བཀའ་གདམས་ལྷ་བཞིའི་རྗེས་གནང་རྩ་བའི་ཕྱག་ལེན་བསླད་མེད་སྒྲུབ་ཐབས་རིན་འབྱུང་ལས་ཁོལ་དུ་ཕྱུངས་པ།

From Damngak Dzö
DNZ-04-NGA-014
Wylie title bka' gdams lha bzhi'i rjes gnang rtsa ba'i phyag len bslad med sgrub thabs rin 'byung las khol du phyungs pa DNZ-04-NGA-014.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 4, Text 14, Pages 451-468 (Folios 1a1 to 9b2)
Author འཇམ་མགོན་ཀོང་སྤྲུལ་
Citation 'jam mgon kong sprul, comp. Bka' gdams lha bzhi'i rjes gnang rtsa ba'i phyag len bslad med sgrub thabs rin 'byung las khol du phyungs pa. In Gdams ngag rin po che'i mdzod, Vol. 4: 451-468. Kalimpong: Rigpe Dorje Publications, 2024. DNZ-Shechen-04-NGA-014.pdf
Shechen Publications, 1999
Side notes Recto: lha bzhi'i rjes gnang   Verso: bka' gdams skor
More details More details
Source Author(s) ཏཱ་ར་ནཱ་ཐ་ (tA ra nA tha)
Genre Permission to Invoke (anujñā) - rjes gnang
Deity bka' gdams lha bzhi
Colophon

ཞེས་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་ཁོལ་དུ་ཕྱུངས་ཏེ་ཁ་གསལ་གྱིས་བརྒྱན་པའོ། །དགེ་ལེགས་འཕེལ།།

zhes sgrub thabs rin chen 'byung gnas las khol du phyungs te kha gsal gyis brgyan pa'o/__/dge legs 'phel//

[edit]
༄༅། །བཀའ་གདམས་ལྷ་བཞིའི་རྗེས་གནང་རྩ་བའི་ཕྱག་ལེན་བསླད་མེད་སྒྲུབ་ཐབས་རིན་འབྱུང་ལས་ཁོལ་དུ་ཕྱུངས་པ་བཞུགས་སོ། །

༄༅། །ༀ་སྭ་སྟི། སངས་རྒྱས་ཀུན་ལས་ཆེས་ལྷག་པའི། །ལྷག་བསམ་སྨོན་ལམ་དགེ་བ་ཅན། །ཤཱཀྱ་སེང་གེ་ལ་བཏུད་ནས། །དེའི་སྒྲུབ་ཐབས་བྲི་བར་བྱ། །ཡན་ལག་བདུན་པ་དང༌། སྐྱབས་འགྲོ་སེམས་བསྐྱེད་རྣམས་སྔོན་དུ་བཏང༌། སྟོང་པའི་ངང་ལས་རང་གི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃ་སེར་པོའི་འོད་ཀྱིས་ལུས་གང༌། རང་ཉིད་ཐུབ་པའི་དབང་པོའི་སྐུར་གྱུར་པ་ནི། སྐུ་མདོག་གསེར་བཙོ་མ་ལྟ་བུ་ཕྱག་གཡས་ས་གནོན་དང༌། གཡོན་མཉམ་བཞག་མཛད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རབ་ཏུ་བྱུང་བའི་ཆ་ལུགས་ཅན། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་ཤིང༌། ཆོས་གོས་རྣམ་གསུམ་གསོལ་བ། འོད་ཟེར་དཔག་ཏུ་མེད་པ་འཕྲོ་ཞིང༌། ཐུགས་མཉམ་པར་བཞག་པའི་བདག་ཉིད་དུ་གྱུར། ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ། དེ་ལས་འོད་འཕྲོས་ཐུབ་པ་ཡེ་ཤེས་སེམས་དཔའི་ལྷ་ཚོགས་བཛྲ་ས་མཱ་ཛཿ ཡིད་ཀྱིས་ཕྱག་མཆོད་བྱ། ཛཿ ཧཱུྃ་བྃ་ཧོཿ སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་བསྒོམ་ལ། ༀ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་ཅི་ནུས་སུ་བཟླ། ཐུན་འཇོག་ཁར་ཡེ་ཤེས་པ་མདུན་དུ་བཞུགས་པ་ལ། ཨ་རྒྷཾ་ནས། ཤབྡའི་བར་གྱིས་མཆོད། འདོད་དོན་གསོལ་བ་གདབ། དགེ་བ་བསྔོ། ༀ་མུཿ ཞེས་གཤེགས་སུ་གསོལ། རང་དམ་ཚིག་པའི་ང་རྒྱལ་གྱིས་སྤྱོད་ལམ་བྱ། འདིའི་ལུང་འབོགས་ཚུལ་ནི། ཐུབ་པའི་སྐུ་གཟུགས་བྲིས་འབུར་གང་རུང་ཞིག་གི་མདུན་དུ་མཎྜལ་ལ་མེ་ཏོག་གི་ཚོམ་བུ་གཅིག་བཀོད། མཆོད་པ་རྒྱ་ཆེར་བཤམས། ༀ་ལས་བྱུང་བའི་མཆོད་པར་མོས། ༀ་ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡྷ་ནཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་མནྡྲོ་པ་སཾ་ཀྲ་མ་ཎེ་བཛྲེ། སརྦ་ཀརྨ་ཨ་ཝ་ར་ཎེ་བི་ཤྭོ་དྷ་ནི་བཛྲེ་སྭཱ་ཧཱ། ཞེས་མཆོད་སྤྲིན་གྱི་གཟུངས་བཟླ། བདག་བསྐྱེད་བཟླས་པ་དམ་ཚིག་པའི་ང་རྒྱལ་བར་སྔར་བཞིན་བྱ། མདུན་བསྐྱེད། སྟོང་པའི་ངང་ལས་མདུན་དུ་པདྨ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུྃ་སེར་པོ་ལས་ཐུབ་པའི་དབང་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་སོགས་ནས་བཟླས་པའི་བར་བཏང༌། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པས་བཤམ་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ༀ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བྷྱཿ བཛྲ་ཨ་རྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེས་འགྲེས་ཏེ། ཤབྡའི་བར་བཏང༌། ཐབས་མཁས་ཐུགས་རྗེས་སོགས་ཀྱིས་བསྟོད། སློབ་མ་ལ་ཆབ་བཏང༌། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེའང་སངས་རྒྱས་ཐམས་ཅད་ནི་སྤངས་རྟོགས་ཀྱི་ཡོན་ཏན་དང་དགོངས་པ་མཉམ་ཞིང་རིས་སུ་མ་ཆད་པའི་ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་ཡིན་མོད། མི་མཇེད་འཇིག་རྟེན་གྱི་ཁམས་འདིར་རྩོད་ལྡན་སྙིགས་མ་ལྔ་བདོ་བའི་གདུལ་དཀའི་འགྲོ་བ་རྣམས་འདུལ་བ་ལ་རྒྱལ་བ་ཀུན་ལས་ལྷག་པའི་ཐུགས་བསྐྱེད་ཀྱི་སྟོབས་དང་མཛད་པའི་ཕྲིན་ལས་རྨད་དུ་བྱུང་བ་བདག་ཅག་གི་སྟོན་པ་ཤཱཀྱ་སེང་གེའི་སྒྲུབ་ཐབས་རྣམ་གྲངས་མང་དུ་མཆིས་པ་ལས། འདིར་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་རྣམ་འཕྲུལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས༑ ཐུགས་སྲས་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ལ་ལྷག་པའི་ལྷ་འགའ་ཞིག་གདམས་ཁ་བསྐུར་བས་ཆེད་དུ་གདམས་པར་མཛད་པའི་བཀའ་གདམས་ལྷ་བཞི་ཞེས་གྲགས་པའི་ཐོག་མ་བསྟན་པ་འདིའི་བདག་པོ་སྟོན་པ་ཤཱཀྱ་ཐུབ་པའི་སྒོམ་བཟླས་དང་། ལྷ་ཁྲིད་ཉམས་སུ་ལེན་པའི་སྣོད་རུང་དུ་བྱེད་པ་སྒོམ་བཟླས་ཀྱི་ལུགས་ཇོ་བོ་ཡབ་སྲས་ཀྱི་ཕྱག་བཞེས་གཙང་མ་བསྒྲུབ་པར་བགྱི་བ་ལ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་མཛོད། ཅེས་བརྡ་སྦྱར་ལ་མཎྜལ་འབུལ་གཞུག །བསགས་སྦྱོང་སྤེལ་བ་སོ་སོའི་ཏིང་ངེ་འཛིན་གསལ་ཐོབ་ལ་ཡན་ལག་བདུན་པ་གསུང་བ་ཞུ། ཇི་སྙེད་སུ་དག་སོགས། གསུམ་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གསལ་ཐོབ་ལ་འདི་གསུང་བ་ཞུ། སངས་རྒྱས་ཆོས་དང་སོགས་ལན་གསུམ། སྟོང་པའི་ངང་ལས་ཁྱེད་རང་རྣམས་ཀྱི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་སོགས་གོང་གི་མངོན་རྟོགས་ལྟར་ལ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་སྒོམས་ཤིག ༑དེ་ནས་ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་མོས་གུས་དུང་དུང་མཛད་པས། སློབ་དཔོན་དང་མདུན་བསྐྱེད་དབྱེར་མ་མཆིས་པའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་སྟེ་སྙིང་གར་ཐིམ་པའི་མོས་པ་དང་བཅས་སྔགས་འདིའི་རྗེས་ཟློས་མཛོད། སྙིང་པོ་ལན་གསུམ། མེ་ཏོག་འཐོར་ལ། རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་གསུང་རིག་སྔགས་ཀྱི་ནུས་མཐུ་ཐམས་ཅད་ཐོག་མེད་དུ་འཇུག་པར་གྱུར་ཅིག །ༀ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། དེས་བཀའ་གདམས་ལྷ་བཞི་ལས་ཐུབ་པའི་དབང་པོའི་སྒོམ་བཟླས་ཀྱི་ལུང་ཕོག་གྲུབ་པ་ལགས་པས་གཏོང་རག་ཏུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་གཞུག །དགེ་རྩ་བྱང་ཆུབ་ཆེན་པོར་ བསྔོ་བས་རྒྱས་འདེབས་པར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད། རྗེས་མདུན་བསྐྱེད་ལ་མཆོད་པ་ཁ་བསོས་ནས་བྱིན་བརླབ། སྔགས་ཙམ་གྱིས་མཆོད་ཅིང་བསྟོད། ནོངས་བཤགས་གཤེགས་གསོལ་བསྔོ་སྨོན་བཀྲ་ཤིས་བརྗོད་པ་རྣམས་སྤྱི་ལྟར་བྱའོ། །ལྷ་བཞིའི་མི་གཡོ་བ་ལ་བཟླས་ལུང་འབོགས་པ་དང༌། རྗེས་གནང་གཉིས་ཀ་ཡོད་ཅིང༌། གཞན་གསུམ་ལ་ཐུན་མོང་མ་ཡིན་པའི་བཟླས་ལུང་འབོགས་ཚུལ་ཙམ་ལས་མེད་ཀྱང༌། ཕྱིས་སྒྲུབ་ཐབས་བརྒྱ་རྩ་རྒྱ་མཚོ་སོགས་དང་མཐུན་པའི་རྗེས་གནང་བྱེད་པ་ནི་སྙིང་པོས་དབེན་པར་ཤེས་སོ། །ཐུབ་པ་སངས་རྒྱས་ཀུན་འདུས་ཀྱི། །སྒྲུབ་ཐབས་ཉམས་ལེན་རབ་དགའ་བ། །སྙིང་ནས་བཀའ་གདམས་ལ་མོས་ན། །ནན་ཏན་ཆེན་པོས་འདི་སྒྲུབས་ཤིག །བཀའ་གདམས་ལྷ་བཞི་ལས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། ༈ །ༀ་སྭ་སྟི། དཔལ་ལྡན་ཡིད་འོངས་པོ་ཊ་ལ། །མཛེས་བྱེད་འཇིག་རྟེན་ཁམས་གསུམ་གྱི། །སྟོན་པ་གཉིས་པ་འཇིག་རྟེན་དབང༌། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། །ཡན་ལག་བདུན་པ་དང་སྐྱབས་སེམས་སྔོན་དུ་སོང་ནས། སྟོང་པའི་ངང་ལས་རང་གི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་ཧྲཱིཿ དཀར་པོ། དེའི་འོད་ཀྱིས་ལུས་གང༌། རང་ཉིད་སྤྱན་རས་གཟིགས་སུ་གྱུར་པ་ནི། སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ་གཡས་གཉིས་པས་ཤེལ་གྱི་ཕྲེང་བ། གཡོན་གཉིས་པས་ཨུཏྤལ་དཀར་པོའི་སྡོང་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རལ་པའི་ཐོར་ཚུགས་ཀྱི་ངོས་ལ་འོད་དཔག་མེད་པ་དང་བཅས་པ། དར་དང་རིན་པོ་ཆེས་བརྒྱན་པ། བ་སྤུའི་བུ་ག་རེ་རེ་བཞིན་ཡང་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་དང་བཅས་པ། ཐུགས་ཀར་ཟླ་བ་ལ་གནས་པའི་ཧྲཱིཿ དེ་ལས་འོད་ཟེར་འཕྲོས། སྤྱན་རས་གཟིགས་ཡེ་ཤེས་སེམས་དཔའི་ལྷ་ཚོགས་བཛྲ་ས་མཱ་ཛཿ ཡིད་ཀྱི་ཕྱག་མཆོད་བྱ། ཛཿ ཧཱུྃ་བྃ་ཧོཿ དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ས་བོན་སྔགས་ཕྲེང་དང་བཅས་པ་ལ་དམིགས་ཤིང༌། སེམས་ཅན་ལ་སྙིང་རྗེ་ཆེན་པོ་བསྒོམ་བཞིན་པས། ༀ་མ་ཎི་པདྨེ་ཧཱུྃ། ཞེས་ཅི་འགྲུབ་བཟླའོ། །ཐུན་འཇོག་ཁར། ཡེ་ཤེས་སེམས་དཔའ་མདུན་དུ་བཞུགས་པ་ལ། ཨ་རྒྷཾ་ནས། ཤབྡའི་བར་གྱིས་མཆོད། འདོད་དོན་གསོལ་བ་བཏབ། དགེ་བ་བསྔོ། ༀ་མུཿ ཞེས་གཤེགས་སུ་གསོལ། དམ་ཚིག་པའི་ང་རྒྱལ་གྱིས་སྤྱོད་ལམ་བྱའོ། །འདིའི་བསྒོམ་བཟླས་ཀྱི་ལུང་འབོགས་ཚུལ་ནི། སྤྱན་རས་གཟིགས་ཀྱི་སྐུ་གཟུགས་བྲིས་འབུར་གང་རུང་གི་མདུན་དུ་མཎྜལ་མེ་ཏོག་གི་ཚོམ་བུ་གཅིག་བཀོད། ཆུ་གཉིས་ཉེར་སྤྱོད་བཤམས། བྱིན་རླབས་དང་བདག་བསྐྱེད་སོགས་གོང་གསལ་ཐུབ་པའི་སྐབས་ལྟར་ལ། མདུན་བསྐྱེད། སྟོང་པའི་ངང་ལས་མདུན་དུ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧྲཱིཿ དཀར་པོ་ལས་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་སོགས་ནས་བཟླས་པའི་བར། མཆོད་པ་སྔར་ལྟར་ལ། མཆོད་སྔགས། ༀ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་རེ་བྷྱཿ སོགས་སྦྱར། བསྟོད་པ། སྐྱོན་གྱིས་མ་གོས་སོགས་བྱ། ཆོས་བཤད་སྐབས། དེ་ལ་ཇི་སྐད་དུ། ཐུགས་རྗེ་ཆེ་ཞེས་གང་གྲགས་ལ། །སྙིང་རྗེ་ཆེན་པོ་དེ་ལ་བྱ། །ཞེས་གསུངས་པ་ལྟར། སྤྱིར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོ་གཅིག་ཏུ་བསྡུས་པའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་འདི་ཉིད་མཁའ་ཁྱབ་ཀྱི་སྐྱེ་དགུ་མ་ལུས་པའི་མགོན་སྐྱབས་གཅིག་པུ་བ་ཡིན་མོད། ལྷག་པར་བོད་ཡུལ་མུན་པའི་རྒྱལ་ཁམས་འདི་ཐུགས་བརྩེ་བ་ཆེན་པོས་གདུལ་བྱའི་ཞིང་དུ་བདག་གིར་མཛད་པས་ཁ་བ་ཅན་པའི་ལྷ་སྐལ་སྤྱན་རས་གཟིགས་དང་ཆོས་སྐལ་ཡི་གེ་དྲུག་པ་ཡིན་ཅིང་། འདི་ལ་སྔགས་གསར་རྙིང་ཀུན་ནས་སྒྲུབ་ཐབས་ཀྱི་རྣམ་གྲངས་མཐའ་ཡས་འབྱུང་བ་ལས། འདིར་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སོགས། གྲགས་པའི་ནང་ཚན་བྱམས་སྙིང་རྗེའི་མངའ་བདག་སྤྱན་རས་གཟིགས་ཀྱི་སྒོམ་བཟླས་དང་སྙིང་རྗེ་མཁའ་ཁྱབ་ཀྱི་ཏིང་འཛིན་ཉམས་སུ་ལེན་པའི་སྣོད་རུང་དུ་བྱེད་པ་སོགས་ནས་བསྒོམ་བཟླས་ཀྱི་ལུང་ཚང་བ་གོང་གི་ཐུབ་པའི་སྐབས་ལྟར་ལྷ་སྔགས་ཁ་སྤོས་ལ་བཏང༌། རྗེས་ཀྱི་བྱ་བའང་དེར་བཤད་པ་ལྟར་བྱའོ། །སྤྱན་གཟིགས་སེམས་དཔའ་ཀུན་འདུས་ཀྱི། །སྒྲུབ་ཐབས་ངོ་མཚར་ཡིད་དགའི་གནས། །བཀའ་གདམས་པ་ཡི་ཡི་དམ་ལྷར། །ཀུན་གྱི་སྙིང་པོ་ཡིན་པར་གྲགས། །བཀའ་གདམས་ལྷ་བཞི་ལས་འཕགས་པ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། ༈ །ༀ་སྭ་སྟི། འཇིགས་པ་ཀུན་ལས་སྐྱོབ་མཛད་ཅིང༌། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པ། །ཡིད་ལ་བསམ་པའི་དོན་ཀུན་སྩོལ། །སྒྲོལ་མ་དེ་ལ་ཕྱག་འཚལ་འདུད། །བཀའ་གདམས་ལྷ་བཞིའི་ནང་ཚན་དུ་གྱུར་པ། སྒྲོལ་མའི་སྒྲུབ་ཐབས་ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང༌། སྟོང་པའི་ངང་ལས་རང་གི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་ཏཱྃ་ལྗང་ཁུ། དེའི་འོད་ཀྱིས་ལུས་གང༌། རྣམ་སྨིན་རྡོས་བཅས་དང་སྡིག་སྒྲིབ་ལྷན་ཅིག་ཏུ་སྦྱངས། རང་ཉིད་སྒྲོལ་མའི་སྐུར་གྱུར་པ་ནི། སྐུ་མདོག་ལྗང་ཁུ་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་དང་གཡོན་ཨུཏྤལ་སྔོན་པོའི་རྩ་བ་བཟུང་བ་སྙན་གྱི་ཐད་ཀར་ཁ་བྱེ་བ། ཞབས་གཡས་བརྐྱང་གཡོན་བསྐུམ་པའི་སྐྱིལ་ཀྲུང་ཕྱེད་པའི་རོལ་པས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པད་ཟླའི་གདན་ལ་བཞུགས་པར་གྱུར། ཐུགས་ཀར་ཟླ་བ་ལ་གནས་པའི་ཏཱྃ། དེ་ལས་འོད་ཟེར་འཕྲོས། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཡེ་ཤེས་སེམས་དཔའི་ལྷ་ཚོགས་བཛྲ་ས་མཱ་ཛཿ ཕྱག་དང་མཆོད་པ་ཡིད་ལ་བྱ་ཞིང་ངག་ནས་མི་བརྗོད། ཛཿ ཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྷ་སྐུ་ལ་སེམས་རྩེ་གཅིག་ཏུ་གཏད་ལ་མཉམ་པར་བཞག །བཟླས་པ་ནི། ཏཱྃ་གི་མཐའ་སྐོར་དུ་ཡི་གེ་བཅུ་པས་བསྐོར་བ་བསྒོམས་ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པ་དང༌། གཟུངས་སྔགས་ཀྱིས་བསྐོར་བ་གསལ་བཏབ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷཱི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཾ། པྲ་དུཥྚཾ། མ་མ་ཀྲ་ཏེ། ཛཾ་བྷ་ཡ། སྟམྦྷ་ཡ། མོ་ཧཱ་ཡ། བྷནྡྷ་ཡ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། སརྦ་དུཥྚཾ་སྟམྦྷ་ནི་ཏཱ་རེ་སྭཱ་ཧཱ། ཞེས་པའང་ཅི་འགྲུབ་བཟླ། ཐུན་འཇོག་ཁར། ཡེ་ཤེས་པ་མདུན་དུ་བཞུགས་པ་ལ། ཨ་རྒྷཾ་ནས། ཤབྡའི་བར་གྱིས་མཆོད། འདོད་དོན་གསོལ་བ་བཏབ། དགེ་བ་བསྔོ། ༀ་མུཿ ཞེས་གཤེགས་སུ་གསོལ། རང་དམ་ཚིག་པའི་ང་རྒྱལ་གྱིས་སྤྱོད་ལམ་བྱའོ། །ཡང་ཕྱག་འཚལ་ཉེར་གཅིག་འདོན་ན། དམ་ཚིག་པ་གང་ལྟར་བསྐྱེད་པའི་ཐུགས་ཀའི་འོད་ཀྱིས། ཡེ་ཤེས་ལྷ་མོ་མདུན་དུ་སྤྱན་དྲངས་ཕྱག་མཆོད་འབུལ། སྐྱབས་སྦྱིན་གྱི་འོག་ཏུ་བདག་དང་བསྲུང་བྱ་རྣམས་ཚུད་པར་བྱས་ལ། ཕྱག་འཚལ་ཞེས་པའི་སྐབས་སུ་ཡིད་ཀྱིས་ཕྱག་འཚལ་བར་མོས། བསྟོད་པ་གང་ནུས་འདོན། རྗེས་གོང་དང་འདྲའོ། །འདིའི་བཟླས་ལུང་བྱེད་ཐབས་ནི། སྒྲོལ་མའི་སྐུ་གཟུགས་བྲིས་འབུར་གང་རུང་ཞིག་གི་མདུན་དུ། མཎྜལ་མེ་ཏོག་གི་ཚོམ་བུ་བཀོད། མཆོད་པ་རྒྱ་ཆེན་བཤམས། ཆོས་སྐྱོང་དང་ཆ་གསུམ་སོགས་འཇིག་རྟེན་པའི་གཏོར་མའང་ཅི་རིགས་སུ་བཤམ་མོ། །མཆོད་པ་བྱིན་རླབས་སྤྱི་དང་མཐུན་པར་བྱས་ཀྱང་རུང༌། སྐད་ཅིག་གིས་ༀ་ལས་བྱུང་བའི་མཆོད་པར་མོས་པ་ཙམ་བྱས་ནས། མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་བརྗོད་པ་ཙམ་གྱིས་ཆོག །བདག་བསྐྱེད་བཟླས་པ་དམ་ཚིག་པའི་ང་རྒྱལ་བར་སྔར་ལྟར་བྱ། མདུན་བསྐྱེད། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ལྗང་གུ་ལས་འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་གུ་སོགས་ནས་བཟླས་པའི་བར། མཆོད་པ་སྔར་ལྟར་ལ། མཆོད་སྔགས། ༀ་ཨཱརྱ་ཏཱ་རེ་ས་པ་རི་སོགས་སྦྱར། བསྟོད་པ་ཕྱག་འཚལ་ཉེར་གཅིག་གམ། བསྡུ་ན། ཞིང་ཁམས་ཐམས་ཅད་ཡོངས་སུ་དག་པ་ལྟ་བུ་ཤོ་ལོ་ཀ་གཅིག་ཙམ་གྱིས་བསྟོད། ཆོས་བཤད་སྐབས། དེའང་དོན་དམ་པར་རྒྱལ་བ་ཐམས་ཅད་ཀྱི་ཡུམ་མཆོག་རྡོ་རྗེ་བཙུན་མོ་ཉིད་རྣམ་པ་བྱང་ཆུབ་སེམས་མ་ཆེན་མོའི་ཚུལ་གྱིས་རྒྱལ་བ་ཐམས་ཅད་ཀྱི་ཕྲིན་ལས་སྒྲུབ་པ་ལ་དུས་གསུམ་གཤེགས་པ་གང་ལས་ཀྱང་ཁྱད་པར་དུ་འཕགས་པ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་འདི་ཉིད་སྔོན་གྱི་ཐུགས་བསྐྱེད་ཀྱི་ཁྱད་པར་ལས་འགྲོ་བ་རྣམས་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་སྐྱོབས་པར་མཛད་པ་ལ་ཐུགས་རྗེའི་རྩལ་ཤུགས་ཤིན་ཏུ་མྱུར་མ་དང་དཔའ་མོ་ཞེས་གྲགས་ཤིང༌། མཚན་ཙམ་བཟུང་བས་ཀྱང་འཇིགས་པ་ཀུན་ལས་སྐྱོབ་ཅིང་། འདོད་པའི་དངོས་གྲུབ་ཐོབ་པར་འགྱུར་བ་དང༌། སྙིགས་མའི་དུས་མཐར་ཕྱིན་ཞིང་འགྲུབ་ཐག་ཉེ་བར་གསུངས་པ་འདི་ལ་རྒྱུད་དང་མན་ངག་ཞལ་གཟིགས་སོགས་ལ་བརྟེན་པའི་སྒྲུབ་ཐབས་ཀྱི་རིམ་པ་མཐའ་དང་མུ་མེད་པ་མཆིས་པ་ལས། གངས་ཅན་འདིར་ཤིན་ཏུ་གྲགས་ཆེ་ཞིང་བྱིན་རླབས་ཀྱི་བཀའ་བབས་མཆོག་དང་ལྡན་པ་འདི་ནི། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སོགས་གོང་ལྟར་ལ། ལྷ་བཞི་ཞེས་གྲགས་པའི་ནང་ཚན་ཕྱིའི་བར་ཆད་སེལ་བ་རྗེ་བཙུན་སྒྲོལ་མའི་སྒོམ་བཟླས་དང་རྗེས་དྲན་དྲུག་ཉམས་སུ་ལེན་པའི་སྣོད་རུང་དུ་བྱེད་པ་སོགས་བརྗོད་ལ་མཎྜལ་འབུལ། ཡན་ལག་བདུན་པ། སྐྱབས་སེམས་རྣམས་བྱ། འགྲུབ་ན་སྐྱབས་འགྲོ་སེམས་བསྐྱེད་རྒྱས་པར་འབོགས་པར་གསུངས་པ་ནི་སྔར་མ་ཐོབ་པ་ལ་དགོངས་པས་སྐབས་འདིར་མི་དགོས། དེ་ནས་ཐུན་མོང་མ་ཡིན་པའི་ཡན་ལག་བདུན་པ་འདི་ལྟར་འབུལ་འཚལ། རྗེ་བཙུན་འཕགས་མ་སྒྲོལ་མ་དང༌། །སོགས་ལན་གསུམ། དེ་ནས་ལྷ་བསྐྱེད་སོགས། སྒོམ་བཟླས་ཀྱི་ལུང་ཚང་བ་སྔར་བཤད་ཐུབ་པ་ལྟར་ལྷ་སྔགས་འབྱིན་འཇུག་བྱས་པས་འཐུས་ཤིང༌། རྗེས་ཀྱི་བྱ་བའང་དེ་གས་རིགས་འགྲེའོ། །འདི་དག་ནི་བཟླས་ལུང་ལ་བརྟེན་པའི་སྒྲུབ་ཐབས་ཞེས་གསུངས་སོ། །སྔོན་དུས་ཀུན་ནས་ཆེས་དར་ཡང༌། །དེང་སང་ཕལ་ཆེར་ནུབ་པ་དང༌། །གཞན་གྱིས་རིགས་འགྲེས་སླད་མཐོང་ནས། །དགའ་བས་སྙིང་པོར་སྤེལ་འདིའོ། །བཀའ་གདམས་ལྷ་བཞི་ལས། སྒྲོལ་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །དར་རྒྱས་འཕེལ། ༈ །ན་མོ་གུ་རུ། མཐའ་དག་འགྲོ་བ་སྒྲོལ་བའི་སླད། །མི་གཡོ་མགོན་ལ་རབ་བཏུད་ནས། །གཏུམ་པོའི་སྒྲུབ་ཐབས་བླ་མེད་པ། །མདོ་ཙམ་བདག་གིས་བྲི་བར་བྱ། །མི་གཡོ་སྔོན་པོ་བཀའ་གདམས་ལུགས་བསྒོམ་པར་འདོད་པས། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས། ལུས་ཐམས་ཅད་གསལ་ཞིང་དག་པར་བྱས། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། འོད་ཟེར་དེས་སངས་རྒྱས་ཐམས་ཅད་སྤྱན་དྲངས། པུཥྤེ་སོགས་ཀྱིས་མཆོད། ༀ་སརྦ་བི་ཤྭ་པཱུ་ཛ་མེ་གྷ་ས་མུ་དྲ་ཨཱཿ ཧཱུྃ་སྭཱ་ཧཱ༑ རྡོ་རྗེ་གུར་རམ་བཟང་སྤྱོད་ནས་འབྱུང་བ་ལྟར་ཡན་ལག་བདུན་པ་དང༌། སྐྱབས་འགྲོ་སེམས་བསྐྱེད། ཚད་མེད་བཞི་རྣམས་བསྒོམ། སྭ་བྷཱ་ཝ་དང་། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བཾ་རཾ་ལས་པད་ཉིའི་གདན་ལ་རང་སེམས་ཧཱུྃ་ལས་རྡོ་རྗེའི་ལྟེ་བར་ཉི་མ་ལ་ཧཱུྃ་གིས་མཚན་པ། ༀ་སརྦ་ཏ་ཐཱ་ག་ཏཱ་ཛྙཱ་ན་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཿ ཧཾ། དེ་ལས་རང་ཉིད་ཁྲོ་བོའི་རྒྱལ་པོ་མི་གཡོ་བ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་དམར་ལ་ཟླུམ་པའི་སྤྱན་གཉིས་སྟེང་འོག་ཏུ་ཡོན་པོར་གཟིགས་པ། ཕྱག་གཡས་ཡེ་ཤེས་ཀྱི་རལ་གྲི་མེ་འབར་བ་ནམ་མཁར་འཕྱར་བ། གཡོན་རྡོ་རྗེ་ཞགས་པ་དང་བཅས་པའི་སྡིག་མཛུབ་ཐུགས་ཀར་གཏོད་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་ཚོགས་བདག་གླང་སྣ་དང་དབང་ཕྱུག་ཆེན་པོ་ལ་སོགས་པའི་གདོན་བགེགས་ཐམས་ཅད་བརྫིས་པ། སྨ་ར་དང་སྨིན་མ་དང༌། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཡ་སོས་མ་མཆུ་མནན་ཅིང༌། མཆེ་བ་རྣོན་པོ་གཙིགས་པ། སྟག་ལྤགས་ཀྱི་ཤམ་ ཐབས་དང༌། རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། སྤྲུལ་པའི་ཁྲོ་བོ་ནམ་མཁའ་གང་བར་འཕྲོ་བ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཐུགས་ཀར་རཾ་ལས་ཉི་མ་ལ་ཧཱུྃ་འོད་འབར་བ། དེའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས། སྤྲོ་ན་གོང་ལྟར་མཆོད། ཛཿ ཧཱུྃ་བྃ་ཧོཿ ཡང་འོད་ཀྱིས་དབང་ལྷ་སྤྱན་དྲངས། ༀ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས། དབང་བསྐུར། སྐུ་གང༌། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། གནས་གསུམ་བྱིན་གྱིས་བརླབས། སྙིང་གའི་ས་བོན་གྱི་མཐར་ཡི་གེ་བཅུ་པས་བསྐོར་བར་བསྒོམས་ལ། ཕོ་ཉ་སྤྲོ་བ་དང་མེ་སྦར་བའི་དམིགས་པ་དང་བཅས་ཏེ། ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་ཅི་ནུས་སུ་བཟླའོ། །མཇུག་ཏུ་མེ་དམིགས་བསྡུས་ལ། ཡིག་བརྒྱ་བཟླ། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། ༀ་ཨཱཿ ཧཱུྃ་མུཿ ཡེ་ཤེས་པ་གཤེགས། གཏོར་མ་འབུལ་བར་འདོད་ན། དཀར་གཏོར་སྣོད་ཆུ་གཙང་གིས་བཀང་བ་བཤམས་ལ། ༀ་ཨཱཿ བིགྷྣན་ཏ་ཀྲ་ཏ་ཧཱུྃ་གིས་བསང་། ༀ་གྱི་སྒྲ་དང་འོད་ཀྱིས་གཏོར་མ་སྣོད་དང་བཅས་པ་སྟོང་པར་སྦྱང་། ཨཱཿ རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བ་བདུད་རྩི་དཀར་པོས་གང་བ། ཧཱུྃ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་བདུད་རྩི་བཀུག་སྟེ་ཐིམ་པས། གཏོར་མ་བདུད་རྩིས་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿ ཧཱུཾ་ལན་གསུམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡི་དམ་སངས་རྒྱས་བྱང་སེམས་བླ་མ་ཆོས་སྐྱོང་སེམས་ཅན་ཐམས་ཅད་ཁྲོ་བོ་མི་གཡོ་བའི་རྣམ་པར་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། སྙིང་པོའི་མཐར། བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། ཞེས་པ་ལན་བདུན་གྱིས་ཡི་དམ་དང༌། ཨ་ཀཱ་རོ་ལན་བདུན་གྱིས་གཞན་རྣམས་ལ་ཕུལ། ཨ་རྒྷཾ་ནས། ཤབྡའི་བར་གྱིས་མཆོད། ཆོས་དབྱིངས་རང་བཞིན་ཨིནྡྲ་ནཱི་ལའི་མདོག །ཞལ་གཅིག་ཕྱག་གཉིས་ཞབས་ཟུང་བརྗིད་པའི་སྐུ། །ཡེ་ཤེས་རལ་གྲི་རྡོ་རྗེ་ཞགས་པ་བསྣམས། །ཁྲོ་རྒྱལ་མི་གཡོ་མགོན་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད་ལ། འདོད་པའི་དོན་ལ་གསོལ་བ་བཏབ་ལ། དགེ་བ་བསྔོ། ༀ་མུཿ ཞེས་པས་གཤེགས་སུ་གསོལ། ཐུན་མཚམས་སུ་ཡང་ལྷ་ཡི་སྣང་བ་དང་མ་བྲལ་བར་བྱའོ། །འདིའི་རྗེས་གནང་ནི། ཐུན་མོང་བ་བཀའ་གདམས་ལྷ་བཞི་གཞན་རྣམས་ཀྱི་བཟླས་ལུང་འབོགས་ཚུལ་དེ་ཉིད་ལ་འདོན་པ་སྤོ་བས་ཆོག་པ་ཡིན་ཅིང༌། ཁྱད་པར་ཅན་ནི་མཎྜལ་གྲུ་བཞི། གྲུ་བཅད་སྔོན་པོ་ལ་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་དང་བཅས་པ། ལྟེ་བར་ཉི་གདན་ལ་ཚོམ་བུ་སྔོན་པོ། མེ་ཏོག་སྔོན་པོ་སིལ་མར་དགྲམ། མཆོད་གཏོར་རྒྱ་ཆེ་བ་བཤམ། བདག་བསྐྱེད་ཚང་བར་སྔོན་དུ་བཏང༌། མཆོད་པ་བྱིན་རླབས་ནི། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ༀ་སྭ་བྷཱ་བ་སོགས་ཀྱིས་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ༀ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་དཔག་ཏུ་མེད་པར་གྱུར། ༀ་ཨ་རྒྷཾ་ཨཱཿ ཧཱུྃ། ༀ་པཱདྱཾ་ཨཱཿ ཧཱུྃ། ༀ་བཛྲ་པུཥྤེ་ཨཱཿ ཧཱུྃ། ནས། ཤབྡ་ཨཱཿ ཧཱུྃ། ༀ་བཛྲ་སྥ་ར་ཎ་ཁཾ། དེ་ནས་མདུན་བསྐྱེད་ནི་བདག་བསྐྱེད་ལྟར་ལ། རང་སེམས་དང༌། རང་ཉིད་ཅེས་པའི་ཚིག་དོར་ལ་གཞན་ཚང་བ་བཟླས་པའི་བར་བཏང༌། མཆོད་པ་སྔར་ལྟར་ལ། སྔགས། ༀ་ཨཱརྱ་ཨ་ཙ་ལེ་ས་པ་རི་སོགས་སྦྱར། ཆོས་དབྱིངས་རང་བཞིན་སོགས་ཀྱིས་བསྟོད། གཏོར་འབུལ་གོང་སྨོས་ལྟར་ལ་མགྲོན་སྤྱན་འདྲེན་མི་དགོས་པས་གཤེགས་གསོལ་ཀྱང་མི་བྱེད། དེ་ནས་གཞི་བདག་གཏོར་མ་དང་བགེགས་གཏོར་སྤྱི་འགྲོ་ཞིག་བཏང༌། སློབ་མ་ལ་ཆོས་བཤད་སྐབས། འདིར་སྐབས་སུ་བབས་པ། ཁྲོ་བོའི་དབང་པོ་གཏུམ་ཆེན་མི་གཡོ་བ་འདི་ནི་སྟོན་པ་རྫོགས་པའི་སངས་རྒྱས་ཞལ་བཞུགས་པའི་སྐབས་སུ་དགེ་སློང་བསམ་གཏན་པ་ཞིག་ལ་བདུད་དགའ་རབ་དབང་ཕྱུག་གིས་བར་ཆད་རྩོམ་པ་ན། བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་ཁྲོ་བོ་ཆེན་པོ་འདི་ཉིད་སྤྲོས་ཏེ་བདུད་འཁོར་དང་བཅས་པ་ཐམས་ཅད་ཚར་བཅད་ཅིང་ཞབས་ཀྱི་འོག་ཏུ་མནན་པས། བདུད་ཀྱི་བར་དུ་གཅོད་པ་ལ་ལྷག་པར་བསྔགས་པ་སངས་རྒྱས་ཀྱིས་ཐུགས་ལས་སྤྲུལ་པའི་ཁྲོ་བོ་ཡིན་པར་གསུངས་པ་དང༌། འདི་ཉིད་ཀྱི་རྒྱུད་ལས། སྟོན་པ་འཚང་རྒྱ་ཀར་བདུད་འདུལ་བའི་མཛད་པ་སྟོན་པ་ན། བཅོམ་ལྡན་འདས་ཉིད་གཏུམ་པོ་མི་གཡོ་བའི་སྐུ་བཞེངས་ཏེ་བདུད་སྡེ་རྣམ་པར་འཐག་པར་བྱེད་པའི་ཏིང་ངེ་འཛིན་གྱིས་བདུད་དཔུང་ཐམས་ཅད་ཚར་བཅད། བདུད་ཀྱི་བུ་མོ་རབ་བཀྲ་མ་ཐམས་ཅད་ཆགས་ཆེན་གྱི་སྤྱོད་པས་རྗེས་སུ་བཟུང་སྟེ། བཅོམ་ལྡན་འདས་མི་བསྐྱོད་པའི་ངོ་བོར་སངས་རྒྱས་ཤིང་དེའི་ཚེ་མི་གཡོ་བླ་ན་མེད་པའི་རྒྱུད་གསུང་བར་བཤད་ལ། དེའི་སྒྲུབ་ཐབས་རྒྱུད་དང་སློབ་དཔོན་སོ་སོའི་མན་ངག་མང་དུ་བྱུང་བའི་བཀའ་སྲོལ་མང་དུ་མཆིས་པ་ལས། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སོགས་གོང་ལྟར་ལ། ལྷ་བཞི་ཞེས་གྲགས་པའི་ནང་གི་བར་ཆད་སེལ་བ་ཁྲོ་བོ་མི་གཡོ་བའི་སྒྲུབ་ཐབས་དང་། ཆོས་དྲུག་ཉམས་སུ་ལེན་པའི་སྣོད་རུང་དུ་བྱེད་པའི་རྗེས་གནང་ཁྱད་པར་ཅན་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་བ་ལགས། བཟང་སྤྱོད་ཀྱི