More details
Genre Spiritual Instructions - gdams ngag
Colophon

།དཔལ་ལྡན་ནཱ་རོ་པ་ཆེན་པོའི་སྤྱོད་པ་ཆོས་ཀྱི་གླུ་རྫོགས་སོ།། །།བྷ་རི་རྣལ་འབྱོར་མ་ཞེས་བྱ་བ་ཡེ་ཤེས་ཀྱི་མཁའ་འགྲོ་མས་བསྒྱུར་ཞིང་ཞུས་པ། ཆོས་ཀྱི་རྗེས་མཁར་ཆུའི་བྲག་ནས་གཏེར་སྤྱན་དྲངས་པ་ཇི་ལྟ་བའོ།།

dpal ldan nA ro pa chen po'i spyod pa chos kyi glu rdzogs so//___//b+ha ri rnal 'byor ma zhes bya ba ye shes kyi mkha' 'gro mas bsgyur zhing zhus pa/__chos kyi rjes mkhar chu'i brag nas gter spyan drangs pa ji lta ba'o//

[edit]
༄༅། །སྤྱོད་པ་ཆོས་ཀྱི་གླུ་ཞེས་བྱ་བ་འབྱུང་བ་རོ་སྙོམས་ཀྱི་གདམས་ངག་བཞུགས་སོ། །

༄༅། །རྒྱ་གར་སྐད་དུ། ཙཱརྱ་དྷརྨ་སྱ་གཱི་ཏི་ནཱ་མ་བྷཱུ་ཏ་ས་མ་ར་ས། བོད་སྐད་དུ། སྤྱོད་པ་ཆོས་ཀྱི་གླུ་ཞེས་བྱ་བ་འབྱུང་བ་རོ་སྙོམས། དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་སློབ་དཔོན་རྡོ་རྗེ་ཅན། །ཀུན་གྱི་མགོན་ལ་ཕྱག་འཚལ་ལོ། །འདོད་ཆགས་ཆེན་པོའི་རྗེས་ཆགས་ཀྱིས། །འདོད་ཆགས་ཆེན་པོའི་རང་བཞིན་ཕྱིར༑ ༑ཆགས་མེད་ཏིང་འཛིན་ལ་གནས་ཏེ། །ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་ལ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །འགྲོ་ལ་ཕན་པའི་དོན་དུ་ནི། །ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་བཤད། །དམན་དང་འབྲིང་དང་མཆོག་རྣམས་ལ། །གཞན་རྣམས་གང་རྣམས་དེ་རྣམས་ཀྱང༌། །རོ་སྙོམས་དེ་ཉིད་བསྒོམ་པ་ཡིས། །འདི་ཀུན་མཉམ་པ་ཉིད་དུ་བལྟ། །ཆོས་རྣམས་ཀུན་ལ་མཉམ་བྱུང་བ། །དེ་ཉིད་སྤྱོད་པ་གང་ན་མེད། །ཅི་གསུང་རྣམ་པ་སྣ་ཚོགས་པའི། །སྤྱོད་པ་བླ་ན་མེད་པ་ཡི། །ཀུན་བཟང་མཚུངས་པ་མེད་པ་འགྲུབ། །བླ་མའི་ཞལ་སྔའི་བཀའ་དྲིན་ལས། །མཆོག་གི་གནས་ནི་རྙེད་པར་འགྱུར། །འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །རྟོག་པས་དམྱལ་བར་འགྲོ་འགྱུར་ཏེ། །འགྲོ་བ་དྲུག་གི་འཁོར་བ་ཡི། །རྒྱ་མཚོ་རུ་ནི་འཁོར་བར་འགྱུར། །རྟོག་པ་མེད་ན་གྲོལ་འགྱུར་ཞིང༌། །གནས་མེད་དྲི་མེད་ཞི་བ་ཉིད། །དེ་ཕྱིར་རྟོག་པའི་དྲ་གཞོམ་ཕྱིར། །དམ་ཚིག་སངས་རྒྱས་མཛད་པ་གང༌། །དེ་ནི་རྟག་ཏུ་གོམས་པར་བྱ། །དབང་པོ་གང་དང་གང་ལ་ཉིད། །དེ་དང་དེ་ཡི་རང་བཞིན་ལས༑ ༑མཉམ་པར་མ་བཞག་རྣལ་འབྱོར་གྱིས། །རྟག་ཏུ་ཤིན་ཏུ་མཉམ་བཞག་ཉིད། །རྣམ་རྟོག་བདེན་པ་མ་ཡིན་པས། །རིན་ཆེན་སེམས་ནི་དྲི་མར་བྱང༌། །ཐོག་མ་མེད་པའི་སྲིད་རྒྱུན་ལས། །ཕྱི་ཡི་དོན་དུ་རྟོགས་པ་སྟེ། །ཐམས་ཅད་སེམས་ཀྱིས་རྣམ་སྤྲུལ་ཞིང༌། །སེམས་ཉིད་ཀུན་ཏུ་སོང་བའོ། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །སེམས་ཀྱི་རྡོ་རྗེ་རྣམ་པར་སྦྱང༌། །སེམས་དག་པས་ནི་བདེ་བ་ཡིན། །ཉོན་མོངས་དུག་ནི་ཐམས་ཅད་འཇོམས། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་ནས་བསྟན་དུ་མེད། །རང་དང་རང་གི་རྟོགས་པ་ལས། །སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ནོ། །སྟོང་མིན་སྟོང་པ་མིན་པའང་མིན། །དབུ་མར་དམིགས་པར་མི་འགྱུར་ཏེ། །གནས་མེད་གནས་པ་ཞེས་བྱ་བ། །ནམ་མཁའི་རང་བཞིན་འདི་ལས་ནི། །ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང༌། །སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱི་རྣམ་པར་མཚོན། །རིགས་ནི་ལྔ་པོ་དེ་ཉིད་ལས། །སྟོང་ཕྲག་དུ་མ་སྐྱེས་པ་ཉིད། །དེ་ཕྱིར་འདི་དག་རང་བཞིན་གཅིག །བདེ་ཆེན་མཆོག་ཏུ་ཕན་པའོ། །བདེ་བ་གང་གིས་མི་ཤེས་པས། །འདོད་ཆགས་ལ་སོགས་སེམས་ལྔ་ཡི། །དབྱེ་བས་ལྔ་རུ་འགྲོ་བར་འགྱུར། །དེ་ལྟར་འཁོར་བར་འདོད་པ་ཡི། །ཡོན་ཏན་ལྔ་ལྡན་རིན་ཆེན་ཉིད། །མ་དག་པས་ནི་དུག་ཏུ་འགྱུར། །དག་པས་བདུད་རྩི་ཉིད་དུའོ། །སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་གྱུར་པ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །མི་བསྐྱོད་རྣམ་སྣང་རིན་ཆེན་འབྱུང༌། །དཔག་མེད་དོན་གྲུབ་རྡོ་རྗེ་སེམས། །ཞེ་སྡང་གཏི་མུག་སེར་སྣ་དང༌། །འདོད་ཆགས་ཕྲག་དོག་བདེ་བའི་བདག །དྲན་པ་མི་འཕྲོག་རྣལ་འབྱོར་པས། །ཧེ་རུ་ཀ་ཡི་གཟུགས་ཀྱི་གར། །ཆགས་བྲལ་མིན་གོམས་སེམས་ཀྱིས་ནི། །འདོད་ཆགས་སེམས་ཀྱིས་བསྒོམ་པ་ཉིད། །ཕྱོགས་དང་ཕྱོགས་བྲལ་དག་ཏུ་ཡང༌། །དེ་ནས་རྣལ་འབྱོར་མ་རྣམས་དགོད། །བརྡ་དང་བརྡ་ཡི་ལན་གྱིས་རོལ། །རྡོ་རྗེ་ཐོད་པའི་སྦྱོར་བ་ཡིས། །བཟའ་དང་བཏུང་བ་ལ་སོགས་སྤྱད། །ལེགས་པར་གླུ་བླང་གར་ཡང་བྱ། །ཡང་ཡང་རྡོ་རྗེས་འདོད་པ་བྱ། །སྟེང་དང་འོག་ཏུ་བལྟ་བ་ཉིད། །དངོས་གྲུབ་རྒྱས་པ་ཐོབ་པ་སྟེ། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །ལྟ་སྟངས་བཞི་པོ་བསྒྲུབ་ནས་ནི། །མཁས་པས་སེམས་ཅན་གཞུག་པར་བྱ། །བསྒྲུབ་བྱའི་ལྟེ་བ་རྩ་བ་ནས། །བརྟུལ་ཞུགས་ཅན་གྱི་ལག་པས་འདོན། །དངོས་པོའི་མཚན་ཉིད་མི་ཕྱེད་པའི། །ཕྱག་རྒྱ་རྣལ་འབྱོར་པ་ཡིས་བསྒྲུབ། །ཡང་ན་རིགས་ནི་རྣམ་པ་ལྔ། །འདོད་ཆགས་ཞེ་སྡང་གཏི་མུག་གི། །རྡོ་རྗེ་རྣམ་པ་གསུམ་དུ་འགྱུར། །མི་བསྐྱོད་ཞེ་སྡང་གཟུགས་ཅན་ཉིད། །ཐུགས་ཀྱི་བདག་པོ་རིགས་གཅིག་གོ །གང་དང་གང་གི་བསམ་པ་ཡིས། །མི་རྣམས་ཀྱི་ནི་ཡིད་སྦྱར་ན། །དཔེ་ནི་དེ་ཡི་སྔོན་འགྲོ་བ། །ནོར་བུ་སྣ་ཚོགས་གཟུགས་ཇི་བཞིན། །དངོས་གྲུབ་གལ་ཏེ་མི་སྟེར་ན། །དེ་ཚེ་མཁའ་འགྲོ་མ་བཞི་ཡིས༑ ༑སངས་རྒྱས་རྣམས་ལ་སྟོབས་ཀྱི་བསྒྲུབ། །གསང་བའི་སྤྱོད་པར་གནས་ནས་ནི། །བློ་གྲོས་ཆེན་པོས་བྱ་བ་བྱ། །སྤྱོད་པས་ཕ་རོལ་ཕྱིན་པ་ཉིད། །གང་གི་རིང་གནས་རྡོ་རྗེ་ནི། །རྣལ་འབྱོར་ཡེ་ཤེས་ཐེ་ཚོམ་མེད། །རོ་ཡི་ཐལ་བ་བགོ་བྱ་ཞིང༌། །རོ་ཡི་གོས་ཀྱང་བགོ་བར་བྱ། །ཞེན་པ་མེད་པའི་སེམས་ཀྱིས་སུ། །ཁ་དོག་བཅོས་མའི་རས་རྙིང་བགོ །གུ་ཛ་ན་ལ་སོགས་པ་ཡི། །འབྲས་བུའི་འཕྲེང་སོགས་ཀྱིས་བརྒྱན་བྱ། །འཇམ་པའི་རྡོ་རྗེས་བདག་དབང་བསྐུར། །རི་བོ་དང་ནི་བཞི་མདོ་དང༌། །གླིང་གཅིག་ཆུ་འགྲམ་ཐང་ཆེན་དང༌། །དེ་བཞིན་དབེན་པ་བས་མཐའ་དང༌། །རི་བོའི་སུལ་དང་རྩེ་མོ་དང༌། །པདྨའི་ཚལ་ནི་ཡིད་འོང་དང༌། །རྫིང་བུ་ཆུ་ངོགས་ཡུལ་རྣམས་དང༌། །ཚང་ཚིང་ཕུག་དང་རྒྱ་མཚོའི་འགྲམ། །གདོད་ནས་དག་པའི་དུར་ཁྲོད་ཆེ། །མཚན་མོ་མ་མོའི་ཁྱིམ་རྣམས་སུ། །དུར་ཁྲོད་ཕྲུ་ཆག་ཐོགས་ནས་ནི། །མཚན་དུས་གསང་སྟེ་རྒྱུ་བར་བྱ། །སྔགས་པས་དེར་བསྒོམ་ཤིས་པར་མཛད། །བ་སྤུ་རྣམས་ཀྱི་བུ་ག་ནས། །ཕྱོགས་བཅུ་རྣམས་སུ་སྤྲོ་བར་བྱ། །ཤིན་ཏུ་མཉམ་གཞག་རབ་བསྒོམས་ན། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །གཉིད་ནི་སྤང་བར་མི་བྱ་སྟེ། །དབང་པོ་རྣམས་ཀྱང་མི་དགག་གོ །མཁའ་འགྲོ་མ་སོགས་གཏོར་མ་སྦྱིན། །ཇི་ལྟར་རྙེད་པ་བཟའ་བཏུང་ནི། །དེ་བཞིན་རྣལ་འབྱོར་པ་ཡིས་བཟའ། །གལ་ཏེ་བདག་ནི་བསྒྲུབ་འདོད་ན། །སླར་ཡང་བྱིས་པའི་སྤྱོད་པ་བྱ། །བཟའ་དང་བཟའ་མིན་ཇི་སྙེད་ནི། །སྨྱོན་པའི་བརྟུལ་ཞུགས་སྦྱོར་བས་བྱ། །འཇིགས་པ་ཐམས་ཅད་རྣམ་སྤངས་ནས། །གནས་དེར་ཤེས་རབ་ཅན་གྱིས་བསྒོམ། །ངེས་པར་སྔོན་དུ་ལྷ་མིན་གང༌། །བརྒྱ་བྱིན་ལྟ་བུ་ཡིན་ན་ཡང༌། །དེ་ལ་འཇིགས་པར་མི་བྱ་སྟེ། །སེང་གེའི་གཟུགས་ཀྱིས་རྣམ་པར་རྒྱུ། །སེམས་ཅན་རྗེས་སུ་གཟུང་བྱའི་ཕྱིར། །བློ་དང་ལྡན་པས་རྒྱུ་བར་བྱ། །རང་གི་སེམས་ལ་མངོན་འདོད་པ། །ལྕགས་ཀྱུ་ཞགས་པ་རབ་སྦྱོར་བས། །རྣལ་འབྱོར་པ་ཡིས་བཀུག་ནས་བསྒྲུབ། །ཉེ་བར་དགོས་པ་རྒྱས་པ་ཀུན། །མ་བླངས་པར་ཡང་ལྷ་ཡིས་སྟེར། །རྒ་དང་ནད་ལས་རྣམ་པར་གྲོལ། །ཡང་ནི་དཔལ་ལྡན་རྒྱལ་ཚབ་ཆེའི། །བརྟུལ་ཞུགས་སྤྱོད་པ་སྤྱད་པར་བྱ། །ཅུང་ཟད་དྲོད་ནི་ཐོབ་པ་ཡིས། །རྣ་བ་དག་ལ་རྣ་ཆ་བཟང༌། །སྤྱི་བོར་འཁོར་ལོ་རྣམ་པར་འཛིན། །ལག་པ་དག་ལ་ལག་གདུབ་ཉིད། །རྐེད་པ་ལ་ནི་སྐ་རགས་ཏེ། །རྐང་པར་དེ་བཞིན་རྐང་གདུབ་བོ། །དཔུང་པའི་རྩ་བར་དཔུང་རྒྱན་ཉིད། །མགྲིན་པ་ལ་ནི་རུས་པའི་འཕྲེང་། །བགོ་བ་སྟག་གི་པགས་པ་ཉིད། །ལུས་ནི་སྦྱིན་པར་སྦྱིན་ནས་ནི། །ཕྱིས་ནས་སྤྱོད་པ་ཡང་དག་བརྩམས། །སྐལ་དང་སྐལ་མིན་རྣམ་དཔྱད་ན། །དེ་ཕྱིར་སྦྱིན་པ་སྦྱིན་མི་བྱ། །བཟའ་བཅའ་དེ་བཞིན་བཏུང་བ་ཉིད། །དེ་ལྟར་རྙེད་པ་རབ་ཏུ་བཟའ། །བཟའ་བ་མི་འཆི་བཅུ་ཕྱེད་དོ། །བཟའ་དང་བཟའ་མིན་རྣམ་པར་བཟའ། །བཏུང་དང་བཏུང་མིན་རྣམ་པར་བཏུང༌། །དམེ་གཙང་ངོ་ཚ་རྣམ་པར་སྤང༌། །ཧེ་རུ་ཀ་སྦྱོར་རྣལ་འབྱོར་གནས། །ཤིན་ཏུ་བཞིན་བཟང་མིག་ཡངས་མ། །རང་གི་དབང་བསྐུར་སྙིང་རྗེར་ལྡན། །རྡོ་རྗེའི་བུ་མོ་འདི་ཁྱེར་ནས། །བརྟུལ་ཞུགས་སྤྱད་ན་དངོས་གྲུབ་འགྲུབ། །ཤེས་རབ་ཁ་ཊྭཱཾ་ག་གཟུགས་ཅན། །ཐབས་ཀྱི་རང་བཞིན་ཌ་མ་རུ། །ཅང་ཏེའུའི་སྒྲ་ནི་བཟླས་པ་སྟེ། །སེམས་ཅན་ཐམས་ཅད་མགྲོན་གཉེར་བ། །ཁ་ཊྭཱཾ་ག་ནི་ཤེས་རབ་སྟེ། །རྡོ་རྗེ་བཟླས་དང་བསྒོམ་པ་ཡིན། །ཐོད་པ་ཅན་དུ་རང་གྱུར་པ༑ ༑བརྐམ་དང་རྨོངས་དང་དེ་བཞིན་འཇིགས། །ཁྲོ་དང་ངོ་ཚའི་བྱ་བ་ནི། །རྟག་ཏུ་རྣམ་པར་སྤང་བར་བྱ། །སྦྱིན་སྲེག་མཆོད་སྦྱིན་དཀའ་ཐུབ་འདས། །སྔགས་དང་བསམ་གཏན་རྣམ་པར་སྤང༌། །དམ་ཚིག་སྡོམ་ལས་རྣམ་པར་གྲོལ། །རྡོ་ཤིང་འཇིམ་པའི་བདག་ཉིད་ཀྱི། །ལྷ་འདི་རྣམས་ལ་ཕྱག་མི་བྱ། །མནར་མེད་ལ་སོགས་སྤང་བའི་ཕྱིར། །དད་པས་བླ་མར་མངོན་ཕྱག་བྱ། །བདག་ཉིད་ཀྱིས་ནི་གཉིད་སྤངས་ནས། །ཐེ་ཚོམ་མེད་པར་སྤྱོད་པ་བྱ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་སྙིང་རྗེ་བཏུང་བར་བྱ། །རྣལ་འབྱོར་བཏུང་དགའ་རྣལ་འབྱོར་བ། །གཞན་གྱི་བཏུང་བས་བཟི་བ་མེད། །བསྟོད་ན་དགའ་བའི་སེམས་དཔངས་སྐྱེ། །ངན་སྨྲས་སྡིག་པ་གསོག་པ་ལ། །ཁོང་ཁྲོ་ལྡང་ན་སྤྱོད་པ་བཞག །ཆོས་བརྒྱད་མགོ་བོ་སྙོམས་གྱུར་ཅིང༌། །མངོན་ཤེས་ནུས་པ་རྫུ་འཕྲུལ་གྱིས། །མི་དད་པ་དག་བཟློག་ནུས་ན། །སྤྱོད་པ་ཚད་ལ་བབ་པ་ཡིན། །གཟུང་དང་འཛིན་པའི་དབྱེ་བ་ལས༑ ༑དབང་པོ་ཡུལ་དང་སྦྱོར་བ་ཡི། །རྣམ་ཤེས་རྣམས་ཀྱི་སོ་སོ་བ། །རང་བཞིན་གདོད་ནས་མ་སྐྱེས་པ། །རྫུན་མིན་བདེན་མིན་དེ་བཞིན་དུ། །ཐམས་ཅད་དུ་ནི་ཆུ་ཟླ་བཞིན། །རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་འཁོར་བ་དག་པ་སྟེ། །འཁོར་བ་མྱ་ངན་འདས་པར་འགྱུར། །བྱང་ཆུབ་སེམས་ནི་མྱ་ངན་འདས། །ཀུན་རྫོབ་དོན་དམ་ཚུལ་ཅན་ནོ། །སྙིང་རྗེ་མེད་ན་མི་འགྲུབ་པས། །དེ་ཕྱིར་སྙིང་རྗེ་ཡང་དག་སྤྱད༑ ༑ཇི་ལྟར་བདག་བཞིན་སེམས་ཅན་ཉིད། །ཇི་ལྟར་སེམས་ཅན་དེ་བཞིན་བདག །རང་གིས་བྱང་ཆུབ་ཐོབ་བྱའི་ཕྱིར། །གཞན་གྱི་དོན་ལ་བརྟུལ་བྱས་ན། །དེ་ནི་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་ནི་བསྟན་པར་གནས། །ཆོས་དབྱིངས་རང་བཞིན་དུ་བསྒྲུབས་ན། །བདག་ཏུ་འཛིན་པ་ངེས་པར་སེལ། །སྤྲོས་པ་མེད་པའི་རང་བཞིན་ཉིད། །ཤེས་རབ་ཅེས་ནི་རབ་ཏུ་བསྒྲགས། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །ཐམས་ཅད་དོན་བྱེད་སྙིང་རྗེ་ཉིད། །དམིགས་མེད་གནས་སུ་ཤེས་རབ་དང༌། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་ལྡན་ལྷན་ཅིག་གཅིག་གྱུར་པ། །ནམ་མཁར་ནམ་མཁའ་ཇི་ལྟ་བ། །ལྷ་སྲིན་གནོད་དང་འབྱུང་བ་བཞི། །འཕེལ་འཁྲུགས་ཟད་དང་ཚ་གྲང་དང༌། །བད་ཀན་འདུས་པ་ཉོན་མོངས་ནད། །ལུས་ལ་འཐེམས་འཆུས་ལྟགས་དང་གསུམ། །ངག་ལ་ལོག་འཚུབས་སྟོར་དང་གསུམ། །ཡིད་ལ་འབྱམས་འདུས་ལྟེངས་དང་གསུམ། །དགུ་པོའི་འཕྲང་ལ་མ་བརྡུགས་ན། །སྒོམ་སྐྱོན་འབྱུང་བར་འགྱུར་མ་ཡིན། །འཐེམས་པ་ཤ་རུས་འཐེམས་པ་སྟེ། །ཆུ་སེར་ཚད་པ་འཕེལ་བར་