གེགས་སེལ་བློ་སྦྱོང་།

From Damngak Dzö
DNZ-04-NGA-005-009
Wylie title gegs sel blo sbyong DNZ-04-NGA-005.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 4, Text 5, Subtext 9, Pages 164-174 (Folios 21b5 to 26b1)
Author མཛད་བྱང་མི་གསལ་
Citation 'jam mgon kong sprul, comp. Gegs sel blo sbyong. In Gdams ngag rin po che'i mdzod, Vol. 4: 164-174. Kalimpong: Rigpe Dorje Publications, 2024.
Side notes Recto: blo sbyong sna tshogs   Verso: bka' gdams skor
More details More details
Genre Mind Training Texts - blo sbyong
[edit]
༈ །གེགས་སེལ་བློ་སྦྱོང་བཞུགས་སོ། །བླ་མ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ༑ ༑ཐེག་པ་ཆེན་པོ་བློ་སྦྱོང་གི་གེགས་སེལ་ནི། ལྟས་ངན་གཡང་དུ་ལེན། བདུད་སྲིད་དུ་གཅོད། བར་ཆད་ལམ་དུ་འཇུག །མི་མཁོ་ཤོས་ལ་འདོད་ཐོག་ཏུ་བྱེད་པ་ཡིན་གསུངས། དང་པོ་ནི། འཇིག་རྟེན་པས་སྲིན་བྱའམ། ཝ་བརྒྱལ་བ་ལ་སོགས་པ་ལྟས་ངན་པ་བྱུང་བའི་དུས་སུ་རྩིས་བྱེད། མོ་འདེབས། ཆོ་ག་བྱེད་པ་ཡིན་ཏེ། འོ་ཅག་ལྟས་དང་མཚན་མ་ངན་པ་བྱུང་བའི་དུས་སུ་སྡུག་ཏུ་འཇུག་མཁན་བདག་ཏུ་འཛིན་པ་འདི་ཡིན་པས༑ འཇིག་རྟེན་གྱི་ཁམས་ཀྱི་ལྟས་ངན་པ་བྱུང་གིས་དོགས་པའི་སྡུག་བསྔལ་བདག་ལ་སྨིན། བདག་ཏུ་འཛིན་པ་འདི་བརླག་ཏུ་ཆུག་ཅིག་སྙམ་དུ་ལེན་པ་ཡིན། གཉིས་པ་ནི། སྡུག་ཏུ་འཇུག་མཁན་བདག་ཏུ་འཛིན་པ་ཡིན་གསུངས། ལུས་ལ་མི་དང་མི་མ་ཡིན་གྱི་གནོད་པ་བྱུང་བའི་དུས་སུ་ང་ནི་འདིས་སྡུག་ཏུ་བཅུག་ནས་འདུག །ཁྱེད་འདི་ལ་དགའ་ན་ད་ལྟ་ཁྱེར། མགོ་སོགས་ཡ་བདུད་རྒྱལ་པོས་ཁྱེར་ཅིག །འདི་ལ་གནོད་པ་སྐྱེལ་བ་རྣམས་བཀའ་དྲིན་ཆེ། དགྲ་འདུལ་རོགས་པ་ཡིན། འདྲེ་འདུལ་རོགས་པ་ཡིན་པས་འཇིག་རྟེན་གྱི་ལྷ་འདྲེ་མི་གསུམ་སྲིད་དུ་བཅད་ནས་འགོང་པོ་ཅི་བརླག་ལ་ཐོང་། སྙིང་ཚིམ་འགལ་བ་མེད་དོ་སྙམ་དུ་སྲིད་དུ་གཅོད། གསུམ་པ་ནི༑ ལུས་ཀྱི་ན་ཚ་དང་སེམས་ཀྱི་སྡུག་བསྔལ་སོགས་མི་མཁོ་བ་དང་། བར་ཆད་ཅི་བྱུང་ཡང་ཁྱེད་རང་གི་བདག་ཏུ་འཛིན་པས་ལན་པ་ཡིན་པས་ད་དུང་ཡང་བདག་འཛིན་མ་སྤངས་ན་བར་ཆད་ད་དུང་འབྱུང་བས་འཇིག་རྟེན་གྱི་བར་ཆད་བྱུང་བ། བྱུང་གིས་དོགས་པ་ཐམས་ཅད་བདག་གི་སྟེང་དུ་ད་ལྟ་ཉིད་དུ་ཧྲིལ་གྱིས་སྨིན་ལ། བདག་ནི་ཐུལ་ཅིག་བརླག་ཏུ་ཆུག་ཅིག་སྙམ་དུ་ལམ་དུ་འཇུག་པ་ཡིན། བཞི་པ་ནི། འདི་ལ་ཕན་བཏགས་པས་ཕན་ན་ཅི་ཙམ་པའི་ཕན་གཅིག་བཏགས། དེས་འཁོར་བ་ལས་རིང་དུ་མ་སོང་བས་འདི་བརླག་ཏུ་འཇུག་དགོས་པ་ཡིན་པ་ལ་མི་མཁོ་བ་བྱུང་བ་དེ་གོ་བཅད། བླ་མའི་བྱིན་རླབས་ཡིན་བཀའ་དྲིན་ཆེ། ད་དུང་ཡང་མི་མཁོ་བ་ཐམས་ཅད་འདིའི་ཐོག་ཏུ་ཐོང་ལ་ཐུལ་གྱིས་བརླག་ཏུ་ཆུག་ཅིག་སྙམ་དུ་འདོད་ཐོག་ཏུ་བྱེད་པ་ཡིན། ཨྠིྀ། ཐེག་པ་ཆེན་པོའི་བློ་སྦྱོང༌མ་འོངས་པའི་འགལ་རྐྱེན་སྤོང་བ་ལ་གསུམ་སྟེ། བློ་སྦྱོང་བརྗེད་པའི་གནས་བཞི་ནི། འཆི་བའི་དུས་ཀྱི་གནད་གཅོད། བར་དོ་དང་། མའི་མངལ་དང་། སྐྱེ་བ་ཕྱི་མའོ། །འཆོར་བའི་གནས་བཞི་ནི། མིའི་གནོད་པ་དྲག་པོ་བྱུང་བ་དང༌། མི་མ་ཡིན་གྱི་དང༌། འབྱུང་བའི་ན་ཚ་དྲག་པོ་དང༌། ཉོན་མོངས་པ་དྲག་པོ་སྐྱེས་པའོ༑ ༑དེའི་གཉེན་པོ་བསྟེན་པ་ནི། བླ་མ་དང་དཀོན་མཆོག་ལ་མཆོད་པ་ཕུལ་ནས། བདག་གི་རྒྱུད་ལ་ཐེག་པ་ཆེན་པོའི་བློ་སྦྱོང་གི་རྟོགས་པ་ཕྱིན་ཅི་མ་ལོག་པར་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བརྗེད་པའི་གནས་བཞིར་མི་བརྗེད་པ་དང༌། འཆོར་བའི་གནས་བཞིར་མི་འཆོར་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་ཆོས་སྐྱོང་ལ་གཏོར་མ་ཕུལ་ནས་ཀྱང་དེ་ལྟར་བྱའོ། །རང་གིས་བསོད་ནམས་བསགས་ནས་ཀྱང་ཐེག་པ་ཆེན་པོའི་བློ་སྦྱོང་བདག་གི་རྒྱུད་ལ་སྐྱེ་བར་གྱུར་ཅིག །བརྗེད་པར་མི་བརྗེད་པ་དང༌། འཆོར་བའི་གནས་བཞིར་མི་འཆོར་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ། སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ཀྱིས་ཀྱང་དེ་ལྟར་རོ། །ཐེག་པ་ཆེན་པོའི་བློ་སྦྱོང་ཉམས་སུ་ལེན་པའི་ཐག་ཆོད་བཞི་ནི། ལམ་གཅིག་ཆོད། འདུན་མ་གཅིག་དྲིལ། རྟོག་པ་འབུར་འཇོམས། གཉེན་པོ་བཅོམ་རྡེག་བྱ་བ་ཡིན་གསུང་ངོ༌། །ལམ་གཅིག་ཆོད་ཡིན་ཏེ། ས་ལམ་བརྩི་རྒྱུ་མེད༑ བདག་འཛིན་ཤས་སུ་ཆེ་ཆེ་སྡུག །འདི་དེ་རིང་བརླག་ན་དེ་རིང་སངས་རྒྱ། སང་བརླག་ན་སང་སངས་རྒྱ། འདི་མ་བརླག་ན་སངས་རྒྱས་མེད། འདི་བརླག་ན་ནམ་བརླག་ཙ་ན་སངས་རྒྱས་པ་ཡིན་གསུང་ངོ༌། །འདུན་མ་གཅིག་འདྲིལ་ཡིན་ཏེ། འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཅི་བྱེད་ཀྱང་བདག་འཛིན་ཅི་བརླག་དང་། སེམས་ཅན་ལ་ཕན་ཅི་ཐོགས་ལས་མེད། གཞན་གྱི་འདུན་མ་མང་པོ་བྱ་རྒྱུ་མེད་གསུངས། རྟོག་པ་འབུར་འཇོམས་བྱ་བ་ཡིན་ཏེ། ཁ་ཅིག་རྟོག་པ་སྤང་ཟེར་ཏེ། རྟོག་པ་སྤང་མི་དགོས་ལམ་དུ་ཁྱེར་བ་ཡིན། ཆོས་སྐུའི་རྫས་ཡིན་ཏེ། ཉོན་མོངས་པ་འདི་དང་པོ་ཆུང་ངུ་གཅིག་སྐྱེ་བས་དེ་མ་ཐག་འཇོམས་དགོས་པ་ཡིན་ཏེ། དེ་མ་བཅོམ་ན་ཆེར་སྐྱེས་ནས་མི་སྤོང་སྟེ། དང་པོ་ཉོན་མོངས་པ་སྐྱེས་མ་ཐག་ཏུ་གཉེན་པོ་བསྟེན་པ་ཙམ་གྱིས་ལྡོག་པ་ལ་ཨ་ལོ་ཨོ་ཅི་བྱས་ནས་མི་སྤང་གསུངས། རྟོག་པ་དེ་སྐྱེས་ན་གང་ནས་སྐྱེས། གནས་ན་གང་ན་གནས། འགག་ན་གང་དུ་འགག་བལྟས་པས་རང་བཞིན་མེད་པར་ཤེས་པར་བྱས་ནས་སྔར་འདྲིས་ཀྱི་མི་དང་འཕྲད་པ་བཞིན་དུ་རང་བཞིན་མེད་པར་ལམ་དུ་ཁྱེར་བ་ཡིན་གསུངས། ཡང་རྡོ་ཚན་གྱི་ཁར་ཁ་བ་བབ་པ་བཞིན་དུ་སྟོང་པ་ཉིད་དུ་བཏང་བ་ཡིན། གཉེན་པོ་བཅོམ་བརྡེག་བྱ་བ་ཡིན་ཏེ། ཉོན་མོངས་པ་སྐྱེས་མ་ཐག་ཏུ་གཉེན་པོ་གང་ལ་གང་ཕན་གྱིས་ཕག་མགོ་རེ་ལ་གཏུན་བུ་ཆ་རེའི་ཚུལ་དུ་བསྒོམ་གསུངས། ཐེག་པ་ཆེན་པོའི་བློ་སྦྱོང་བསྒོམ་པ་ལ་གཉེན་པོ་བསྟེན་ཚུལ་གསུམ་སྟེ། མེད་སྤྲུལ། འཕྲད་གཞོམ། རྗེས་སྙགས་བྱ་གསུངས། དང་པོ་ནི། དཔེར་ན་སོག་པོ་སྟག་འདུལ་བ་སྟེ། དང་པོ་ཐབས་སྟག་བྱེད། སྟག་འདུལ་བ་ལ་བསླབས་པས་སྟག་བྱུང་བའི་དུས་སུ་སྟག་ཐུལ་བ་གཅིག་འོང་། སྔར་མ་བསླབ་ན་མི་ཐུལ་བས་དེའི་དབང་དུ་འགྲོ། དེ་བཞིན་དུ་ཉོན་མོངས་པ་འདོད་ཆགས་ལ་སོགས་ཤས་གང་ཆེ་བ་དེ་རམ་རམ་སྤྲུལ་ནས་ཡོང་བའི་དེ་འདྲོག་ལ་ལོག་སྟེ་བཟློག་ནས་བཏང༌། བློ་ལུང་མ་བསྟན་དུ་མི་འཇོག་པར་རང་བཞིན་བློ་སྦྱངས་པས་གཉེན་པོ་ཉོན་མོངས་པ་སྐྱེས་པའི་དུས་སུ་གཉེན་པོས་རྐྱེན་ཐུབ་ནས་འོང་། ཉོན་མོངས་པའི་དབང་དུ་མི་འགྲོ། དེ་བཞིན་དུ་མ་བསླབས་ན་གཉེན་པོས་རྐྱེན་མི་ཐུབ། ཉོན་མོངས་པའི་དབང་དུ་བྱ་བ་ཡིན་གསུངས། འཕྲད་གཞོམ་བྱ་བ་ཡིན་ཏེ། རྒན་རྒོན་གཉིས་ལ་རྐུན་མ་བྱུང་བ་བཞིན་མི་བྱ། དེ་བཞིན་དུ་ཉོན་མོངས་པ་འདི་ཡང་དང་པོ་ནས་ཆེ་བ་མི་སྐྱེ། དང་པོ་ནས་ཆུང་ངུ་གཅིག་སྐྱེས་མ་ཐག་ཏུ་ཁྱོད་སུ་ཡིན་བྱས་ནས་ལོག་སྟེ་བཟློག་ནས་བཏང་ན་ཉོན་མོངས་པའི་དབང་དུ་མི་འགྲོ། གཉེན་པོས་རྐྱེན་ཐུབ་ནས་འོང༌། དེ་དུས་སུ་མ་བཟློག་ན་ཇེ་ཆེ་ཇེ་ཆེ་ལ་སོང་ནས་དེ་ནས་གཉེན་པོ་རང་གིས་མི་ཐུབ་པས་ཉོན་མོངས་པ་སྐྱེས་མ་ཐག་ཏུ་ཕག་མགོ་རེ་ལ་གཏུན་བུ་ཆ་རེའི་ཚུལ་དུ་ལོག་སྟེ་བཟློག་ནས་བཏང་ངོ༌། །རྗེས་སྙགས་བྱ་བ་ནི། ཉོན་མོངས་པའི་དབང་དུ་སོང་བ་དེའི་རྗེས་སྙགས་པ་ཡིན་ཏེ། ཨ་ཙ་མ་ཁྱོད་འདྲ་བའི་འཁོས་ཆུང་གཅིག་འོང་བ་དེ་ལྟ་བུ་བྱེད་པའི་ཤགས་ཅི་ཡོད་སྙམ་དུ་རྗེས་སྙགས་པ་ཡིན། གཞན་ཡང་ཉོན་མོངས་པ་སྐྱེས་པ་ན། འོ་ཁྱོད་འདི་ཙུག་བྱས་པས་འཁོར་བར་འཁྱམས་པ་ཡིན། ད་དུང་འདི་ཙུག་བྱེད་དམ་བྱས་ནས་ལོག་སྟེ་བཟློག་ནས་བཏང་བ་ཡིན་གསུངས། སྦྱོར་བ་ལ་མེད་སྤྲུལ། དངོས་གཞི་ལ་འཕྲད་གཞོམ། མཇུག་ལ་རྗེས་སྙགས་བྱ་བ་ཡིན་གསུངས། བློ་སྦྱོང་གི་ནད་འདོན་ནི། སྤུངས་པ། བསྐྱེད་པ། སྦྱོང་བ་གསུམ་ཡིན་གསུངས། སྤུངས་པ་ནི། རང་ལ་ན་ཚ་བྱུང་བའི་དུས་འཇིག་རྟེན་ན་ན་ཚ་བྱུང་བ་བསམ་གྱིས་མི་ཁྱབ་པ་ཅིག་ཡོད་པས་དེ་ཐམས་ཅད་ད་ལྟ་ཉིད་དུ་ང་ལ་སྨིན་པར་གྱུར་ལ་སྡུག་བསྔལ་དེ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག་སྙམ་དུ་བསྒོམ་སྟེ། སེམས་ཅན་གྱི་སྡུག་བསྔལ་རང་ལ་སྤུངས་པ་ཡིན། བསྐྱེད་པ་ནི། གང་ན་སར་བུག་པ་ཟང་ཐལ་གཅིག་བསྒོམ། དེ་ཇེ་ཆེ་ཇེ་ཆེ་ལ་སོང་བས་སྟོང་པ་ཉིད་དུ་ཆམ་སྟེ་སོང་