བློ་སྦྱོང་རྟོག་པ་འབུར་འཇོམས་ཀྱི་འགྲེལ་པ།

From Damngak Dzö
DNZ-04-NGA-005-016
Wylie title blo sbyong rtog pa 'bur 'joms kyi 'grel pa DNZ-04-NGA-005.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 4, Text 5, Subtext 16, Pages 220-226 (Folios 49b1 to 52b6)
Author ཇོ་བོ་རྗེ་ཨ་ཏི་ཤ་
Citation 'jam mgon kong sprul, comp. Blo sbyong rtog pa 'bur 'joms kyi 'grel pa. In Gdams ngag rin po che'i mdzod, Vol. 4: 220-226. Kalimpong: Rigpe Dorje Publications, 2024.
Side notes Recto: blo sbyong sna tshogs   Verso: bka' gdams skor
More details More details
Genre Mind Training Texts - blo sbyong
[edit]
༈ །བློ་སྦྱོང་རྟོག་པ་འབུར་འཇོམས་ཀྱི་འགྲེལ་པ་བཞུགས་སོ། །མགོན་པོ་གསེར་གླིང་པ། བླ་མ་རིན་པོ་ཆེ་ཡབ་སྲས་བརྒྱུད་པ་དང་བཅས་པ་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། མཁྱེན་རབ་དང་ཐུགས་རྗེའི་མངའ་བདག་མགོན་པོ་གསེར་གླིང་པའི་ཞལ་སྔ་ནས། ཇོ་བོ་ལ་བུ་ཁྱོད་སྙིགས་མའི་དུས་སུ་གཞན་གྱི་དོན་བྱེད་པ་ལ། བཀའ་སྡེ་སྣོད། ལུང་རིགས་པ། བླ་མའི་མན་ངག་ཐམས་ཅད་ཧྲིལ་ཏེ་དྲིལ་ནས་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ན། ནད་དང་། གནོད་པ་དང་། གདོན་བགེགས་དང་། མུ་སྟེགས་སོགས་རྐྱེན་ངན་བར་ཆད་ཐམས་ཅད་ཀྱིས་མི་ཚུགས་པའི་ཆོས་འདི་རྣམས་དགོས་ཏེ། འདི་སྐད་ཅིག་ཏུ། རྟོག་པ་ཐམས་ཅད་འབུར་འཇོམས་ཏེ། །གཉེན་པོ་ཐམས་ཅད་བཅོམ་བརྡེག་ཡིན། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །ཅེས་པའི་དོན་ནི། རྣམ་པར་རྟོག་པ་གང་བྱུང་བ་ནས་འབུར་འཇོམས་སུ་བྱ་དགོས་ཏེ། ཁོ་གང་ན་སྣང༌། དབང་པོ་གང་གི་ཡུལ་ན་སྣང༌། དབྱིབས་དང་ཁ་དོག་ཇི་ལྟ་བུ་ཞིག་སྣང་བཙལ་ལོ། །འདི་དུག་སྦྲུལ་ལམ་ཁྱི་སྨྱོན་དང་འདྲ་སྟེ་ཉེར་མི་རུང༌། བྱུང་འདྲོག་རང་ལ་གཉེན་པོས་ལེ་ལོ་མ་ཤོར་བར་བཅོམ་སྟེ། མདོ་ལས། འདོད་པ་ཁྱོད་ཀྱི་རྩ་བ་ཤེས། །ཤིན་ཏུ་རྣམ་རྟོག་དག་ལས་བྱུང༌། །ཞེས་དང༌། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་དོ། །ཞེས་དང༌། དབུ་མ་འཇུག་པ་ལས། སོ་སོའི་སྐྱེ་བོ་རྣམས་ནི་རྟོག་པས་བཅིངས། །མི་རྟོག་རྣལ་འབྱོར་པ་ནི་གྲོལ་བར་འགྱུར། །རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་པ། །རྣམ་པར་བཅད་པའི་འབྲས་བུར་མཁས་རྣམས་གསུངས། །ཞེས་བྱ་བ་ལ་སོགས་པ་ཐེག་པ་ཆེན་པོའི་བཀའ་བསྟན་བཅོས་ཐམས་ཅད་ནས་བྱང་ཆུབ་སྒྲུབ་པའི་གེགས་ཆེན་པོར་བཤད་པའི་ཕྱིར་རོ། །དེས་ན་ལེ་ལོ་མ་ཤོར་བ་གལ་ཆེའོ། །འདིར་བློ་མང་ན་མཐར་མི་ཕྱིན་པས་ཆོས་ཟབ་མོ་ལའང་མ་འབྱམས་པར་འཇུག་ན་ཐམས་ཅད་རྟོག་པ་འཇོམས་པ་ལ་གཅིག་ཆོད་དུ་གྲིལ་དགོས་ཏེ། མདོ་ལས་ཀྱང་ཡིད་ལ་བྱེད་པ་ཐམས་ཅད་བདུད་ལས་སུ་བཤད། དེས་ན་ཇི་སྲིད་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་མ་ཐོབ་ཀྱི་བར་དུ་ཚོགས་མཐོང་སྒོམ་ལ་སོགས་པ་དང་ལས་ཐམས་ཅད་རྟོག་པ་འབུར་ཏེ་བྱུང་རེས་ཀྱིས་གཉེན་པོས་འཇོམས་པ་ལ་འགྲིལ་བར་ཆིག་ཆོད་དུ་བྱའོ། །མདོར་ན་རྟོག་པ་འབུར་ཏེ་བྱུང་རེས་ཀྱིས་གཉེན་པོས་ཀྱང་དེའི་རྩར་སླེབས་དགོས་ཏེ། གཉེན་པོས་རྣམ་རྟོག་འཇོམས་པ་ལ་འདུན་མ་ཐམས་ཅད་འགྲིལ་དགོས། ལམ་ཐམས་ཅད་ཀྱང་དེ་ཁོ་ནས་བཅད་དགོས་སོ། །དེའི་བླང་བྱ་གཉེན་པོ་རྣམ་བྱང་གི་ཆོས་བཞི་ཡིན་ནོ། །ཡང་འདི་སྐད་གསུངས་ཏེ། རྐྱེན་ངན་དགེ་བའི་བཤེས་གཉེན་ཏེ། །འདྲེ་གདོན་རྒྱལ་བའི་སྤྲུལ་པ་ཡིན། །ན་ཚ་སྡིག་སྒྲིབ་ཀྱི་ཕྱགས་མ་སྟེ། །སྡུག་བསྔལ་ཆོས་ཉིད་ཀྱི་ཡོ་ལང་ཡིན། །ཀུན་ནས་ཉོན་མོངས་ཀྱི་ཆོས་བཞི་སྟེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །ཞེས་པའི་དོན་ནི། དེས་ན་ན་ཚ་སྡུག་བསྔལ་ལ་སོགས་པ་མི་འདོད་པའི་འགལ་རྐྱེན་གང་བྱུང་ཡང་དེས་བསྐུལ་མ་བྱས་ལ་དེའི་སྟེང་དུ་སེམས་ཅན་ཐམས་ཅད་ཀྱི་ནད་དང་སྡུག་བསྔལ་ཡང་བློས་ལིང་སྟེ་བླངས་ལོངས་ངེས་སྙམ་དུ་དགའ་བའི་འདུ་ཤེས་བྱ། དེ་བཞིན་དུ་བདེ་སྐྱིད་ལ་སོགས་མཐུན་རྐྱེན་གང་འཛོམ་ཡང་སེམས་ཅན་ལ་བྱིན་པས་སེམས་ཅན་གྱི་ཚོགས་རྫོགས་པ་ལ་དགའ་བའི་བློ་སྦྱོང༌། དེ་བཞིན་དུ་གཟུགས་སྒྲ་དྲི་རོ་ལ་སོགས་པ་སྣང་བའི་རྐྱེན་གང་བྱུང་ཡང་བཙལ་བས་མི་རྙེད། མ་རྙེད་པའི་དོན་ལ་གློད་ལ་བཞག་པས་ཆོས་ཉིད་ལ་སྐུལ་བའི་རྐྱེན་དགེ་བའི་བཤེས་གཉེན་ཡིན། བྱང་ཆུབ་སྒྲུབ་པའི་གྲོགས་ཡིན་པས་དགའ་བ་བསྒོམ་མོ༑ ༑རྒྱལ་འགོང་བསེན་མོ་ས་བདག་ལ་སོགས་པའི་གནོད་པ་བྱུང་ཙ་ན་དེས་བསྐུལ་མ་བྱས་ནས་སེམས་ཅན་ཐམས་ཅད་ལ་གནོད་པ་དང་སྡུག་བསྔལ་ཅི་ཡོད་པ་བློས་ལིངས་ཏེ་བླངས་ལོངས་ངེས་སྙམ་དུ་དགའ་བའི་འདུ་ཤེས་བྱ། གནོད་བྱེད་རྣམས་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ལུས་ཀྱི་ཤ་ཁྲག་གང་འདོད་སྦྱིན་པས་བྱང་ཆུབ་ཀྱི་གྲོགས་སུ་འགྱུར་གྲོགས་བྱེད་པ་ཡིན་པས། གདོན་ཐམས་ཅད་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པས་དེ་དག་ལ་དགའ་བ་དང་གུས་པ་བསམ་གྱིས་མི་ཁྱབ་པ་བསྒོམ་མོ། །ལྷག་པར་ན་ཚ་བྱུང་བའི་དུས་སུ་སེམས་ཅན་ཐམས་ཅད་ཀྱི་ན་ཚ་དང་སྡུག་བསྔལ་སྙིང་གི་དཀྱིལ་དུ་བླངས་ནས་སེམས་ཅན་ཐམས་ཅད་སྤངས་པ་ཕུན་སུམ་ཚོགས་པ་ཐོབ་པ་ཡིན་གོ་བཅད་སྙམ་དུ་དགའ་བ་བསྒོམ། ནད་མེད་པའི་དུས་སུ་དེས་བསྐུལ་ནས་རང་གི་བདེ་བ་རྒྱུ་དང་བཅས་པ་འགྲོ་བ་ལ་བྱིན་པས་སེམས་ཅན་ཐམས་ཅད་ཀྱིས་རྟོགས་པ་ཕུན་སུམ་ཚོགས་པ་ཐོབ་པ་ཡིན་གོ་བཅད་སྙམ་དུ་དགའ་བ་བསྒོམ་པས་སྡིག་སྒྲིབ་ཀྱི་ཕྱགས་མ་ཡིན་ཏེ། སྡིག་སྒྲིབ་སྐད་ཅིག་ཙམ་ཡང་བསྡད་པའི་བཟོད་བླག་མེད་དོ། །སྡུག་བསྔལ་བརྒྱ་ཐམ་པ་བྱུང་ན་ཚོལ་ཐབས་བརྒྱ་ཐམ་པ་ཡོང་། དེ་ཡོད་མ་མྱོང་བས་མ་རྙེད། ཐབས་བརྒྱ་ཐམ་པ་ཡོད་པས་དེ་ལ་སྤངས་པ་བརྒྱ་ཐམ་པ། རྟོགས་པ་བརྒྱ་ཐམ་པ་ལམ་ཁྱེར་ཏེ་ཆོས་ཉིད་ཀྱི་ཡོ་ལང་ཆེན་པོ་ཡིན་ཏེ། དེ་ལ་དགའ་བའི་འདུ་ཤེས་བསྒོམ་པར་བྱའོ། །དེ་རྣམས་ནི་སྤང་བྱ་ཀུན་ནས་ཉོན་མོངས་ཀྱི་ཆོས་བཞི་ཡིན་ནོ། །ཡང་འདི་སྐད་དུ། སྐྱིད་ཀྱི་ཁ་གནོན་ཆེན་པོ་སྟེ། །སྡུག་གི་མཇུག་སྡུད་ཆེན་པོ་ཡིན། །ལྟས་ངན་གཡང་དུ་འགུགས་པ་ཡིན། །མི་མཁོ་ཤོས་ལ་འདོད་ཐོག་ཡིན། །གཉེན་པོ་ལོག་ནོན་གྱི་ཆོས་བཞི་སྟེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །ཞེས་པའི་དོན་ནི། དེས་ན་དགེ་སྦྱོར་གྱི་གེགས་སུ་འགྲོ་བའི་བཟའ་བཏུང་། ལོངས་སྤྱོད་སྙན་གྲགས་ལ་སོགས་སྐྱིད་འདོད་ཀྱི་ཁ་ནོན་ལ་འདོད་པ་ཆུང་ལ་ཆོག་ཤེས་པའི་སྒོ་ནས་སྡུག་གི་མཇུག་སྡུད་དེ། རྐང་པ་ན་ན་བསྐོར་བ་བྱ། སྐེད་པ་ན་ན་ཕྱག་བྱ། འདོད་པ་ཆེ་ན་གཞན་ལ་སྦྱིན། གཡེང་བ་ལ་དགའ་ན་མཚམས་བཅད། ལོང་གཏམ་ལ་དགའ་ན་སྨྲ་བ་བཅད་དོ། །གཏམ་ངན་ནམ། བྱུར་ཤན་ནམ། བྱད་ཁའམ། ཕུར་ཁ་ལ་སོགས་མི་འདོད་པའི་ལྟས་ཆེན་པོ་བྱུང་ན་བདག་འཛིན་གྱི་འགོང་པོ་འདུལ་བའི་ཐབས་ཡིན་པས་བཀྲ་ཤིས་དང་གཡང་དུ་འགུགས་ཤིང་། ད་དུང་ཐོངས་ཤིག་ཅེས་ཤེས་པའི་དཔའ་བསྐྱེད་ལ། དེ་འདྲའི་རིགས་མི་མཁོ་ཤོས་ཐམས་ཅད་བདག་ལ་བྱུང་བས་ད་འདི་ཐུལ་ན། ད་ཕྱིན་ཆད་འཁོར་བར་མི་སྐྱེ་སྙམ་དུ་དེ་ལ་འདོད་ཐོག་ཏུ་བྱས་ཏེ་བཟོད་པ་གསུམ་ལ་མཐུ་ཐོབ་པར་བྱའོ། །དེ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་ལོག་ནོན་གྱི་ཆོས་བཞི་ཡིན་ནོ། །ཡང་འདི་སྐད་དུ། བདག་ནི་ལས་ངན་གྱི་རྩ་བ་སྟེ། །རྒྱང་སྟེ་བསྐྱུར་བའི་ཆོས་ཤིག་ཡིན། །གཞན་ནི་བྱང་ཆུབ་འབྱུང་ཁུངས་ཏེ། །བཅངས་ཀྱིས་ལེན་པའི་ཆོས་ཤིག་ཡིན། །སྤང་གཉེན་མཇུག་སྡུད་ཀྱི་ཆོས་གཉིས་ཏེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །ཞེས་པའི་དོན་ནི། མདོར་ན་བདག་མི་བདེ་བ་ཐམས་ཅད་ཀྱི་འབྱུང་གནས་ལས་ངན་ཐམས་ཅད་ཀྱི་རྩ་བ་ཡིན་པས་འདི་ལ་གཅེས་སྤྲས་མ་བྱེད་པར་ལིངས་ཏེ་བསྐྱུར་ལ། དགྲ་དགའ་ན་དགྲས་ཁྱེར། འདྲེ་དགའ་ན་འདྲེས་ཁྱེར། མི་རིངས་ན་ཚོས་ལ་ཟོ། རིངས་ན་ཁུར་དུ་ཁུར་ལ་རྒྱུག །ཅེས་རང་ཐེད་ལ་བཏང་ལ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་སྟེ། རང་དོན་ཡལ་བར་དོར་ནས་བརྩོན་པས་གཞན་དོན་ལྷུར་མཛད་པ་འདི་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྱུང་ཁུངས་ཡིན་པས་སེམས་ཅན་བརྩེ་བས་སྐྱོང་སྟེ་སྡུག་བསྔལ་རང་ལ་བླང་བ་ནི། སྤང་གཉེན་མཇུག་སྡུད་ཀྱི་ཆོས་རྣམ་པ་གཉིས་ཡིན་ཏེ། སེམས་ཅན་ཆེན་པོ་རྣམས་ཀྱི་ལག་ལེན་ཁྱད་པར་ཅན་ཡིན་ནོ། །ཡང་འདི་སྐད་དུ། རྒྱངས་ཀྱིས་སྐྱུར་ལ་ལྷོད་ཀྱིས་ཀློད། །ཤིགས་ཀྱིས་ཤིག་ལ་འབོལ་ལེ་བཞག །སྟོང་ཉིད་ཀྱི་རྒྱས་འདེབས་བཞི་ཡིན་ཏེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །དེ་ལྟར་ཉམས་སུ་བླངས་གྱུར་ན། །སྐྱེས་བུ་མི་འཆིང་གྲོལ་བར་འགྱུར། །ཞེས་པའི་དོན་ནི། གཟུང་འཛིན་གྱི་རྟོག་པ་ཐམས་ཅད་ཕར་རྒྱངས་ཏེ་བསྐྱུར་ལ། སྤྲོས་བྲལ་ཆོས་ཀྱི་དབྱིངས་སུ་ཤེས་པ་གསལ་ལ་རྟོག་པ་མེད་པར་ལྷོད་དེ་ཀློད་ལ་གང་གིས་ཀྱང་མ་བཅིངས་པར་བཞག་པར་བྱའོ། །དེ་ཡང་ཤེས་པ་སྔ་མའི་རྗེས་སུ་མི་འབྲང༌། མ་འོངས་པའི་སྔུན་མི་བསུ། ད་ལྟ་བར་མ་བཅིངས་པར་ཤིག་གེ་བཤིག །བཅས་བཅོས་དང་སྒྲོ་སྐུར་མེད། རང་སོར་འབོལ་ལེ་ཀློད་ལ་བཞག་སྟེ་དེ་ནི་སྟོང་ཉིད་ཀྱི་རྒྱས་འདེབས་བཞིན་ནོ། །ཉམས་ལེན་དེ་ལྟར་བྱས་ན་ལས་ཀྱིས་འཁོར་བར་མི་བཅིང་གྲོལ་བས་ཐར་པ་ཐོབ་པར་འགྱུར་རོ། །ཉམས་ལེན་འདི་ལས་གཞན་པ་གཅིག་ཡིན་ན་དུས་སྙིགས་མའི་སེམས་ཅན་དམུ་རྒོད་ཐུལ་བར་མི་འགྱུར་ལ། འདི་དང་ལྡན་ན་བར་ཆད་ཀྱིས་མི་ཚུགས་པས་འགྲོ་དོན་ངང་གིས་འགྲུབ་ཅེས་གསུང་ངོ༌། །མཉམ་མེད་བླ་མ་གསེར་གླིང་པའི་གསུང་ཇི་ལྟ་བ་བཞིན་དུ་བཀོད་པའོ། །ཨ་མོ་གྷ་པཱ་ཤའི་རྒྱུད་ལས། ཤེས་རབ་ནི་བྱང་ཆུབ་ཏུ་བརྗོད་ལ་སེམས་དཔའ་ནི་ཐབས་ཏེ། དེ་གཉིས་དག་གིས་སེམས་ཅན་གྱི་དོན་ཉིད་འགྲུབ་པར་འགྱུར། ཞེས་པ་དང༌། གསང་འདུས་གྲོལ་བའི་ཐིག་ལེ་ལས། དེ་ནས་སྙིང་རྗེ་འབའ་ཞིག་གིས། །གཞིར་གྱུར་ཡོན་ཏན་ཐམས་ཅད་འབྱུང༌། །ཞེས་པ་དང༌། རྩ་བ་སྙིང་རྗེ་མེད་གྱུར་ན། །དཀའ་བ་བཟོད་པར་མི་ནུས་སོ། །ཞེས་གསུངས་སོ༑ ༑འཕགས་པ་སྤྱན་རས་གཟིགས་ཀྱིས་ཆོས་ཡང་དག་པར་སྡུད་པའི་མདོ་ལས། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་འདོད་པས་ཆོས་མང་པོ་ལ་བསླབ་པར་མི་བྱ་ཞིང་གཅིག་ལ་བསླབ་པར་བྱ། གཅིག་པོ་གང་ཞེ་ན༑ སྙིང་རྗེ་ཆེན་པོའོ། །གང་ལ་སྙིང་རྗེ་ཆེན་པོ་ཡོད་པ་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་མཆིས་པར་འགྱུར་རོ། །འབད་པ་མེད་པ་དང་རྩོལ་བ་མེད་པར་འགྲུབ་པར་འགྱུར་རོ། །མདོར་ན་སྙིང་རྗེ་ཆེན་པོ་ནི་ཆོས་ཐམས་ཅད་ཀྱི་རྩ་བའོ། །ཞེས་གསུངས་སོ། །འགྲོ་མགོན་ཨ་ཏི་ཤ་ལ་བླ་མ་གསེར་གླིང་པ་ཆོས་ཀྱི་གྲགས་པས་མཐའ་འཁོབ་འདུལ་བའི་དོན་ལ་གདམས་པ་འདི་གསུངས་པར་གདའ་འོ།