འགྱུར། །རྩ་འཐེམས་རླུང་ཁྲག་བྱང་ཆུབ་སེམས། །འགྱུ་བའི་ལམ་ཆད་འཛག་པའང་འབྱུང༌། །འཆུས་པ་དེ་དང་ཆ་མཐུན་ཏེ། །འོན་ཀྱང་འཕྲལ་ལ་གསལ་བར་འགྱུར། །ལྷགས་པ་ཆུ་སེར་སྐྱ་སྦབ་སོགས། །ཡུན་རིངས་ལུས་ན་མཛེ་རུ་འགྱུར། །ལྦ་བ་ལ་སོགས་བེམ་པོར་རོ། །སྲོག་འཛིན་རླུང་ནི་སྙིང་ལ་གནས། །ལས་སུ་བདག་འཛིན་དྲན་རྟོག་སྐྱེད། །ལོག་ན་འདར་དང་སྨྱོ་སོགས་འབྱུང༌། །མེ་དང་མཉམ་པ་ལྟེ་བར་གནས། །ཁ་ཟས་འཇུ་ཞིང་དྭངས་སྙིགས་འབྱེད། །ལོག་ན་སྦོ་ཞིང་འཁྲོག་དང་འཁྲུ། །ཐུར་དུ་སེལ་བ་གསང་བར་གནས། །སྒོ་གཉིས་སྡོམ་དང་འཕེན་པར་བྱེད། །ལོག་ན་དྲི་གཉིས་སྡོམ་དང་འཆོར། །གྱེན་དུ་རྒྱུ་བ་མགྲིན་པར་གནས། །སྨྲ་རྗོད་ལས་ཀུན་བྱེད་པར་འགྱུར། །ལོག་ན་མགྲིན་པ་སྐྲངས་དང་དིག །ཁྱབ་བྱེད་ལུས་ཀྱི་ཚིགས་ལ་གནས། །ལས་ནི་ཡན་ལག་འགུལ་སྐྱོད་བྱེད། །ལོག་ན་ཚིགས་བཞི་ན་བར་འགྱུར། །རྒྱུ་བ་མིག་གིས་གཟུགས་མཐོང་བྱེད། །རབ་ཏུ་རྒྱུ་བ་རྣ་བའི་སྒྲ། །ཤིན་ཏུ་རྒྱུ་བ་སྣ་ཡི་དྲི། །མངོན་པར་རྒྱུ་བ་ལྕེ་ཡི་རོ། །ཡང་དག་རྒྱུ་བ་པགས་པ་ཡི། །རེག་བྱ་ཉམས་སུ་མྱོང་བར་བྱེད། །འདི་རྣམས་གནས་སུ་ལོག་གྱུར་ན། །ཡུལ་ལྔ་རྣམ་པ་སྣ་ཚོགས་འབྱུང༌། །སྟོད་དུ་འཚུབས་ན་མགོ་བོ་ན། །སྨད་དུ་འཚུབས་ན་རྒྱུ་ལོང་འཁྲོག །བར་དུ་འཚུབས་ན་རོ་རྒྱབ་གཟེར། །སྐྱོན་ཡོན་ཅི་ཡང་མ་བྱུང་ན། །སྟོར་བ་ཡིན་པས་བཙལ་བར་བྱ། །རྩ་དང་རླུང་གི་བྱེ་བྲག་གིས། །ལ་ལས་བརྒྱལ་ཞིང་འགྱེལ་བར་འགྱུར། །ལ་ལས་སྐྱུག་ཅིང་འཁྲུ་བར་འགྱུར། །ལ་ལས་སྡུག་བསྔལ་མྱ་ངན་སྐྱེ། །ལ་ལས་སྐྲག་ཅིང་དངངས་པར་འགྱུར། །སངས་རྒྱས་ཞིང་དང་དམྱལ་བའི་གནས། །མཐོང་སྣང་དཔག་ཏུ་མེད་པ་འབྱུང༌། །རྒོད་ཅིང་ཀུ་ཅོ་འདོན་པ་དང༌། །ལྐུགས་ཤིང་ཡན་ལག་རེངས་པ་དང༌། །ཁོལ་བུར་ཤ་འཕྲིག་ལ་སོགས་འབྱུང༌། །ཀུན་གྱི་བྱེ་བྲག་ཤེས་བྱ་སྟེ། །གེགས་སེལ་གནད་དུ་བསྣུན་པར་བྱ། །འབྱམས་པ་རི་གཟར་ཆུ་འབབས་འདྲ། །སྣ་ཚོགས་ཡུལ་ལ་འཐོར་བ་ཡིན། །འདུས་པ་བྱ་རྙིས་ཟིན་པ་འདྲ། །འདར་དང་འཕར་དང་དུ་སོགས་འབྱུང༌། །ལྟེངས་པ་ཀོ་མའི་ཆུ་དང་འདྲ། །སེམས་ཀྱི་དྭངས་སྙིགས་མ་ཕྱེད་པས། །མི་གསལ་རྨུགས་པའི་རང་བཞིན་ཅན། །རྩ་རླུང་སྒོམ་པའི་ལོག་རྣམས་ནི། །ཕལ་ཆེར་ལུས་གནད་རླུང་ལས་བྱུང༌། །ཞི་གནས་ལོག་ནི་སེམས་ལས་སོ། །རང་བཞིན་ལོག་རྣམས་རྐྱེན་རེས་སློང༌། །སྐྱོན་རྣམས་ངོ་ཡིས་མ་ཟིན་ན། །ལོག་གནོན་བྱེ་བྲག་དཔག་མེད་ཀྱང༌། །མུན་པའི་འབེན་ལ་མདའ་འཕེན་འདྲ། །ལུས་སྐྱོན་དམིགས་པས་འཆོས་པ་ནི། །མགོ་ཆག་རྐང་པ་འཆིང་དང་མཚུངས། །རྩ་རླུང་དམིགས་པ་དེ་དང་འདྲ། །དེ་བས་མིག་དང་འདྲ་བ་ཡི། །མན་ངག་སྙིང་གི་དཀྱིལ་དུ་འཆང༌། །རྣམ་རྟོག་ནད་ནི་གློ་བུར་བ། །བག་བཞི་ས་ལ་ལྷུང་བ་དང༌། །ཤ་ཟད་རུས་ལ་གཏུགས་པ་དང༌། །ཟས་ལ་ཞེན་པ་ལོག་པ་དང༌། །ལྡང་འདུག་མེད་པར་ན་བ་དང༌། །མཚང་ཅན་གནད་དུ་ཕོག་པ་དང༌། །ཤེས་པ་གནས་ནས་འཁྱར་བ་སྟེ། །དྲུག་པོ་འདི་དག་མཁས་པས་སྤང༌། །བླ་མ་ལ་གུས་གཏོང་ཕོད་ཆེ། །ལུས་སྟོབས་བརྟན་ཞིང་སྙིང་རུས་ཆེ། །དམིགས་པ་རྣོ་ཞིང་ཉམས་ལེན་བཟང༌། །མི་མཐུན་ཕྱོགས་རྣམས་རྒྱན་དུ་ཤར། །དེ་ནི་བློ་གྲོས་ཅན་གྱིས་བསྟེན། །མི་བརྗེད་གཟུང་ཐོབ་ནཱ་རོ་པས༑ ༑བཅུ་གཉིས་བར་དུ་ང་བསྟེན་བྱས། །ང་ཡི་རྟོགས་པ་ཁོ་ལ་ཡོད། །ཕྱི་རབས་སེམས་ཅན་དོན་གཉེར་རྣམས། །རྟོགས་པར་འདོད་ན་ཁོ་ལ་ཐུག །ངས་ནི་ཞིང་ཁམས་བརྒྱར་ཡང་ཕྱིན། །སྤྲུལ་པ་བརྒྱ་ཕྲག་བརྒྱ་ཡང་བསྟན། །ཙཱརྱ་ཀླུ་སྒྲུབ་སུ་མ་ཏི། །སངས་རྒྱས་དང་ཡང་ངས་གཏམ་བྱས། །བཅའ་བ་ལུས་ཀྱི་འཁྲུལ་འཁོར་དང༌། །སྲོག་རྩོལ་རླུང་གི་བྱེད་པ་དང༌། །དམིགས་པ་ཡིད་ཀྱི་ཏིང་འཛིན་གསུམ། །རྣལ་འབྱོར་པ་ཡིས་གཟུང་བར་བྱ། །རྟོགས་ལྡན་རྣམས་ནི་ལྟ་བས་ཏེ། །དམིགས་པ་རྣོན་པོ་སྒོམ་པ་ཡིན། །རྩོལ་སྒྲུབ་དྲག་པོའི་འཁྲུལ་འཁོར་གྱིས། །སྦྱོར་བ་འཇོམས་པར་བྱེད་པ་ཡིན། །ནད་དང་གདོན་གྱི་བར་ཆད་ཀྱང༌། །བསྡུ་ན་རྣམ་པར་རྟོག་པར་འདུས། །ན་ནའང་རྟོག་པ་དེ་ཉིད་ན། །གནོད་ནའང་རྟོག་པ་དེ་ཉིད་གནོད། །འཆི་ནའང་རྟོག་པ་དེ་ཉིད་འཆི། །སྐྱེ་ནའང་རྟོག་པ་དེ་ཉིད་སྐྱེ། །ཐམས་ཅད་རྣམ་པར་རྟོག་པ་སྟེ། །སེམས་ལ་ཅི་ཡང་ཡོད་མ་ཡིན། །རྟོག་པའི་གཞི་རྩ་ཆོད་གྱུར་ན། །ནད་གདོན་འབྱུང་བར་མི་འགྱུར་རོ། །སངས་རྒྱས་ཆེ་བའི་ཡོན་ཏན་དང༌། །འཁོར་བ་སྡུག་བསྔལ་རང་བཞིན་གཉིས། །རྟོག་པའི་ངོ་བོར་གཅིག་པ་སྟེ། །དཔེར་ན་ནམ་མཁའ་སྤྲིན་བཞིན་ནོ། །ཡོན་ཏན་ཉིད་ཀྱང་ཡལ་གྱུར་ན། །སྡུག་བསྔལ་རྟོག་པ་སུ་ཞིག་ལེན། །དེ་བས་རང་བཞིན་ཤེས་པ་ཡིས། །བླང་དོར་མེད་པར་སྤྱད་པར་བྱ། །ནད་ལ་སྨན་པ་མི་དགུག་ཅིང༌། །གདོན་ལ་རིམ་གྲོ་མི་བྱ་སྟེ། །གཞན་གྱིས་ཕན་པའི་སེམས་སྤངས་ལ། །འཇིག་རྟེན་མི་དང་བློ་མི་བསྟུན། །རྒྱུན་ཆད་མེད་པར་གསོལ་བ་གདབ། །ལྟེམ་རྐྱང་མེད་པར་ཉམས་སུ་བླང༌། །ཁུ་འཁྲིག་མེད་པར་བརྟན་པའི་བློས། །རེ་དོགས་ཐག་པ་གཅད་པར་བྱ། །ཀུན་གྱི་རྩ་བ་འཛིན་པ་སྟེ། །འཛིན་པ་མེད་ན་ས་རྡོ་དང༌། །ནམ་མཁའ་ལྟ་བུར་གནས་པ་ལ། །ན་བ་གང་ཡིན་བདེ་བ་གང༌། །གང་ཡང་ཡིད་ལ་མི་བྱ་བར། །ལམ་ཁར་བོར་བའི་རོ་བཞིན་དུ། །ལུས་ཀྱི་བདག་འཛིན་བོར་བྱས་ལ། །འཛིན་མེད་ནམ་མཁའི་ངང་ལ་བཞག །དེ་ལྟར་བདག་འཛིན་བོར་བྱས་པས། །རྟོག་པ་མཁའ་ལྟར་དག་གྱུར་ཏེ། །ནད་དང་གནོད་པ་གདོན་དང་གསུམ། །ནམ་མཁའ་ལྟ་བུར་བྱིན་རློབས་ན། །རང་སར་གྲོལ་བར་ཐེ་ཚོམ་མེད། །རེས་འགའ་ནམ་མཁའི་འཇའ་ཚོན་འདྲ། །གཟུགས་སྐུའི་རང་བཞིན་ཤེས་བྱས་ལ། །ཐོགས་མེད་རྡོ་རྗེ་ལྟ་བུའི་སྐུའི། །མཁའ་དང་མཉམ་པའི་ཞིང་ཁམས་གང༌། །མཁའ་ལ་གྲགས་པའི་བྲག་ཆ་ལྟར། །སྒྲ་ཡི་རང་བཞིན་ཤེས་བྱས་ལ། །གསང་སྔགས་རྡོ་རྗེའི་འབྲུག་སྒྲ་དང༌། །འོད་ཀྱིས་ནམ་མཁའ་གང་བར་བྱ། །རྟོགས་པ་ལྟ་བའི་གདིང་ཚད་དང༌། །བསྐྱེད་རིམ་ལྷ་ཡི་ང་རྒྱལ་དང༌། །བརྗོད་པ་སྔགས་ཀྱི་ནུས་པ་ཡིས། །རིག་པའི་བརྟུལ་ཞུགས་བསྐྱེད་པར་བྱ། །ནད་དང་གདོན་གྱི་དངོས་པོ་དེ། །གང་ནས་བྱུང་ཞིང་གང་ལ་གདོན། །གང་དུ་འགྲོ་བ་བལྟ་བྱས་ལ། །མ་རྙེད་པ་དང་ངང་ལ་གཞག །ཡང་ཅིག་ལྡང་བར་བཟོ་བ་དང༌༑ ༑ད་རུང་གཞི་རྩ་གཅད་པར་བྱ། །སྔར་མ་རྙེད་པའི་ནད་དང་གདོན། །ཕྱི་ནས་འབྱུང་བ་ག་ལ་འགྱུར། །དེས་ཀྱང་མ་བདེ་ལྡང་གྱུར་ན། །བཟློག་པ་གནད་དུ་བསྣུན་པར་བྱ། །ཇི་ལྟར་རླུང་ནད་ལྡན་པ་ལ། །སྲན་མའི་བཟའ་བ་སྦྱིན་པར་བྱ། །རླུང་གིས་རླུང་ནི་འཇོམས་པར་བྱེད། །ཇི་ལྟར་མེ་ཡིས་ཚིག་པ་ལ། །མེ་དེ་ཉིད་ལ་བདུག་པར་བྱ། །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་དེ་ཉིད་ཀྱིས་དབྱུང་བར་བྱ། །འདོད་ཆགས་ཉིད་ཀྱིས་གདུང་པ་ལ། །འདོད་ཆགས་ཉིད་ཀྱིས་དབྱུང་བར་བྱ། །བཟློག་པ་སྨན་དུ་ཤེས་པར་བྱ། །བཟློག་པའི་སྒོམ་པ་དེ་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །དེ་ལྟར་སྟོན་པའི་བླ་མ་ལ། །དད་གུས་བསྐྱེད་ཅིང་གསོལ་བ་གདབ། །དེ་ལྟ་བུ་ཡི་གདམས་ངག་ལ། །ངེས་ཤེས་བསྐྱེད་ཅིང་ཉམས་སུ་བླང༌། །གློ་བུར་བ་ཡི་ནད་གཞི་ལ། །རྟག་འཛིན་མ་བྱེད་བོར་ལ་ཞོག །སྙིང་པོ་མེད་པའི་སྒྱུ་ལུས་ལ། །གཅེས་པར་མ་བཟུང་བློ་ཡིས་ཐོང༌། །གཞི་རྩ་མེད་པའི་རྣམ་རྟོག་ལ། །དགག་སྒྲུབ་མ་བྱེད་ཡལ་དུ་ཆུག །སྤྲོས་དང་བྲལ་བའི་སེམས་ཉིད་ལ། །ཕན་གནོད་མེད་ཀྱི་བློ་བདེར་སྡོད། །བདག་གི་ཞེ་འདོད་བསྒྲུབ་བྱ་ལ། །སྐད་ཅིག་ཙམ་ཡང་མི་བསམ་པར། །ཇི་ལྟར་བྱས་ལ་སེམས་ཅན་གྱི། །སྡུག་བསྔལ་ཞི་འགྱུར་སྙམ་དུ་བསམ། །གལ་ཏེ་གསོས་སུ་རེ་བ་དང༌། །ན་ཡི་དོགས་པ་བྱུང་བ་ན། །ནད་གདོན་ངོས་ནི་ཟིན་པ་སྟེ། །ནད་ཀྱང་དེ་ཡིན་གདོན་ཡང་དེ། །དེ་ཉིད་ཐོག་བབ་ཚུལ་དུ་གཞག །རྣམ་རྟོག་ཆོས་སྐུའི་སྤྲུལ་པ་སྟེ། །ན་བ་ཆོས་སྐུའི་ཕྲིན་ལས་ཡིན། །རྣམ་རྟོག་དབྱིངས་སུ་ཡལ་བ་ལ། །འཆི་བ་ཞེས་སུ་བཏགས་པ་ཡིན། །དེ་ཉིད་གསལ་བའི་སྒྲོན་མ་སྟེ། །དེ་ཉིད་དྲིན་ཅན་བླ་མ་ཡིན༑ ༑གཉེན་པོ་དགག་ཅིང་སྤང་བའི་བློ། །སྐད་ཅིག་ཙམ་ཡང་བསྐྱེད་མི་བྱ། །དམིགས་པས་གདོན་ལ་འདི་ལྟ་སྟེ། །ཆུ་ནི་མེ་ཡིས་སྐེམ་པར་བྱ། །མེ་ནི་ཆུ་ཡིས་གསད་པར་བྱ། །རླུང་ནི་ས་ཡིས་མནན་པར་བྱ། །ས་ནི་རླུང་གིས་གཏོར་བར་བྱ། །སྟོད་ནད་ཐམས་ཅད་གྱེན་ལ་འདོན། །སྨད་ནད་ཐམས་ཅད་ཐུར་ལ་བདའ། །བར་ནད་ཐམས་ཅད་ཐད་ཀར་སེལ། །ལོག་གནོན་རླུང་ལྔ་གནས་སུ་གཞུག །ཡན་ལག་རླུང་ལྔ་རང་སར་གཞག །ཡན་ལག་ཉིང་ལག་སྤྲུག་ཅིང་འདོན། །གཟེར་ན་བཙལ་ཞིང་དབྱུང་བར་བྱ། །སྐྲངས་དང་ཁོལ་བུར་ན་བ་ལ། །འཁོར་ལོ་ལྟ་བུར་བསྐོར་བར་བྱ། །ཡང་ན་བཙལ་ཞིང་དབྱུང་བར་བྱ། །སྐྲན་གྱི་གྲོང་ཁྱེར་མེ་ཡིས་གཞོམ། །དམུ་ཆུ་རྒྱ་མཚོའི་གཏིང་ནས་སྤྲུག །སྨྱོ་ན་རི་བོའི་འོག་ཏུ་མནན། །མཛེ་ནད་ཆུ་སེར་ལ་སོགས་པ། །བ་སྤུའི་བུ་གའི་སྦྱོར་བ་བྱ། །ཟླ་བའི་དཀྱིལ་འཁོར་ཨ་ལས་ནི། །ག་བུར་བསིལ་བའི་ཆུ་རྒྱུན་དབབ། །ཉི་མའི་དཀྱིལ་འཁོར་རཾ་ལས་ནི། །ཚ་ཞིང་གདུང་བའི་མེ་ཕུང་འབར། །བླ་མ་ཕྱོགས་བཅུའི་སངས་རྒྱས་རྣམས། །མདུན་གྱི་ནམ་མཁར་བཞུགས་པ་ལ། །གསོལ་བཏབ་བདུད་རྩིར་ཞུ་བ་ཡིས། །གཉིས་མེད་བཅུད་ཀྱིས་བདག་ལུས་གང༌། །རླུང་གི་དཀྱིལ་འཁོར་ཡཾ་ལས་ནི། །རྩོལ་སྒྲུབ་དྲག་པོའི་འཁྲུལ་འཁོར་བྱ། །ཀུན་ལ་བླ་མའི་རྣལ་འབྱོར་ཤིས། །ཅི་དགོས་ཐམས་ཅད་བླ་མ་ལ། །གསོལ་བ་བཏབ་ལས་འབྱུང་བར་འདུག །སྒྱིད་ལུག་ཞུམ་པའི་སེམས་སྤངས་ལ། །སྙོམས་ལས་ལེ་ལོར་མི་གཞག་པར། །སེང་གེ་ལྟ་བུར་སྤྱད་པར་བྱ། །བཅའ་བ་ལུས་ཀྱི་འཁྲུལ་འཁོར་ནི། །པདྨ་ལྟ་བུའི་སྐྱིལ་ཀྲུང་གིས། །ཐམས་ཅད་མཉེ་ཞིང་སྟོང་གསུམ་བརྐྱང༌། །མགོ་བོ་མཉེ་ཞིང་ཀྱོག་པ་དང༌། །ལག་པ་སྐོར་དང་རྒྱབ་ཏུ་བརྡུངས། །ལག་པ་བཅུད་ཅིང་གནས་དྲུག་བཅིང༌། །རྒྱབ་ཏུ་བཀན་ཞིང་མདུན་དུ་བསྡུ། །རྒྱ་མཚོ་སྤྲུག་ཅིང་ཧབ་ཀྱིས་གང་། །གཡས་དང་གཡོན་དུ་གཅུ་བ་དང༌། །རྒོད་པོའི་ལྡིང་སྟབས་ཚུལ་གྱིས་མཆོང་། །རྡོ་རྗེ་སྐྱིལ་ཀྲུང་ལ་གནས་ཏེ། །རི་བོ་སྒུལ་ཞིང་བྱ་རྐང་གཟུག །མཐེ་བོང་འཐེན་ཞིང་སྲིན་ལག་བསྲང༌། །ཀ་ར་ཎ་ཡི་སྦྱོར་བ་བྱ། །གཡས་བརྐྱང་གཡོན་པ་གཅུད་ལ་བོར། །གཡོན་བརྐྱང་གཡས་པ་བཅུད་ལ་བོར། །བྱ་རྨྱང་ཚུལ་གྱིས་གན་རྐྱལ་དང༌། །ཁ་སྦུབ་གཡས་གཡོན་མཉམ་པ་དང༌། །ས་ག་སྒྱིད་པའི་ནང་ཕྱོགས་ནས། །ཟླུམ་པོ་སྒྱིད་པའི་ཕྱི་ཕྱོགས་ནས། །རོལ་པ་རྟིང་པ་སོག་ཁར་གཞག །གཞན་ཡང་རྒྱུག་དང་འདུར་དང་མཆོང༌། །གཡས་དང་གཡོན་དུ་སྐོར་བ་དང༌། །མདུན་རྒྱབ་ལ་སོགས་རྡོ་རྗེའི་གར། །བླ་མའི་ཞལ་གདམས་ཤེས་པར་བྱ། །བརྟུལ་ཞུགས་མཐའ་རུ་འཁྱོལ་བ་དང༌། །ཡང་ནི་ཕྱོགས་ལས་རྣམ་རྒྱལ་བརྩམ། །མེ་ཏོག་སོགས་པས་མཆོད་བྱས་ནས། །བསམ་གཏན་གནས་སུ་ལེགས་འདུག་སྟེ། །ཕྱག་རྒྱར་ལྷན་ཅིག་རབ་ཞུགས་ནས། །རྡོ་རྗེའི་སྦྱོར་བ་ཡང་དག་བརྩམ། །རྡོ་རྗེ་ཉི་མ་ནུབ་ནས་ནི། །སྦྱོར་བ་འདི་ཉིད་རབ་བསམས་ན། །སྐྱ་རེངས་ཤར་བའི་དུས་སུ་ནི། །འགྲུབ་པར་འདི་ལ་ཐེ་ཚོམ་མེད། །ཉིན་གཉིས་གསུམ་བཞི་ལྔས་ངེས་པར། །གལ་ཏེ་འཕོ་འགྱུར་རྣལ་འབྱོར་པ། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །དགའ་བའི་གནས་སུ་ཁྲིད་པའོ། །ཡང་ན་བདེ་བ་ཅན་དུ་སྐྱེ། །གང་འདོད་རིགས་སུའང་སྐྱེ་བར་འགྱུར། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིང༌། །བསམ་པ་ཐམས་ཅད་རྫོགས་བྱེད་པ། །གཟུང་དང་འཛིན་པའི་སྒོམ་སྤངས་ཕྱིར། །ཕྱོགས་ཀུན་རྣམ་རྒྱལ་ཞེས་བྱར་བརྗོད། །དཔལ་ལྡན་ནཱ་རོ་པ་ཆེན་པོའི་སྤྱོད་པ་ཆོས་ཀྱི་གླུ་རྫོགས་སོ།། །།བྷ་རི་རྣལ་འབྱོར་མ་ཞེས་བྱ་བ་ཡེ་ཤེས་ཀྱི་མཁའ་འགྲོ་མས་བསྒྱུར་ཞིང་ཞུས་པ། ཆོས་ཀྱི་རྗེས་མཁར་ཆུའི་བྲག་ནས་གཏེར་སྤྱན་དྲངས་པ་ཇི་ལྟ་བའོ།། །།