བར་བསྒོམས་ལ། དེའི་ངང་དུ་ལྷན་གྱིས་བཞག་པ་ཡིན་གསུངས། སྦྱོང་བ་ནི། གང་ན་བའི་སར་ཨ་དཀར་པོ་གཅིག་བསྒོམ། དེ་ཇེ་ཆུང་ཇེ་ཆུང་ལ་ཡལ་ཏེ་རང་བཞིན་མེད་པར་སོང་བར་བསྒོམས་ལ། དེའི་ངང་དུ་ལྷན་གྱིས་འཇོག་པ་ཡིན་གསུངས། ཐེག་པ་ཆེན་པོའི་བློ་སྦྱོང་གི་གནས་སྐབས་ཀྱི་དགོས་པ་བཞི་ནི། སྐྱིད་ཀྱི་ཁ་གནོན་ཡིན། སྡུག་གི་མཇུག་སྡུད་ཡིན། གཅིག་པུར་སྡོད་ན་སྐྱོ་གྲོགས་ཡིན། ན་ན་ནད་གཡོག་ཡིན་གསུངས། དེས་ན་ཆོས་འདི་ལྟ་བུ་གཅིག་མེད་ན་ཨེན་སྐྱིད་སྐྱིད་འདྲ་ན་མི་བྱ། རྒུད་ན་བྱ་འདོད་ནས་འོངས་པས་ཁྱོད་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པ་ལ་སྐྱིད་སྙམ་པ་དེ་ལོག་ཤེས་ཡིན་པས། དེ་སྐྱེས་ན་གང་ནས་སྐྱེས། གནས་ན་གང་ན་གནས། འགག་ན་གང་ནས་འགག །ཁ་དོག་དང་དབྱིབས་ཇི་ལྟར་འདུག་བལྟས་པས་རང་བཞིན་མེད་པར་ཤེས་པས་སྐྱིད་ཀྱི་ཁ་གནོན་ཡིན། ཆོས་འདི་ལྟ་བུ་གཅིག་མེད་ན་སྡུག་བསྔལ་བྱུང་བ་དང་ང་ལ་འདི་འདྲ་བ་གཅིག་བྱུང་སྙམ་ནས་སྡུག་བསྔལ་ཇེ་ཆེ་ལ་འགྲོ་བ་ལ་བློ་སྦྱོང་འདི་ཡོད་ཙ་ན། སྤྱིར་སྡུག་བསྔལ་ཐམས་ཅད་སྐྱེད་པར་བྱེད་པའི་རྩ་བ་བདག་ཏུ་འཛིན་པ་འདི་ཡིན་ཏེ། ཁྱོད་ལུས་ལ་བདག་ཏུ་འཛིན་པས་ལན་པ་ཡིན་ཏེ། སྡུག་བསྔལ་གྱི་རྒྱུ་རྐྱེན་ཚོགས་པས་ལན། འབེན་མ་བཙུག་ན་མདའ་མི་འཕོག །ཐོ་མ་བརྩིགས་ན་བྱ་མི་འབབ། དཔེ་དེ་བཞིན་དུ་བདག་ཏུ་མ་བཟུང་ན་སྡུག་བསྔལ་ཡོང་དོན་མེད་པ་ལ་ཁྱོད་རང་གིས་བདག་ཏུ་བཟུང་བས་ལན་པ་ཡིན། སྙིང་ཚིམ༑ བདག་ཏུ་མ་བཟུང་ན་འདི་འདྲ་ཡོང་དོན་མེད། ས་རྡོ་རི་བྲག །ནམ་མཁའ་སྟོང་པ་ལ་སྡུག་བསྔལ་ཡོད་དམ་སྙམ་དུ་བྱས་པས་སྡུག་བསྔལ་དེ་ཞི་ནས་འགྲོ་སྟེ། སྡུག་གི་མཇུག་སྡུད་ཡིན། གཅིག་པུར་སྡོད་ན་སྐྱོ་གྲོགས་ཡིན་ཏེ། ཆོས་འདི་ལྟ་བུ་གཅིག་མེད་ན་གཅིག་པུར་འདུག་མི་ཚུགས་ཏེ། ཁང་པར་སྡོད་ན་ཕྱིར་འགྲོ་སྙིང་འདོད། ཕྱིར་བསྡད་ན་ཁང་པར་འགྲོ་འདོད་ནས་འོང་བ་ལ་ཆོས་འདི་འདྲ་བ་གཅིག་ཡོད་ཙ་ན། སྤྱིར་འགྲོ་བའི་སྡུག་བསྔལ་བསྐྱེད་པའི་རྩ་བ་བདག་ཏུ་འཛིན་པ་འདི་ཡིན་ཏེ། རང་བཞིན་གྲུབ་པ་མེད་པ་གཅིག་ལ་བདག་ཏུ་བཟུང་བས་སྡུག་བསྔལ་དུ་བཅུག་པ་ཡིན་པས། གང་ཡོད་གང་ལེགས་ལ་ཐོང་། བྱུགས་ལེགས་ལ་ཐོང་སྙམ་དུ་བྱེད། འཁོར་བའི་སེམས་ཅན་འདི་རྣམས་སྤྱིར་མི་ཡོང་བ་མིན། ཕ་མ་དྲིན་ཅན་ཤ་སྟག་ཡིན་པས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་རང་གི་སྙིང་གར་ལེན། རང་གི་བདེ་དགེ་སེམས་ཅན་ལ་བསྔོ། དེ་གཉིས་ཕར་བཟློག་ཚུར་བཟློག་ཏུ་བསྒོམས་པས་འདིའི་རོ་གཅིག་མྱོང་ཙ་ན། ཉིན་ཐུང་མཚན་ཐུང་ལ་ཆ་བ་ཡིན་པས་གཅིག་པུར་སྡོད་ན་སྐྱོ་གྲོགས་ཡིན། ན་ན་ནད་གཡོག་ཡིན་ཏེ། བློ་སྦྱོང་འདི་མེད་ན་ན་ཚ་ཇི་ལྟར་བྱུང་ཙ་ན༑ ནད་གཡོག་ཀུན་ལའང་མི་མགུ། འདིས་ང་ལ་འདི་བས་དྲག་པ་གཅིག་བྱེད་ཐོང་ལ་འདི་ལ་ང་དྲིན་ཆེ་བ་གཅིག་ཡིན་ཏེ་སྙམ་ནས་ཡུས་ཀྱིས་བརྒྱལ་ནས་ཡོང་བ་ཡིན་པ་ལ། བློ་སྦྱོང་འདི་ཡོད་ཙ་ན་ཁྱོད་ན་བ་སུས་ཀྱང་མ་ལན། ཁྱོད་རང་གི་བདག་ཏུ་བཟུང་བས་ལན་པ་ཡིན། བདག་ཏུ་མ་བཟུང་ན་ན་ཚ་ཡོང་དོན་མེད། ཁྱོད་ལ་ནད་གཡོག་བྱས་པས་ཕན་ན་དེ་སྔ་ཕན་ཆད་ནད་གཡོག་ཐོབ་པར་བྱས་པ་ལ་ཚད་མེད། སྨན་འདི་མ་འགམ་བྱ་བ་མེད། རིམ་གྲོ་འདི་མ་བྱས་བྱ་བ་མེད། དཔྱད་བྱས་པ་ལ་ལྷག་མ་ལུས་པ་མེད་དེ། འཁོར་བ་ལས་ཐར་མ་ཐར་ད་རེས་ཐུལ་གྱིས་བརླག་ཏུ་ཆུག་ཅིག །སྙིང་ཚིམ་མོ། །བདག་འཛིན་འདི་ཅི་བརླག་ལ་ཐོང༌། འདི་མ་བརླག་ན་སངས་རྒྱས་ཐོབ་མི་སྲིད་གསུངས། ད་ཁྱོད་རང་གི་ལུས་བདག་ཏུ་བཟུང་བས་ལན་པ་ཡིན་སྙམ་དུ་བསྒོམས་པས་གཞན་ལ་ང་རྒྱལ་བསྐྱེད་པ་མེད་པར་འགྲོ་བ་ཡིན་པས་ན་ན་ནད་གཡོག་བྱས་པ་ཡིན་གསུངས། ཐེག་པ་ཆེན་པོའི་བློ་སྦྱོང་གི་ལུས་ངག་ཡིད་གསུམ་གྱི་ཁྱེར་སོ། སྡུག་བསྔལ་བྱུང་ན་ཀུན་གྱི་བླང༌། །དགེ་བ་བྱུང་ན་ཚོགས་སུ་བསྔོ། །ལུས་ངག་སྒྱུ་མ་བྲག་ཆ་བཞིན། །འོད་གསལ་སེམས་ལ་འགྲོ་འོང་མེད། །བྱ་བ་གསུངས་པས༑ དང་པོ་ལ་གཉིས་ཏེ། ཉེ་རིམ་ནས་བླང་བ་དང༌། ཆེ་རིམ་ནས་བླང་བའོ། །དང་པོ་ནི། ཕ་མ་ཉེ་དུ་འབྲེལ་བའི་སྡུག་བསྔལ་ཐམས་ཅད་ད་ལྟ་ཉིད་དུ་བདག་ལ་སྨིན་པར་གྱུར་ཅིག །སྡུག་བསྔལ་དེ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག་སྙམ་དུ་བསྒོམ། གཉིས་པ་ནི། དམྱལ་བའི་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པར་གྱུར་ལ། སྡུག་བསྔལ་དེ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག་སྙམ་དུ་བསྒོམ། དེ་ནས་ཡི་དྭགས་དུད་འགྲོ་ལྷ་མ་ཡིན་ལྷ་དང་མི་ཐམས་ཅད་ཀྱི་བླང་བའོ། །དགེ་བ་བྱུང་ན་ཚོགས་སུ་བསྔོ་བ་ལ་དགེ་བའི་རྩ་བ་ཅི་བྱུང་ཡང་བདག་གི་དགེ་བའི་རྩ་བ་འདི་ཐམས་ཅད་ཕ་མ་གཉིས་དང་། རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་སྨིན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་དུ་བསྒོམ། ལུས་ངག་སྒྱུ་མ་བྲག་ཆ་བཞིན་བྱ་བ་ལུས་སྒྱུ་མ་དང་འདྲ་སྟེ། སྒྱུ་མ་མཁན་པོས་སྔགས་དང་རྫས་ཀྱི་ནུས་པ་ལ་བརྟེན་ནས་ལྟད་མོ་བའི་མིག་ལ་སྦྱོར་སྔགས་བཏབ་ནས་སྒྱུ་མ་སྤྲུལ་པ་སྣ་ཚོགས་བྱེད་པ་གཅིག་སྣང་ཡང་བདེན་པར་མི་འཛིན། སྣང་བ་ཉིད་ཀྱི་ངོས་ན་ཡང་གྲུབ་པ་མེད་ལ། རྟག་ཆད་གཉིས་དང་བྲལ་བ་སྣང་བ་ཙམ་པོ་དེ་མཚོན་བྱའི་དོན་རང་གི་ལུས་འདི་ལ་མཚོན་ནས་བསྒོམས་པས་སྣང་ལ་རང་བཞིན་མེད་པར་བསྒོམ། ངག་བྲག་ཆ་དང་འདྲ་སྟེ། བྲག་ཆ་ཡོད་པའི་བྲག་དེ་ལུང་པ་གཅོང་རོང་དོག་པོ་བྲག་ཚད་ལས་རིང་བ་མཁྲེགས་པ་གཅིག་ལ་ཨ་ཅེ་བྲག་ཆ་ལྷ་མོ་བྱས་ཙ་ན། ཅི་སྐད་བོས་པ་བཞིན་ལན་འདེབས། ཡོད་བྱས་པས་བྲག་ཆས་ཡོད། མེད་བྱས་པས་མེད་དུ་བྱུང༌། སྣང་བ་ཙམ་པོ་དེ་ངག་ལྷང་ལྷང་པོ་འདི་ལ་མཚོན་པར་བསྒོམས་ནས་བྲག་ཆ་དང་ཁྱད་པར་མེད་པར་བསྒོམ། སྣང་བ་རང་བཞིན་མེད་པར་བསྒོམ། འོད་གསལ་སེམས་ལ་འགྲོ་འོང་མེད་བྱ་བ་འོད་གསལ་གྱི་སེམས་ལ་འདིར་སོང་བྱ་བ་མེད། འདིར་གནས་བྱ་བ་མེད། སྐྱེ་འགག་གནས་གསུམ་དང་བྲལ་བ་ཅིའི་ངོ་བོར་ཡང་མ་གྲུབ་པ་ནམ་མཁའ་ལྟ་བུ། དེ་ལྟར་ལུས་སྒྱུ་མ་དང་འདྲ། ངག་བྲག་ཆ་དང་འདྲ། སེམས་རང་བཞིན་གྲུབ་པ་མེད་པས་རང་བཞིན་མེད་པའི་ངང་དུ་ལྷན་གྱིས་འཇོག་པ་ཡིན་གསུངས། དཔལ་མར་མེ་མཛད་ནས་བརྒྱུད་པའི་གདམས་པ་དགེ་ལེགས་སུ་གྱུར་ཅིག