གྲུབ་ཆེན་ནཱ་རོ་པའི་གདམས་ངག་ཆོས་དྲུག་སྐོར་གྱི་བཀའ་དཔེ་ཚིགས་སུ་བཅད་པ།

From Damngak Dzö
Revision as of 15:00, 31 July 2025 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

DNZ-07-JA-001-016
Wylie title grub chen na ro pa'i gdams ngag chos drug skor gyi bka' dpe tshigs su bcad pa DNZ-07-JA-001.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 7, Text 1, Subtext 16, Pages 123-138 (Folios 62a2 to 69b1)
Author ནཱ་རོ་པ་
Citation Nāropa. Grub chen na ro pa'i gdams ngag chos drug skor gyi bka' dpe tshigs su bcad pa. In Gdams ngag rin po che'i mdzod, Vol. 7: 123-138. Kalimpong: Rigpe Dorje Publications, 2024.
Side notes Recto: phyag chos gces btus   Verso: bka' brgyud skor
More details More details
Genre Completion Stage - rdzogs rim
Colophon

།ཞེས་ནཱ་རོ་པའི་བཀའ་དཔེ་རྣམས་རྫོགས་སོ།།

zhes nA ro pa'i bka' dpe rnams rdzogs so//

[edit]
།གྲུབ་ཆེན་ནཱ་རོ་པའི་གདམས་ངག་ཆོས་དྲུག་ ཟུར་མང་སྙན་བརྒྱུད་ སྐོར་གྱི་བཀའ་དཔེ་ཚིགས་སུ་བཅད་པ་བཞུགས་སོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རིམ་གྱིས་པ་དང་གཅིག་ཅར་བ། །རིམ་གྱིས་པ་ཡི་སྨན་ཆེན་འདི། །གཅིག་ཅར་བ་ཡི་དུག་ཆེན་ཡིན། །གཅིག་ཅར་བ་ཡི་སྨན་ཆེན་དེ༑ ༑རིམ་གྱིས་པ་ཡི་དུག་ཏུ་འགྱུར། །དེས་ན་སྦྱངས་པའི་འཕྲོ་ཅན་ལ། །གཅིག་ཅར་བ་ནི་བསྟན་པར་བྱ། །སེམས་ཅན་དང་པོའི་ལས་ཅན་ལ། །རིམ་གྱིས་པ་ནི་བསྟན་པར་བྱ། །དང་པོའི་ཉོན་མོངས་འདུལ་བ་ནི། །ཁམས་ཀྱིས་རབ་ཏུ་དབྱེ་བར་བྱ། །ཕུང་པོ་གཞིག་གྲོལ་བསྒོམ་པར་བྱ། །བསྐྱེད་རིམ་གཞུང་ལ་སྦྱར་བར་བྱ། །ངག་དབེན་རླུང་ནི་བསྒོམ་པའི་ཐབས། །བླ་མའི་ཞལ་ལས་ཤེས་པར་བྱ། །ཕྱག་རྒྱ་ཆེན་པོའི་མན་ངག་ནི། །མན་ངག་ཚིག་བསྡུས་དག་ལས་ཤེས། །སྒྱུ་མ་ལྟ་བུའི་ལུས་བསྒོམས་པ། །སློབ་པ་དང་ནི་མི་སློབ་གཉིས། །སློབ་པ་ལ་ཡང་རྣམ་གཉིས་ཏེ། །མངོན་པར་རྟོགས་པའི་རིམ་པ་དང༌། །རང་གིས་ལྷག་པར་གནས་པའོ། །མངོན་པར་རྟོགས་པའི་རིམ་པ་ལ། །གསང་བའི་དབང་གི་དུས་དག་ཏུ། །མེ་ལོང་དྲི་མ་མེད་པ་ལ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་ཏེ། །དེ་ཡི་གཟུགས་བརྙན་སྣང་དང་མཚུངས། །ཞེས་བྱ་བ་སྒྱུ་མའི་དཔེ་བཅུ་གཉིས་ལ་སོགས་ཀྱིས་རྟོགས་པར་བྱའོ། །ད་ནི་ལྷག་པར་གནས་པ་ལ། །གྲོང་དུ་འཇུག་དང་འཕོ་བ་དང༌། །རྨི་ལམ་བར་དོ་རྣམ་པ་བཞི། །དེ་ལ་གྲོང་དུ་འཇུག་པ་ནི། །མདུན་དུ་དམིགས་པ་གསལ་བྱས་ལ། །དབུགས་དང་སེམས་ནི་མ་ཡེངས་པར། །གཏད་ནས་ཡུན་དུ་གོམས་བྱས་ན། །ཤེས་པ་བྱང་ནས་ཇེ་གསལ་འགྱུར། །དེ་ལ་ཡུན་དུ་གོམས་བྱས་ན། །རང་གི་ཕུང་པོ་དོར་བྱས་ནས། །བསོད་ནམས་ཅན་གྱི་ལུས་བླངས་ཏེ། །སེམས་ཅན་དོན་ནི་མ་ལུས་བྱས། །གྲོང་དུ་འཕོ་བ་རྣམ་གསུམ་སྟེ། །བསྐྱེད་པའི་རིམ་པའི་ཚུལ་དང་ནི། །སྒྱུ་མ་དངོས་དང་འོད་གསལ་ལོ། །བསྐྱེད་པའི་རིམ་པའི་ཚུལ་ལ་ནི། །ཀྵུཾ་ལ་སོགས་པའི་ཡི་གེ་ཡིས། །བུ་ག་དག་ཀྱང་དགག་བྱས་ཏེ། །རང་གི་སེམས་ནི་ལྷ་ཡི་སྐུ། །འཇའ་ཚོན་ལྟ་བུར་བསྒོམ་པའམ། །ཡང་ན་ཧཱུྃ་ལ་བསྡུ་བྱ་སྟེ། །ཚངས་པའི་བུ་ག་ནས་བཏོན་ཏེ། །འོག་མིན་གནས་སུ་ཡང་དང་ཡང༌། །རྒྱུན་མི་འཆད་པར་གནས་པར་བྱ། །དེ་ལྟར་གོམས་པ་བརྟན་གྱུར་ནས། །དུས་དང་རྟགས་རྣམས་ཤེས་བྱ་སྟེ། །འཕོ་ཀར་ཤེས་པ་གནས་སུ་བསྐྱལ། །དེ་ལྟར་བྱས་པས་ཐོབ་པར་འགྱུར། །སྒྱུ་མ་དངོས་ཀྱི་འཕོ་བ་ནི། །འོག་ནས་འབྱུང་བའི་རྨི་ལམ་ལ། །གོམས་པར་བྱ་སྟེ་སུམ་ཅུ་ནི། །རྩ་གསུམ་གནས་སུ་འཕོ་བྱ་སྟེ། །དེ་རུ་སྔར་དུ་གང་གོམས་པའི། །གོམས་པས་ཁྲིད་དེ་གོམས་གྱུར་ན། །བདེ་བ་སྐྱེད་པའི་གནས་ཡིན་པས། །མི་རྟོག་ཡེ་ཤེས་ཐོབ་ནས་ནི། །ཚེ་འདི་ཉིད་ལ་སངས་རྒྱས་ན། །འཐབ་འགྱུར་འདི་ལ་ཐེ་ཚོམ་མེད། །སྔགས་པའི་འགྲོ་ས་མཆོག་ཡིན་ནོ། །མཚན་ཉིད་པ་ནི་ལྟུང་བར་འགྱུར། །འོད་གསལ་བར་ནི་འཕོ་བ་ལ། །འཆི་བའི་དུས་ནི་ཤེས་བྱས་ལ། །མི་རྟོག་པ་ལ་སེམས་གནས་ན། །ལུས་ཀྱི་རྩོལ་བ་དག་གིས་ནི། །འོད་གསལ་བར་ནི་འཇུག་པ་སྟེ། །བར་དོར་མྱ་ངན་འདས་པ་ཡིན། །བསླབས་ནས་འཕོ་བ་དེ་རྣམས་ཡིན། །མ་བསླབས་པར་ཡང་འཕོ་བ་ཡོད། ། ཨྠིྀ། ༈ །གཏུམ་མོའི་བཀའ་དཔེའོ། །བླ་མ་གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་ཆེན་པོ་ནཱ་རོ་པས། །བདེ་མཆོག་འཁོར་ལོའི་གསང་སྔགས་ནི། །འབུམ་ཕྲག་བདུན་ནི་བཟླས་པ་ཡིས། །ས་རྣམས་གཡོས་ཤིང་ལུང་བསྟན་ཐོབ། །ཤར་ཕྱོགས་ངོས་ཀྱི་ཏེེ་ལོ་པའི། །ཞལ་སྔར་གདམས་ངག་མནོས་པ་ནི། །དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །དེ་ལ་དངོས་པོའི་གནས་ལུགས་ནི། །ལུས་ནི་བྱང་ཆུབ་རྣམ་ལྔ་དང༌། །རྩ་དང་བྱང་ཆུབ་སེམས་དང་ནི། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་གནས་པ་ཡིན། །དེ་ལ་གནད་ནི་རྣམ་པ་གསུམ། །ལུས་དང་ཡུལ་དང་དབང་པོ་གསུམ། །དེ་ལ་ལུས་ཀྱི་གནད་བཤད་པ། །རིན་ཆེན་རྩར་ལ་བརྒྱུས་པ་ལྟར། །ཤིན་ཏུ་བསྲང་ལ་དགུགས་པར་བྱེད། །ལི་རི་བཞིན་དུ་ཁོང་བསྒྲིམ་བྱ། །རྒྱ་མདུད་ལྟ་བུའི་ཚུལ་དུ་གནས། །འཕེལ་ཀ་ཤིན་ཏུ་བསྐྱེད་པར་བྱ། །མཉམ་བཞག་རྒྱ་ཡིས་བཙིར་བྱ་ཞིང༌། །རེའུ་མིག་ལྟར་ནི་བསྣོལ་བར་བྱ། །རྔུབ་དང་དགང་དང་གཞིལ་བ་དང༌། །མདའ་ལྟར་འཕང་དང་རྣམ་བཞིའོ། །སྦྱོར་བ་བཞི་ལྡན་མ་ཤེས་ན། །ཡོན་ཏན་སྐྱོན་དུ་འགྱུར་བའི་ཉེན། །དེ་ནི་ལུས་ཀྱི་གནད་དུ་གསུངས། །ཡུལ་གྱི་གནད་ནི་རྣམ་གཉིས་ཏེ། །ཕྱི་ནང་གཉིས་སུ་བཤད་པར་བྱ། །ཕྱི་ཡི་དཀར་དམར་རྣམ་པ་ཅན༑ ༑ནང་དུ་འཁོར་ལོ་རྣམ་པ་བཞི། །དེ་ལ་ཐབས་ལམ་བགྲང་མི་ལང༌། །དེ་ནི་ཡུལ་གྱི་གནད་ཡིན་ནོ། །ད་ནི་དུས་ཀྱི་གནད་ གཡས་གཡོན་འཕོ་དུས་ཟེར་བའང་ཡོད། །མཆན། བཤད་པ། །གཉིད་དང་རྨི་ལམ་སྙོམས་འཇུག་དང༌། །ཐ་མལ་དུས་དང་རྣམ་པ་བཞི། །དེ་ལ་དུས་བཞིའི་ཉམས་ལེན་ནི། །བླ་མའི་ཞལ་ལས་ཤེས་པར་བྱ། །དེ་ལ་དུས་ཀྱི་གནད་བརྟག་གོ །ཐབས་ལམ་ཁྱད་པར་འཕགས་པ་སྟེ། །བླ་མ་ཏེ་ལོ་པས་བླ་མ་ནཱ་རོ་པ་ལ་གནང་། དེས་མར་པ་ལ་གནང་། དེས་གུང་ཐང་གི་མི་ལ་ཐོས་པ་དགའ་ལ་གནང༌། དེ་ལས་འབྲས་བུ་རིམ་གྱིས་འབྱུང༌། །འབྲས་བུ་འབྱུང་བའི་འབྱུང་ཚུལ་ནི། །ལུས་དང་མན་ངག་ཉམས་དང་གསུམ། །རིམ་པ་གྲངས་ཀྱིས་འབྱུང་བར་གསུངས། །དཔེར་ན་སེང་གེའི་འོ་མ་འདི༑ ༑གསེར་སྣོད་དངུལ་སྣོད་མ་ཡིན་པ། །སྣོད་ངན་ཕལ་ལ་བྱིན་པ་ན། །དམ་ཚིག་ཉམས་ནས་དམྱལ་བར་འགྲོ། །དེས་ན་གསང་བ་ཐུབ་པར་གྱིས། །གྲུབ་ཐོབ་བརྒྱུད་པའི་མན་ངག་འདི། །རང་གིས་ཉམས་སུ་བླང་བར་བྱ། །རྒྱ་མཚོའི་གཏིང་གི་རྡོ་བ་བཞིན། །ཁ་རུ་དབྱུང་བ་མ་ཡིན་ནོ། ། ཨྠིྀ། ༈ །རྨི་ལམ་བཀའ་དཔེའོ། །ན་མོ་གུ་རུ། རྨི་ལམ་ལ་ཡང་རྣམ་ལྔ་སྟེ། །དྲན་དང་སྒྱུ་མར་ཤེས་པ་དང༌། །སྦྱང་དང་གོམས་པར་བྱ་བ་དང༌། །གོང་དུ་འཕོ་བར་ཤེས་པར་བྱ། །དྲན་པ་ཞེས་བྱ་བསྒོམ་པ་ནི། །གཉིད་མ་ལོག་པའི་དུས་སུ་ཡང༌། །འདུན་པ་དག་ནི་སྔོན་བཏང་སྟེ། །ལོག་ཀ་མ་ཡི་ཤེས་པ་ནི། །དྲན་པས་ཡང་ཡང་བསྐུལ་བྱས་ལ། །བསྐུལ་བར་ལོག་རེར་ལན་རེ་འཛིན། །རབ་རིབ་ཡད་ཡུད་འབྱང་བར་འགྱུར། །དེ་ལྟར་དྲན་པ་བརྟན་གྱུར་ན། །སྒྱུ་མ་དག་ཏུ་ཤེས་བྱས་ཏེ། །མ་ལོག་པ་ཡི་དུས་སུ་ཡང༌། །སྣང་སྲིད་སྒྱུ་མར་ཤེས་བྱ་སྟེ། །སྒྱུ་མ་དངོས་ནི་རྨི་ལམ་ཡིན། །དེ་ཉིད་སྒྱུ་མར་མ་ཤེས་པས། །བར་དོ་སྒྱུ་མར་མི་ཤེས་ནས། །བར་དོའི་སྲིད་པ་མི་ཁེགས་པས། །སྐྱེ་བ་ཡང་དང་ཡང་བླང་སྟེ། །ཁམས་གསུམ་འཁོར་བར་འཁྱམས་པ་ཡིན། །དེ་ལྟར་རྨི་ལམ་དངོས་དག་ལས། །བློ་ནི་འཇུག་ཏུ་མ་བཏུབ་ན༑ ༑སྔོན་དུ་འགྲོ་བ་དག་བྱས་ཏེ། །བསྐྱེད་རིམ་བཟླས་པའི་རྟགས་དག་དང༌། །འདུ་འཛི་ཤིན་ཏུ་ཉུང་བ་དང༌། །སྔར་གྱི་གོམས་པ་དཀྲི་བ་དང༌། །མོས་པ་ཤིན་ཏུ་དྲགས་པ་དང༌། །བསྐུལ་བའི་དུས་དག་ཤེས་པའོ། །གཉིད་མ་ལོག་པའི་དུས་སུ་ཡང༌། །དྲན་པ་དེ་ཉིད་སྒྱུ་མ་རུ། །ཤེས་བྱའི་བསམ་པ་སྔོན་བཏང་ལ། །ནན་ཏན་དུ་ནི་སྦྱང་བར་བྱ། །དེ་ལྟར་དུ་ནི་བསྒོམ་པ་དང༌། །ཕན་ཚུན་དག་ཏུ་ཕྱིན་པ་དང༌། །ངལ་དུབ་དག་ནི་ངལ་དུབ་མེད། །འགྲངས་ལྟོག་དག་ནི་འོང་བ་དང༌། །ཆོ་འཕྲུལ་དག་ནི་བསྟན་པ་དང༌། །དེ་ལ་སོགས་པའི་མཚན་མ་རྣམས། །གཉིད་མ་ལོག་པའི་དུས་སུ་ཡང༌། །གོམས་པར་བྱ་ཡི་བར་ཆད་ཀྱིས། །ལོག་ཀ་མ་ཡི་དུས་སུ་ཡང༌། །མཚན་མ་དྲན་པ་དེ་རྙེད་ལ། །བག་མི་ཚ་བར་སྤྱད་པར་བྱ། །དེ་ལྟར་སྒྱུ་མར་ཡང་དང་ཡང༌། །ཉིན་མཚན་གཏན་དུ་བསམས་ནས་ཀྱང༌། །སྒྱུ་མར་ཤེས་པའི་མཚན་མ་ནི། །ཡ་མི་ང་དང་བག་མི་ཚ། །དམ་དུམ་ཀེམ་ཀ་འབྱུང་བར་འགྱུར། །དེ་ལྟར་བརྟན་པར་གོམས་པར་བྱ། །དེ་ལྟར་བརྟན་པར་གྱུར་ན་ནི། །འཕོ་བ་དག་ནི་བྱ་བར་བཤད། །གཉིད་མ་ལོག་པའི་དུས་སུ་ཡང༌། །རང་བཞིན་གང་དགར་གཏང་བར་བྱ། །འགྲོ་སར་སེམས་ནི་བཏང་བྱས་ནས། །ལོག་ཀ་མ་ཡི་དུས་སུ་ཡང༌། །དེར་ནི་བག་ཆགས་དྲན་བྱས་ཏེ། །དེ་ལྟར་རང་གི་རིག་པ་ཡིས། །དཔྱད་ཅིང་གོང་ལྟར་རིག་པ་འཕོ། །འཕོ་བ་བརྟན་པར་གྱུར་ནས་ནི། །སྒྱུ་མ་སྦྱངས་པའི་མཚན་ཉིད་ཀྱིས། །སྔར་གྱི་གོམས་པ་དཀྲི་བར་བྱ༑ ༑ད་ལྟར་སྔ་མ་ཅི་བཞིན་བསྒོམ། །ལོག་ཀར་ཡང་དང་ཡང་དུ་བསྒོམ། །དེ་ལྟར་རྨི་ལམ་དུས་སུ་ནི། །དམ་དུམ་ཡད་ཡུད་འབྱུང་བར་འགྱུར། །གང་ལའང་བཟང་ངན་མི་བལྟ་སྟེ། །རྨི་ལམ་འོད་གསལ་འཕོ་ནུས་པ། །རྟགས་མ་བྱུང་བར་འབྱངས་པ་ཡོད། །རང་གིས་རིག་པས་རྟོགས་བྱས་པ། །མ་རྟོགས་ན་ཡང་འབད་ཅིང་བརྟགས། །རྩོལ་བ་དག་ནི་བསྐྱེད་བྱས་ལ། །ཤེས་པ་ཚར་ནི་གཅད་པར་བྱ། །དེ་ལྟར་ཡང་དང་ཡང་བྱས་པས། །མོད་དུ་ཟིན་པ་དག་ཀྱང་ཡོད། །ཟླ་བས་ཟིན་པ་དག་ཀྱང་ཡོད། །ལོ་ཡིས་ཟིན་པ་དག་ཀྱང་ཡོད། །ཡང་དང་ཡང་དུ་གོམས་བྱས་པས། །རྨི་ལམ་བྱིན་གྱིས་རློབས་པ་ཡིན། །དེ་ཡིས་བར་དོ་བསླང་བར་འགྱུར། །གོང་མའི་རྨི་ལམ་གོམས་པ་ཡིས། །འཆི་ཁའི་ཤེས་པ་གསལ་བྱས་ཏེ། །འཆི་བའི་རྟགས་རྣམས་ཚང་བ་དང༌། །སྔར་གོམས་པ་ལའང་སེམས་བཞག་སྟེ། །འོད་གསལ་བ་ལ་འཇུག་པའམ། །ཡང་ན་གསལ་བ་ལ་མི་འཇུག །འཆི་ཀར་གཉིད་ནི་ལོག་པ་ན། །དྲན་པ་དག་ནི་སྔོན་བཏང་ནས། །ས་བོན་སྐྱེས་ནས་རིམ་ཁྱབ་བོ། །གཞི་དང་ཁང་པ་ཉིད་དག་དང༌། །ལས་དང་ཕ་རོལ་སྦྱོར་བ་དང༌། །རང་ལུས་ངོ་བོ་ཐིག་ལེ་བཅས། །བཅུ་གཉིས་མཐའ་ཡི་ཚིག་གི་དོན། །གང་གིས་རྟག་ཏུ་བསྒོམ་གྱུར་ན། །དེ་ཡི་དངོས་གྲུབ་བདེ་བ་ཡི། །རྡོ་རྗེ་འཛིན་པ་རང་ཉིད་འགྱུར། །རྫོགས་སོ།། ༈ །།འོད་གསལ་གྱི་བཀའ་དཔེའོ། །ནཱ་རོ་པའི་གདམས་པ་ལ། །ཕུང་པོ་ཁམས་དང་སྐྱེ་མཆེད་དབང་པོ་ལ༑ ༑ཤེས་པ་གཉིས་པོ་འདི་ལྟར་བསྡུས་བྱས་པས། །སྟོང་ཆེན་འགྱུར་བས་གང་ཞིག་གཉིད་ལོག་པ། །རླུང་གི་ཤུགས་ཀྱིས་རྨི་ལམ་མཐོང་བར་འགྱུར། །རྨི་ལམ་སད་པས་བྱེ་བྲག་གཞན་མེད་པས། །ཀུན་ཏུ་རྟོག་པས་རྨི་ལམ་ཕྲལ་འདོད་པས། །འགྲོ་བ་ཉིན་མཚན་ཉེ་བར་གཉིད་ལོག་ཅིང༌། །ས་སྡུག་གྱུར་པས་རབ་ཏུ་རང་གཉིད་ལོག །སེམས་དང་སེམས་ལས་འབྱུང་བའི་རྟོག་ཚོགས་ནི། །རང་གྲོལ་བདེ་བ་ཆེན་པོའི་ཏིང་འཛིན་ནོ། །དེ་ནི་སྒྱུ་མའི་དཔེ་ཡིས་ཉེ་བར་མཚོན་ཏེ། དེ་བས་ན་སངས་རྒྱས་ཀྱི་ཞིང་གངྒཱ་ཀླུང་གི་བྱེ་མ་སྙེད། དེ་བཞིན་གཤེགས་པ་ཐམས་ཅད་ནི་སྒྱུ་མ་ལྟ་བུ་དང༌། འཇའ་ཚོན་ལྟ་བུའི་ལུས་ངག་ནི། །དེ་ཉིད་བསྒོམས་པས་འཐོབ་པར་འགྱུར། །མ་རིག་པ་ངང་གིས་འགགས་ཤིང༌། འོད་གསལ་བ་ལ་འགྲོའོ། །ཕྱི་ནས་ལངས་ནས་རླུང་གིས་འཁོར་བར་འགྱུར་བ་སྟེ། དེས་ལུས་གྲུབ་ནས་མིག་ལ་སོགས་པའི་དབང་པོ་ཡུལ་དམིགས་པ་དེ་སྲིད་དུ། དེ་ཉིད་དུ་མི་དམིགས་པར་མི་འགྱུར་སྟེ། ཐོག་མེད་དུས་ནས་གོམ་ཕྱིར་རོ། །ཕུང་པོ་ལ་སོགས་ཁམས་ཕྲ་བ་ལ་གཞུག་གོ །ཁམས་ནི་སེམས་ཕྲ་བ་ལ་གཞུག་གོ །སེམས་ཡང་མ་རིག་པ་ལ་གཞུག་སྟེ། དེ་ལྟར་གཉིད་ལོག་པར་བྱའོ། །ཕྱིས་ནི་ཡེ་ཤེས་ཀྱི་རང་བཞིན་འོད་གསལ་བའོ། །མ་རིག་པ་དེ་ལྕགས་ཀྱུ་དང་འདྲ། རྣམ་པར་ཤེས་པ་གང་ལའང་འདྲེ་བར་མི་བྱེད་དོ། །འོད་གསལ་བའི་ངོ་བོ་ཉིད་མངོན་སུམ་དུ་བྱེད་དོ། །སྐྱེ་བ་འདིས་སངས་རྒྱའོ། །དེ་ནས་རང་གར་འདོད་པའི་ཞིང་ཁམས་ཁྱད་པར་ཅན་དུ་འགྲོ་ན་ཡང་འགྲོའོ། །ཏེ་ལོ་པས་གསུངས། དེས་ནཱ་རོ་པ་ལ། དེས་མར་པ་ལ། དེས་མི་ལ་ལ། དེས་རིན་པོ་ཆེ་ལ་གནང་བའོ། །གཉིད་དང་འདྲེས་པའི་བསམ་གཏན་རྫོགས་སོ།། ༈ །།བར་དོའི་བཀའ་དཔེའོ། །བླ་མ་གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ། །རིམ་གྱིས་འཇུག་པའི་གང་ཟག་ནི། །ཤེས་པའི་སྐྱེ་ལུགས་འདི་ལྟ་སྟེ། །སྣང་བ་ཐིམ་དང་རྟོག་པ་ཐིམ། །རགས་པ་ཐིམ་དང་ཕྲ་བ་ཐིམ། །ཐིམ་རྗེས་ལ་ནི་གོམས་པ་དང༌། །རང་བཞིན་གྱིས་ནི་འོད་གསལ་འབྱུང༌། །དེ་ཡི་རྗེས་ལ་ཟུང་འཇུག་གི །སྐུ་ནི་རྣམ་པ་གཉིས་འབྱུང་སྟེ། །སློབ་པ་དང་ནི་མི་སློབ་གཉིས། །མི་སློབ་པ་རུ་གྱུར་ཅེ་ན། །འབྲས་བུ་ཐོབ་ཅེས་བསྟན་པ་ཡིན། །གོང་དུ་བསྟན་པ་དེ་དག་ནི༑ ༑ཞིབ་ཏུ་བྱས་ན་འདི་ལྟ་སྟེ། །དང་པོ་ལུང་རིགས་མན་ངག་གིས། །རྒྱུད་ལ་རྟོག་པ་ཤར་ཙམ་ན། །སྣང་བ་འགགས་པའི་འགགས་ལུགས་ནི། །གཟུགས་སྒྲ་ལ་ཐིམ་དེ་བཞིན་དུ། །དྲི་དང་རོ་དང་རེག་བྱ་དང༌། །ས་དང་ཆུ་དང་མེ་དང་རླུང༌། །དེ་རྣམས་རིམ་གྱིས་སྣང་བར་ཐིམ། །སྣང་བའི་དུས་ན་ཕྱི་རྟགས་ཟླ་བ་ཤར་བ་ལྟ་བུ། ནང་རྟགས་ནི་ཤེས་པ་དུ་བ་ལྟ་བུའོ། །སྣང་བ་མཆེད་པ་ལ་ཐིམ་ཙམ་ན། ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ། ནང་ཤེས་པ་སྲིན་བུ་མེ་ཁྱེར་བ་ལྟ་བུའོ། །མཆེད་པ་ཐོབ་པ་ལ་ཐིམ་ཙམ་ན། ཕྱི་རྟགས་མུན་པ་ལྟ་བུ། ནང་ཤེས་པ་མར་མེ་ལྟ་བུའོ། །ཐོབ་པ་འོད་གསལ་ལ་ཐིམ་ཙམ་ན། ཕྱི་རྟགས་སྐྱ་རེངས་ཤར་བ་ལྟ་བུ། ནང་ཤེས་པ་ནམ་མཁའ་སྤྲིན་དག་པ་ལྟ་བུའོ༑ ༑འོད་གསལ་ལས་ལྡང་བའི་ཟུང་འཇུག་གི་སྐུ་དེ་ངོ་ཤེས་པར་བྱས་ཏེ། ངོ་ཤེས་པ་ནི་གསུམ་སྟེ། རང་བཞིན་གྱིས་འོད་གསལ་བ་དང༌། ཟུང་འཇུག་གི་སྐུ་དང༌། མངལ་གྱི་སྐྱེ་གནས་དགག་པའོ། །འོད་གསལ་བ་དེ་ངོས་ཟིན་ནས་འོད་གསལ་གྱི་མེས་བག་ཆགས་ཐམས་ཅད་སྦྱོང་བའི་དུས་ན། སློབ་པའི་ཟུང་འཇུག་ཅེས་བྱའོ། །དེ་སྦྱང་གཞི་དང་སྦྱོང་བྱེད་མེད་པར་གོམས་པ་མཐར་ཕྱིན་ཙམ་ན། མི་སློབ་པའི་ཟུང་འཇུག་ཅེས་བྱ་སྟེ་འབྲས་བུ་ཐོབ་པའོ། །ཟུང་འཇུག་དེ་ངོས་ཟིན་ན་བར་དོ་སྒྱུ་མའི་ལུས་ཡིན་ཏེ། དེའི་མཚན་ཉིད་ནི། དབང་པོ་ཀུན་ཚང་ཐོགས་མེད་ལྡན། །ལ་སོགས་པ་གཞན་ནས་བཤད་པ་དང་མཐུན་ཏེ། ཆུ་ལས་ཉ་ལྡང་བ་བཞིན་བྱུང་ནས། སྐྱེ་བ་གཞན་ལེན་པ་ལ་སོགས་པ་སྡུག་བསྔལ་གྱི་རྒྱུར་འགྱུར་རོ། ། ཨྠིྀ། བར་དོ་ལམ་དུ་བྱེད་པ་འཆི་ཀ་མའི་དུས་སུ་བསླབ་པ་ནི་འབྱུང་བ་བཞི་རིམ་གྱིས་ཐིམ་པར་ཤེས་པར་བྱས་ལ། རང་གི་སེམས་ལ་བལྟས་ཤིང་བར་དོ་ལ་བར་དོ་ངོ་ཤེས་པར་བྱའོ་སྙམ་པའི་འདུ་ཤེས་དྲག་ཏུ་བྱ་ཞིང༌། བར་དོ་དེ་ཉིད་ཀྱང་སྒྱུ་མར་ཤེས་པར་བྱས་ཤིང་དེ་ཁོ་ན་ཉིད་བསྒོམ་སྟེ། སྐྱེ་བའི་རྐྱེན་ཕ་མ་ལ་ཆགས་སྡང་སྐྱེ་བ་ཡིན་པས། དེ་ཟློག་ཅིང་འོད་གསལ་དུ་གནས་པར་བྱའོ༑ ༑དེའི་དུས་སུ་དེ་ཁོ་ན་བསྒོམ་པར་མི་ནུས་ཤིང་སྐྱེ་བ་ལེན་ནའང༌། རང་དབང་གིས་བདེ་བ་ཅན་དུ་འགྲོ་བར་བྱ་སྟེ་རང་དབང་ཡོད་པར་ལུས་ལེན་པའོ། །དེ་ནི་བར་དོ་ལམ་དུ་ཁྱེར་བ་སྟེ། ཤེས་བཞིན་དུ་འཇུག་པའི་གང་ཟག་གོ ། ཨྠིྀ། རྡོ་རྗེ་འཆང་གིས་ཕྱག་ན་རྡོ་རྗེ་ལ། དེས་ཏེ་ལོ་པ་ལ། དེས་ནཱ་རོ་པ་ལ། དེས་རྗེ་བཙུན་མར་པ་ལ། དེས་གུང་ཐང་གི་མི་ལ་ཐོས་པ་དགའ་ལ། དེས་རིན་པོ་ཆེ་ལ་གནང༌། སྙན་ནས་སྙན། ཞལ་ནས་ཞལ། ཐུགས་ནས་ཐུགས་སུ་བརྒྱུད་པའོ། །ཀུན་གྱི་ཐུན་མོང་མ་ཡིན་པའོ། །རིན་པོ་ཆེའི་གདམས་པའོ། །རྫོགས་སོ།། ༈ །།གྲོང་འཇུག་གི་བཀའ་དཔེའོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དེ་ལ་སེམས་ཀྱི་འཕོ་བ་གྲོང་ཁྱེར་ལ་འཇུག་པའི་མན་ངག་ནི། འདི་ལྟར་ཤེས་པར་བྱ་སྟེ། དང་པོ་རྣལ་འབྱོར་པས་ཆོས་ཐམས་ཅད་སྒྱུ་མ་དང་ཁྱད་མེད་པའི་དོན་ལ་མོས་པ་དྲག་པོ་བྱ། དེ་ནས་རང་གི་ཁྱིམ་དུ་མཎྜལ་ལེགས་པར་བྱུགས་ཏེ། ཐོད་པའམ། གཡམ་པ་རྩེ་ནི་ལ་ཆང་བྱུགས་ཏེ། དབུས་སུ་ཧཱུྃ་དཀར་པོ་གསལ་བར་བྲིས་ཏེ་མཎྜལ་གྱི་ཐོག་ཏུ་བཞག་ལ། རང་གི་ཤེས་པ་སྙིང་གར་ཧཱུྃ་ལ་གཏད་པར་བྱས་ལ། རང་གི་དབུགས་དང་ཤེས་པ་ཧཱུྃ་ལ་གཏད་དེ་དྲག་ཏུ་བཟུང་ངོ། །དེ་ནས་ཟིན་པའི་རྟགས་ནི་ཐོད་པ་དྲོ་བའམ། འགུལ་བའམ། འཕང་བའམ། དུ་བའི་རྟགས་འོང་སྟེ། དེའི་རྗེས་ལ་མི་ཤི་ནས་རིང་པོ་མ་ལོན་པ། རོ་མ་རུལ་བ་རྨ་མེད་པ་བླངས་ལ་ཁྲུས་བྱས་ཏེ། རྒྱན་བཏགས་ལ་ཡིད་གཞུང་བར་བྱ་སྟེ། མཎྜལ་གྱི་ཐོག་ཏུ་བཞག །རོའི་སྙིང་གར་ཧཱུྃ་བསམ་ལ་དེ་ལ་ཤེས་པ་གཏད་ལ་དབུགས་ཐུབ་ཚད་བཟུང་ངོ་། །དེ་ནས་རླུང་དང་ཤེས་པ་རོ་ལ་ཟིན་ནས་དགའ་བ་སྐྱེས་ཤིང་འདུག་ཙམ་ན། ཤེས་པ་རོའི་སྙིང་གར་ཧྲིལ་ཏེ་གཏད་དེ་བཅུག་ལ༑ ཚུར་མི་དྲང་བར། དེ་ལངས་ལ་ལུས་སྔ་མ་བོར་རོ། །གྲོང་དུ་འཇུག་པ་སློབ་པའོ། ། ཨྠིྀ། ༈ །འཕོ་བའི་བཀའ་དཔེའོ། །འཕོ་བ་ནི་དེ་ཁོ་ན་ཉིད་དང༌། གྲོང་ཁྱེར་དུ་འཕོ་བ་གཉིས་ཏེ། དེ་ཁོ་ན་ཉིད་ཀྱི་འཕོ་བ་ནི། རང་ཉིད་ལྷར་བསྒོམ་པའི་སྙིང་གའམ། ལྟེ་བར་པདྨ་དང་ཟླ་བ་དང་ཧཱུྃ་བསམ་སྟེ། དེའི་འོད་ཀྱིས་སྣང་སྲིད་ཐམས་ཅད་རང་སྐུ་ལ་བསྡུ། སྐུ་ཡང་ཧཱུྃ་དང་ཟླ་བ་ལ་བསྡུ། ཟླ་བ་ཡང་ཧཱུྃ་ལ་བསྡུ། ཧཱུྃ་ཞབས་ཀྱུ་ནས་ནཱ་དའི་བར་བསྡུས་ལ་མཐར་དབུགས་ཆད་པ་དང་དུས་མཉམ་དུ་ནཱ་དའང་མི་དམིགས་པར་བྱའོ། །དེས་ནི་རང་གི་རླུང་གཙོ་བོར་གྱུར་པ་དང༌། མོས་པ་དང་རྩོལ་བ་དྲག་པོ་དང༌། སྣང་སྲིད་སྒྱུ་མ་ཙམ་དུ་ཡིད་ཆེས་པས། ཅི་ལྟར་ཡང་བཏུབ་སྙམ་པས་འབྱུང་བ་ཡིན་ནོ། ། ཨྠིྀ། །དེ་ལ་གྲོང་དུ་འཕོ་བར་བྱེད་ན་ཡང༌། བར་དོ་ཆོས་ཐམས་ཅད་སྒྱུ་མ་དང་འདྲ་བ་ལ་ཡིད་ཆེས་པར་བྱའོ། །དེ་ཡང་གོང་དུ་འཕོ་བའི་མན་ངག་ལ་གསུམ་ཏེ། ཏིང་ངེ་འཛིན་གྱིས་དང༌། རྩོལ་བ་དང༌། བཙན་ཐབས་སོ། །དེ་ལ་ཏིང་ངེ་འཛིན་གྱིས་འཕོ་བ་བྱེད་ན། དང་པོ་རླུང་ལ་སྦྱང་སྟེ། དེ་ཡང༌། རང་གི་སྙིང་གར་ཡི་གེ་ཧྃ་ཡིག་ཟེར་བའི་ཐིག་ལེ་ཡུངས་འབྲུ་ཙམ་ལ་ཤེས་པ་གཏད་ཡུན་ཐུབ་ཚད་དུ་བཟུང༌། དབུགས་ངལ་ན་ཡང་སྣ་རྩེ་ལ་ཕར་ལ་རླུང་དྲང་ངོ་། །དེ་ནས་སྙིང་གར་བཟུང་ཞིང་ཡང་དང་ཡང་དུ་ནན་ཏན་དུ་གོམས་པར་བྱས་པས་ཅི་ཙམ་འདོད་པར་ཟིན་ཅིང༌། རང་དབང་ཡོད་པ་སྙམ་བྱེད་པ་འོང་ངོ་། །པུས་མོ་བསྐོར་ཞིང་སེ་གོལ་བརྡབ། བརྒྱ་རྩ་བརྒྱད་ཟིན་པའི་ཚད་ཅེས་གསུངས་སོ། །སྙིང་གར་ཟིན་ནས་ལྐོག་མར་གཟུང་བར་བྱའོ། །དེ་ལྟར་དབུགས་ངལ་ན་སྣ་སྒོར་ངལ་གསོ། དེར་ནི་གང་འདོད་ཟིན་གྱུར་ན། །བདེ་བའི་འཁོར་ལོ་དྲངས་བྱས་ཏེ། །ཤེས་པ་བདེ་བ་ཅན་དུ་གཏད་ལ་ཚངས་པའི་སྒོ་ནས་འཕོ་བར་བྱ། ཨྠིྀ། །རྩོལ་བས་འཕོ་བ་འདི་ལྟར་བྱ་སྟེ། དང་པོ་འཆི་རྟགས་བྱུང་ནས་མི་ཐར་བར་ཤེས་ནས་དང་པོར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ལ་ཡིད་ཆེས་པར་བྱས་ལ། ལུས་ཀྱི་འཁྲུལ་འཁོར་བཅའ་བའོ། །དེ་ཡང་ངག་ཏུ་ཨཱ་ལི་བཟླས་ཏེ་ངག་གི་འཁྲུལ་འཁོར་བཅས་པའོ། །དེ་ནས་ཤེས་པ་བདེ་བ་ཅན་དུ་གཏད་དེ་བསམ་པ་དེར་བཏང་ལ་རང་གི་ཤེས་པ་སྙིང་གར་ཧཱུྃ་ལ་བསྡུས་ཏེ༑ ལག་པ་ལྟག་པར་སྦྲེལ་ཏེ་པུས་མོ་བཙུགས་ལ། སྙིང་གྱེན་ལ་ལོག་པར་བསམས་ལ། ལུས་དབྱུག་པ་ལ་བརྟེན་ཏེ། ངག་ཏུ་ཡང་ཧིཀ་བྱས་པས་ཁ་ནས་འཕོ་བར་བྱ། འཆི་རྟགས་ངེས་ན་འཕོ་བྱ་སྟེ། །འཆི་རྟགས་མེད་ན་སངས་རྒྱས་གསོད། །འཕོ་བའོ། །དེ་ལ་བཙན་ཐབས་ཀྱི་འཕོ་བ་ནི། རྐང་པ་གཡོན་པའི་ཕྱི་རྟིང་གིས་བཤང་སྒོ་དགག །ལོང་བུས་རྩ་སྒོ་མནན་ནས་དེ་ལ། སེང་གེ་རྣམ་འགྱིང་གི་ཕྱག་རྒྱས་རྩེའུ་ཆུང་གཉིས་དང་མིག་ལ་སོགས་པ་མནན། འོག་སྒོ་བསྡམ་ཞིང་རླུང་བུམ་པ་ཅན་དུ་བྱའོ། །དེ་ནས་དབུགས་མ་ཐུབ་ན་གྲུ་མོ་གཉིས་ཀྱིས་མཆན་ཁུང་འོག་གི་རྩིབས་ལོག་བསྡམ་ལ། སྐེད་པ་ཉེག་པར་བྱས་ཏེ། རླུང་དྲག་པོར་གྱེན་དུ་དྲངས་ཏེ་ཕུལ་ནས་ཡར་རླུང་དང་ཤེས་པ་གཉིས་ཁྲོག་གིས་ཕྱུར་གྱིས་ཚངས་པའི་བུ་ག་ནས་འཕོས་ཏེ་མཁའ་སྤྱོད་དུ་འགྲོ་བའོ། །འཕོ་བ་འདི་གང་དགའ་དགར་བྱ་མི་རུང་སྟེ། རང་གི་ལུས་ཀྱི་ལྷ་བསད་ན་མཚམས་མེད་རྩ་ལྟུང་བྱུང་ནས་ངན་སོང་དུ་འགྲོའོ། །འཆི་ངེས་ན་གོང་རོལ་དུ་བྱའོ། །ཁྱད་པར་དུ་བཙན་ཐབས་ཀྱི་འཕོ་བ་འདི་ནི་སྡིག་པོ་ཆེ་ཚོགས་མ་བསགས་པས་བྱའོ། །གཞན་དུ་མི་རུང་ངོ༌། ། ཨྠིྀ། དང་པོ་རང་ཉིད་སྐྱིལ་མོ་ཀྲུང་དང་མཉམ་བཞག་བཅས་ཏེ། མིག་སྣ་རྩེར་ཕབ་ལ། སྐད་ཅིག་གིས་ཡི་དམ་ལྷར་བསྒོམ་ལ། རླུང་དྲག་པོ་ནང་དུ་རྔུབ་ཅིང་དྲངས་ནས་བུམ་པ་ཅན་ལྟ་བུར་བྱའོ། །འོག་སྒོ་དང་སྟེང་སྒོ་གཉིས་ཆར་གྱིས་བསྡམ། དེ་ནས་ལྟེ་བར་ཨ་སྙིང་གར་