་ཡན་ལག་བདུན་པ་ཚར་གསུམ། སངས་རྒྱས་ཆོས་ཚོགས་ཀྱི་སྐྱབས་སེམས་ལན་གསུམ་བྱ། དེ་ནས་དམིགས་པ་འདི་རྣམས་རིམ་བཞིན་སྒོམས་མཛོད། ཅེས་བརྡ་སྦྱར་ལ་མངོན་རྟོགས་ལྟར་སྟོང་པར་སྦྱང་བ་ནས། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། ཅེས་གནས་གསུམ་བྱིན་གྱིས་བརླབས་པའི་བར་དུ་བརྗོད། དེ་ལྟར་བསྒོམས་པའི་ལྷ་སྐུ་དེའང་སྣང་བཞིན་དུ་སྟོང༌། སྟོང་བཞིན་དུ་སྣང༌། སྣང་སྟོང་ཟུང་འཇུག་མེ་ལོང་ནང་དུ་ཤར་བའི་གཟུགས་བརྙན་ལྟ་བུ་ལ་མཉམ་པར་ཞོག་ཅིག །ཅེས་བརྗོད་ལ་དར་ཅིག་བཞག །སླར་བླ་མ་ཡི་དམ་དབྱེར་མེད་པ་ལ་མོས་གུས་དྲག་ཏུ་བྱས་པས་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བཻ་ཌཱུརྱའི་ཐག་པ་ལྟ་བུ་བྱུང༌། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ཧཱུྃ་ཡིག་གི་མཐར་གཡས་བསྐོར་དུ་འཁོད་པར་སྒོམས། སྔགས་འདིའི་རྗེས་ཟློས་མཛོད། སྙིང་པོ་ལན་གསུམ། སློབ་དཔོན་གྱི་བགྲང་ཕྲེང་མགོ་ཐོག་ཏུ་བཞག་ལ་སྙིང་པོ་བརྒྱ་རྩ་བརྒྱད་བཟླ། དེ་ནས་མི་དམིགས་རྣམ་གསུམ་འདི་ལྟར་སྒོམས་ཤིག །ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་བཅས་པ་ལས་དྲག་པོའི་མེ་ལྕེ་འཇིག་དུས་བསྐལ་པའི་མེ་ལྟ་བུ། ཚ་བ། རྩུབ་པ། དྲག་པ། རྣོ་བ། སྟོབས་ལྡན། ཤུགས་ཅན། མྱུར་བ་སྟེ་མཚན་ཉིད་བདུན་ལྡན་འབར། ཐོག་མར་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་མེ་ནང་དུ་འུར་གྱིས་འབར། དེ་ལས་ཀྱང་མེ་ལྕེ་འཁྱོག་པོས་རང་གི་ལུས་ཀྱི་ནང་དམར་མེར་གྱིས་གང་བས་སྡིག་སྒྲིབ་ནད་གདོན་བག་ཆགས་དང་བཅས་པ་སྐད་ཅིག་གིས་བསྲེགས་པར་སྒོམས་ཤིག །ཡི་གེ་བཅུ་པ་བདུན་ཙམ་བཟླ། དེ་ནས་མེ་ཆེར་འབར། ལུས་ཀྱི་སྒོ་དགུ་ནས་ཀྱང་མེ་ལྕེ་སྦྲུལ་གྱི་ལྕེ་ལྟར་དམར་མྱུག་མྱུག་བྱུང༌། མཐར་བ་སྤུའི་བུ་གའི་སྒོ་ཐམས་ཅད་ནས་ཀྱང་དམར་ལམ་ལམ་མཆེད། ཕྱིའི་མེ་རིའི་གུར་ཁང་དང་འདྲེས་པས་མི་མཐུན་པའི་ཕྱོགས་ཐམས་ཅད་ཆམ་གྱིས་བསྲེགས་པར་སྒོམས་ཤིག །ཡི་གེ་བཅུ་པ་བདུན་ཙམ་བཟླ། དེ་ལས་ཀྱང་མེ་ཆེན་འབར། འདོམ་དང་མདའ་རྒྱང་དང་རྒྱང་གྲགས་དང་དཔག་ཚད་ཀྱི་བར་དུ་ལྷབ་ལྷབ་འབར་ཞིང་མཆེད་པས་བསྟན་དགྲ་གདུག་པ་ཅན་རྣམས་དང༌། ནད་དང་དལ་ཡམས་ཀྱི་བདག་མོ་མཐུ་མོ་ཆེ་རྣམས། རྒྱ་མཚོའི་མཐར་བསྐྲད་ཅིང་བྱེར་བར་སྒོམས་ཤིག །ཡིག་བཅུ་གོང་ལྟར་བཟླ། འདི་ལྟར་སྣང་བའི་ཕྱི་ནང་གི་ཆོས་ཐམས་ཅད་སྣང་བ་ཙམ་ནས་བདེན་པར་མ་གྲུབ་པ་སྒྱུ་མ་ལྟ་བུར་སྒོམས་མཛོད། ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ། ཞེས་བརྗོད་ལ་ཅུང་ཟད་བཞག །སྒྱུ་མ་ལྟ་བུའི་སྣང་བ་དེའང་མི་དམིགས་པ་སྟོང་ཉིད་སྤྲོས་པ་དང་བྲལ་བའི་དབྱིངས་སུ་མཉམ་པར་ཞོག་མཛོད། ཕཊ། ཅེས་བརྗོད་ལ་མཉམ་པར་བཞག །རྗེས་གཏོང་རག་མཎྜལ་སོགས་སྔར་ལྟར་བྱ། ཆོ་གའི་རྗེས་ཀྱི་བྱ་བའང་སྤྱི་དང་འདྲ་བ་ལས། ཁྱད་པར་མཆོད་པ་གསར་པ་རྒྱ་ཆེར་བཤམས་ནས་བྱིན་གྱིས་བརླབས། དཔོན་སློབ་ལྷན་ཅིག་ཏུ་འབུལ། ཡན་ལག་བདུན་པ་ལན་གསུམ་ཡང་བྱ། དཀར་གསུམ་གྱི་ཙ་རུའི་སྟོན་མོ་བྱའོ། །ཁྲོ་རྒྱལ་ཀུན་འདུས་རབ་དགའི་ཏོག །བདུད་སྡེའི་སྙིང་ལ་འཇིགས་སྐྱེད་པ། །ཟབ་མོའི་སྒྲུབ་ཐབས་གསང་པོར་སྨྲས། །དགེ་དེས་གཏུམ་པོའི་གནས་ཐོབ་ཤོག །ཨ་ཏི་ཤའི་ཞལ་གྱིས་གདམས་པ་ཁྲོ་བོ་གཏུམ་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །དར་རྒྱས་འཕེལ། ཞེས་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་ཁོལ་དུ་ཕྱུངས་ཏེ་ཁ་གསལ་གྱིས་བརྒྱན་པའོ། །དགེ་ལེགས་འཕེལ།། །།