ཧཱུྃ་བསམ་ལ། དེ་ནས་ཤེས་པ་སྙིང་ལས་ཞུགས་ཏེ། ཧཱུྃ་གྱེན་ཏུ་སོང་ནས་ཚངས་པའི་སྲུབས་འབྱེད་བཞིན་འབྱེད་པར་བསམ། དེ་ལ་དབུགས་ཤིན་ཏུ་མ་ཐུབ་ན། སྣ་གཡོན་པ་ནས་བག་ཙམ་བཏང་ཞིང་དེ་ཉིད་ལ་བསྒོམ། དེ་ལ་འཕོ་བར་ནུས་པའི་ཚད་ནི། དབུགས་རེ་ལ་ལག་པ་པུས་མོའི་འཁོར་གསུམ་བསྐོར་ཞིང་སེ་གོལ་ལན་གསུམ་གསུམ་བརྡབ། བརྒྱ་རྩ་བརྒྱད་ནུས་ན་འཕོ་བར་ནུས་སོ། །ནམཐུན་གཏོང་ཙམ་ན། ཡི་གེ་གཉིས་གནས་སུ་སོང་བར་བསམ་འཆི་ངེས་ན་གོང་རོལ་དུ་འཕོའོ། །དེ་ལ་འཕོ་བའི་དུས་སུ་གོང་དུ་བསྒོམ་པ་ལྟར་བྱས་ཏེ། སྐེད་པ་ཅུང་ཟད་ཉེག་ཉེག་པོར་བྱས་ནས། གྲུ་མོས་རྩིབས་ལོགས་གཉིས་ཅུང་ཞིག་མནན་ཏེ། རླུང་དྲག་པོ་གྱེན་དུ་དྲངས་ཏེ། ཚངས་པའི་སྲུབ་ཕྱེས་ཏེ་འཕོས་པས། ཤེས་པ་རླུང་དང་གཉིས་ཁྲོག་ཐེར་གྱིས་འགྲོའོ། །འཕོ་བའི་མན་ངག་གོ །ཏེ་ལོ་པ། དེས་ནཱ་རོ་པ། དེས་ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས། དེས་གུང་ཐང་གི་མི་ལ་ཐོས་པ་དགའ་ལ། དེས་རིན་པོ་ཆེ་སྒམ་པོ་པ་ལ་གནང་བའོ། །གྲུབ་པ་ནུས་པ་ཐོབ་པའི་ཉམས་ལེན་རྒྱུན་མ་ཆད་པ་ཡིན་ནོ། །རྗེ་བཙུན་རས་པ་ནི་མཁའ་འགྲོ་མས་ཀྱང་བྱིན་གྱིས་བརླབས་པ་ཡིན་གསུངས་སོ། ། ཨྠིྀ། ༈ །གདམས་ངག་གནད་ཀྱི་བཀའ་དཔེའོ། །སྲོག་རྩོལ་གནད་དུ་བསྡམས་བྱས་ཏེ། །རྩ་རླུང་ཐིག་ལེ་མཚན་ལྡན་དང༌། །འོད་གསལ་རྗེས་སུ་གནང་བ་བསྒོམ། །སྲོག་རྩོལ་དག་ལ་དབང་ཐོབ་ན། །རླུང་ནི་གཡས་གཡོན་འཕོ་ནུས་དང༌། །ཁ་དོག་བྱེ་བྲག་ཚོར་བ་དང༌། །བསྡམ་གདོད་མེད་ཅིང་ཕྱི་ནང་བསྲེ༑ ༑ཚ་གྲང་འདྲེས་པའི་རྟགས་བྱུང་ནས། །དགོས་དགུ་ཐམས་ཅད་འབྱུང་བར་གསུངས། །བླ་མ་དམ་པའི་གདམས་ངག་ལ། །ཆུ་བོའི་རྒྱུན་བཞིན་ཉམས་བླངས་ན། །དམ་ཚིག་དེ་ཡིས་སྐོང་བར་གསུངས། །རྨི་ལམ་མངོན་སུམ་གང་ལ་ཡང༌། །ཆོ་འཕྲུལ་སྣ་ཚོགས་འབྱུང་བ་ལ། །སྒྱུ་མར་ཤེས་ན་ལམ་དུ་འགྱུར། །བདེན་པར་བཟུང་ན་བར་ཆོད་ཡིན། །ཉིན་རེ་བྲམ་ཟེ་བརྒྱ་གསོད་དང༌། །མཚམས་མེད་ལྔ་དག་བྱེད་པ་དང༌། །རྐུ་དང་འདོད་པའི་ལོངས་སྤྱོད་རྣམས། །འདི་ཡི་ལམ་གྱིས་འགག་པར་འགྱུར། །སྡིག་གིས་གོས་པར་མི་འགྱུར་ཏེ། །སྲིད་པའི་དངོས་པོར་རེངས་པར་འགྱུར། །ཇི་ལྟར་འདམ་ནས་སྐྱེས་པ་ཡི། །པདྨའི་མདངས་ནི་མཛེས་པར་འགྱུར། །དེ་བཞིན་རྒས་པའི་ལུས་དག་ལ། །ཡེ་ཤེས་སྐུ་ནི་རང་དགར་འབྱུང༌། །རྡོ་རྗེ་སྦྱོར་བའི་སྦྱོར་བས་ན། །རྡོ་རྗེ་དྲིལ་བུ་མི་ལྡན་པའི། །གསང་བའི་འབྲས་བུ་ཅི་ལྟར་འབྱུང༌། །རྡོ་རྗེ་དྲིལ་བུ་མི་ལྡན་པའི། །རྡོ་རྗེ་བསྒྲུབ་པ་རེངས་པར་འགྱུར། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །སྦྱངས་ནས་ཕ་རོལ་དགའ་བར་འགྱུར། །མཚན་མོ་ཟླ་བ་མེད་པ་ཡི། །ཉིན་མོ་ཟླ་བ་ཇི་ལྟར་སྣང༌། ། ཨྠིྀ། །ཞེས་ནཱ་རོ་པའི་བཀའ་དཔེ་རྣམས་རྫོགས་སོ།། །།ཀ་དཔེ་ཚིག་ལྷུག་པ་གཅིག་ཀྱང་ཡོད་དོ། །ཚིགས་བཅད་འདི་གཙོ་བོར་མཛད་དོ། །མངྒ་ལཾ།།