ངག་དབང་གྲགས་པའི་གཉུག་མ་དྲན་གསལ།

From Damngak Dzö
Revision as of 10:53, 17 June 2025 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

DNZ-06-CHA-018-003
Wylie title ngag dbang grags pa'i gnyug ma dran gsal DNZ-06-CHA-018.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 6, Text 18, Subtext 3, Pages 376-382 (Folios 5b1 to 8b1)
Author འབྲོག་མི་ལོ་ཙཱ་བ་
Citation 'brog mi lo tsA ba, attrib. Ngag dbang grags pa'i gnyug ma dran gsal. In Gdams ngag rin po che'i mdzod, Vol. 6: 376-382. Kalimpong: Rigpe Dorje Publications, 2024.
Side notes Recto: khrid yig   Verso: sa skya'i skor
More details More details
Genre Contemplative Guide Books and Instructional Manuals - khrid yig  ·  Pith Instructions - man ngag
[edit]
༈ །ངག་དབང་གྲགས་པའི་གཉུག་མ་དྲན་གསལ། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །རྟེན་གྱི་དཀྱིལ་འཁོར་གསལ་གདབ་ལ། བརྟེན་པ་འཁོར་ལོ་དྲུག་གི་དབུས་དང༌། འདབ་མ་རྣམས་ལ་རང་རང་གི་རྩ་རྣམས་ཡུམ་རླུང་དང་། དྭངས་མ་ཡབ། དེས་བསྐྱེད་པའི་རིག་པའི་ཡབ་ཡུམ་དབྱེར་མེད་བདེ་བ་ཆེན་པོ་སྲས་པོ། དབང་པོ་དྲུག་ཡབ། ཡུལ་དྲུག་ཡུམ། ཚོགས་དྲུག་བདེ་བ་ཆེན་པོ་སྲས་པོ། བརྟག་གཉིས་ལས། བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ལྷ་ཡི་གཟུགས་སུ་སེམས་དཔའ་ཡི། །ཞེས་པའི་དོན་ཡིན་ཏེ་བུམ་དབང་གི་ལམ་མོ། །དེ་ནས་གསང་གནས་ཀྱི་མེས་ལྟེ་བའི་ཨྃ་འབར་ཏེ། ཡེ་ཤེས་ཀྱི་མེ་ཆོས་གསུམ་ལྡན་གྱི་ལྷ་རྣམས་མུན་ཁང་དུ་སྒྲོན་མེ་བཏེག་པ་ལྟར་གསལ་བར་བལྟ་ཞིང༌། ཁ་སྦྱོར་འོག་རླུང་ཅུང་ཟད་བརྟན་པས་བསྒོམ། མར་མེའི་རྩེ་མོ་རབ་བཅིངས་དང༌། །ཞེས་པའི་དོན་ཏེ་གསང་དབང་གི་ལམ་མོ། །དེས་གཙུག་ཏོར་འཁོར་ལོའི་ནུས་པས་དཔྲལ་བའི་ཧཱུྃ་ཞུ་ནས། རྃ་གྱི་འབར་འཛག་ལ་བརྟན་པར་བསྒོམ། ཆུ་བོའི་རྒྱུན་བཞིན་རབ་འབབ་ལྟར། །ཞེས་པའི་དོན་ཏེ་དབང་གསུམ་པའི་ལམ་མོ། །དེ་ལྟར་བསྒོམ་པ་དེ་ཡང༌། སྣང་སྟོང༌། གསལ་སྟོང༌། བདེ་སྟོང་ཐམས་ཅད་རང་སྟོང་ཕྱག་རྒྱ་ཆེན་པོར་བསྒོམ་སྟེ། རྟག་ཏུ་དེ་ཉིད་རྣལ་འབྱོར་པས། །ཉིན་དང་མཚན་དུ་མཉམ་པར་གཞག །ཅེས་པའི་དོན་ཏེ་དབང་བཞི་པའི་ལམ་མོ། །བརྟག་གཉིས་ལས། སྒོམ་པ་པོ་མེད་སྒོམ་པའང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལས། །སྔགས་དང་ལྷ་ནི་ཡང་དག་གནས། །ཞེས་པའི་ཟབ་དོན་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ་རྫོགས་སོ། ༈ །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དབང་བཞིའི་ལམ་སྟན་ཐོག་གཅིག་ཏུ་བསྒོམ་པའི་རྣལ་འབྱོར་པས། སྟན་བདེ་བ་ལ་ལུས་རྣམ་སྣང་གི་ཆོས་ཚང་བར་བཅའ། སྒོ་གསུམ་རང་གྲོལ་དུ་ལྷོད་དེ་བཞག །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ཞེས་པའི་དོན་ཡིན་ནོ། །དེ་ནས་སྐྱབས་འགྲོ་སེམས་བསྐྱེད་བྱ། རང་ལྷ་གང་མོས་ཀྱི་ལྷར་མོས། བླ་མ་སྤྱི་བོར་བསྒོམས་ལ། གུས་འདུད་དྲག་པོ་བྱས་ལ་རང་ལ་བསྟིམ། དེ་ནས་རླུང་རོ་ལན་གསུམ་བུས་ལ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་གདབ་སྟེ། རྐང་མཐིལ་རྡོ་རྗེའི་ས་གཞི། སྤྱི་བོ་རྡོ་རྗེ་རྒྱ་གྲམ་གྱི་ཐོག ཚིགས་བརྒྱད། སྤྱི་གཙུག །སྙིང་ག །བཤང་ཁ་རྣམས་སུ་ཁྲོ་བོ་བཅུ་གཅིག་གསལ་བཏབ་ན་ལེགས་གསུངས་སོ། །རྩིབས་མ་རྡོ་རྗེའི་རྭ་གུར། བ་སྤུ་མདའི་དྲྭ་བ། སེན་མོ་མེ་རི་རབ་ཏུ་འབར་བ། རྐང་པ་བགྲད་པའི་རླུང་གི་དཀྱིལ་འཁོར། སུམ་མདོ་མེ། ལྟོ་བ་ཆུ། སྙིང་ག་སའི་དཀྱིལ་འཁོར། སྒལ་ཚིགས་རི་རབ། ལུས་འདོམ་གང་གྲུ་བཞི་མི་མཉམ་པ་མེད་པ་དཀྱིལ་འཁོར་གྲུ་བཞི། མིག་པཉྩ་རེ་ཁཱ། སོ་དྲྭ་བ་དྲྭ་ཕྱེད། ལྕེ་མཆུ་ལྷ་མོའི་ཆགས་སྟེང༌། རྣ་བ་དལ་གྱི་རྒྱན། རྐང་བརྒྱད་ཀ་བ་བརྒྱད། སྙིང་གའི་རྩ་འདབ་ཀྱི་ཕྱོགས་བཞི་ནས་འབྱུང་བ་བཞིའི་རླུང་རྒྱུ་བ་སྒོ་བཞིའོ། །དེའི་དབུས་སུ་རང་གང་བསྒོམ་གྱི་གཞིའི་ཧེ་རུ་ཀ་བསྒོམས་ལ། དེའི་གསང་གནས་ཀྱི་འཁོར་ལོར་དོན་གྲུབ་ལྗང་གུ་གཡས་རལ་གྲི༑ གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་ དམ་ཚིག་སྒྲོལ་མ། གྲི་གུག་དང་ཐོད་པ་འཛིན་པ་ཡབ་ལ་འཁྱུད་པའོ། །འཁོར་གྱི་ལྷ་མོ་སུམ་ཅུ་རྩ་གཉིས་སོ། །ལྟེ་བ་རིན་འབྱུང་སེར་པོ་གཡས་རིན་པོ་ཆེ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་ རིན་ཆེན་སྒྲོལ་མ། གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལའོ། །ལྷ་མོ་དྲུག་ཅུ་རྩ་བཞིའོ། །སྙིང་གར་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་ མ་མཱ་ཀི། གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལའོ། །ལྷ་མོ་བརྒྱད་དོ། །མགྲིན་པར་འོད་དཔག་མེད་དམར་པོ་པདྨ་དང་དྲིལ་བུས་ཡུམ་ལའོ། །ཡུམ་ གོས་དཀར་མོ། གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལའོ། །ལྷ་མོ་བཅུ་དྲུག་གོ །དཔྲལ་བར་རྣམ་སྣང་དཀར་པོ་འཁོར་ལོ་དྲིལ་བུས་ཡུམ་ལའོ། །ཡུམ་ སངས་རྒྱས་སྤྱན་མ། གྲི་གུག་ཐོད་པས་ཡབ་ལའོ། །ལྷ་མོ་སུམ་ཅུ་རྩ་གཉིས་སོ། །གཙུག་ཏོར་དུ་རྡོ་རྗེ་འཆང་དཀར་པོ་ཞི་བའི་ཉམས་ཅན། ཞབས་སྐྱིལ་ཀྲུང་ཆོས་འཆད་ཕྱག་རྒྱས་རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་ལའོ། །ཡུམ་ རྡོ་རྗེ་དབྱིངས་མ། གྲི་ཐོད་འཛིན་པས་ཡབ་ལའོ། །ལྷ་མོ་བཞིའོ། །དེ་ལྟར་ལྷ་མོ་ཐམས་ཅད་སྐུ་མདོག་ཡབ་དང་མཐུན་པ། ཞབས་གཡོན་བརྐྱང་བ། གཡས་གྲི་གུག་གཡོན་ཐོད་པ་འཛིན་པའོ། །གྲུ་མོར་ཁ་ཊྭཱྃ་གའོ། །དེ་ལྟར་འཁོར་ལོ་དྲུག་གི་རྩ་རྣམས་ནི། རྩ་དང་ཡི་གེ་ཡུམ། དྭངས་མ་དང་རླུང་ཡབ། དེ་བསྐྱེད་པའི་རིམ་པ་ཉོན་མོངས་རྣམ་རྟོག་གི་གཡའ་ཡིས་མ་གོས་པ་སྲས་ཏེ། སྣང་ཆ་ཐབས་འགག་མེད་ཡབ། སྟོང་པ་ཤེས་རབ་ཡུམ་སྐྱེ་མེད། དེ་གཉིས་དབྱེར་མེད་དམ་པ་སྐྱེ་འགགས་དབྱེར་མེད་བདེ་བ་ཆེན་པོ་སྲས་ཡིན་ནོ། །ཕྱག་མཚན་དེས་འགྲེའོ། །མིག་ཏུ་ས་སྙིང་རྣམ་སྣང་དང་འདྲ་བ། རྣ་བར་ཕྱག་རྡོར་མི་བསྐྱོད་པ་འདྲ་བ། སྣར་ནི་ནམ་མཁའི་སྙིང་པོ་རིན་འབྱུང་འདྲ་བ། ལྕེར་ནི་འཇིག་རྟེན་དབང་ཕྱུག་འོད་དཔག་མེད་འདྲ་བ། ལུས་སྒྲིབ་པ་རྣམ་སེལ་དོན་གྲུབ་འདྲ་བ། ཡིད་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་དང་འདྲའོ། །གོ་རིམ་བཞིན་དུ་གཟུགས་རྡོ་རྗེ་མ་ནས། ཆོས་དབྱིངས་དབང་ཕྱུག་མ་གྲི་ཐོད་འཛིན་པས་ཡབ་ལ་འཁྱུད་པའོ། །དེ་ཐམས་ཅད་ས་བོན་ལས་བསྐྱེད་མི་དགོས་ལ། དབང་བསྐུར། སྤྱན་དྲངས། གཤེགས་གསོལ་ཡང་མི་དགོས་ཏེ། སྒྲ་རྡོ་རྗེ། དྲི་རོ་རེག་བྱ་རྡོ་རྗེ་མའོ། །ཡུལ་དབང་གི་ལྷ་རྣམས་ཟླ་གདན་ལ་སྐྱིལ་ཀྲུང་གིས་བཞུགས་པའོ། །དེ་བརྒྱ་དང་བརྒྱད་ཅུའོ། །དེ་ཐམས་ཅད་ཀྱང་དབྱིངས་ཀྱི་སྟོང་གཟུགས་ལྷར་ཤར་བ་ཡིན་ཏེ། མེ་ལོང་གི་གཟུགས་བརྙན་བཞིན་དུ་བསྒོམ་མོ། །རང་བཞིན་གྱིས་གྲུབ་པ་དྲན་པས་བསྒོམ་པ་སྟེ། དེ་ལས་གཙོ་ཆེར་སྣང་སྟོང་གི་ཡེ་ཤེས་སྐྱེ་སྟེ། བུམ་དབང་གི་ལམ་མོ། །ལྷ་ཡི་ལུས་སུ་སེམས་དཔའ་ཡིས། །ཉི་མ་གཅིག་ཏུ་མ་ཆད་པར། །བསྒོམ་པས་ཡོངས་སུ་བརྟག་པར་བྱ༑ ༑རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །འཁོར་བ་ཐབས་གཞན་ཡོད་མ་ཡིན། །ཞེས་པའི་དོན་བཤད་ཟིན་ཏོ། །དེ་ནས་བཤང་སྒོའི་མེས་ལྟེ་བའི་ཨ་ཐུང་འབར་ཏེ། གཏུམ་མོའི་མེ་རྣམ་པ་གསལ་བ། རེག་བྱ་ཚ་བ། རང་བཞིན་མཉེན་པ་སྟེ། ཆོས་གསུམ་ལྡན་དུ་འབར་བས་ལྷ་རྣམས་མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟར་གསལ་ལ་མི་འཛིན་པའི་ངང་ནས་མེ་ཇེ་རིང་བཏང་ཞིང༌། ཁ་སྦྱོར་འོག་རླུང་ཅུང་ཟད་བརྟན་པས་བསྒོམས་ཏེ། དེ་ལས་གཙོ་ཆེར་གསལ་སྟོང་གི་ཡེ་ཤེས་སྐྱེ་སྟེ་གསང་དབང་གི་ལམ་མོ། །མར་མེའི་རྩེ་མོ་རབ་བཅིངས་དང༌། །ཞེས་པའི་དོན་བཤད་ཟིན་ཏོ། །དེ་ནས་ཡེ་ཤེས་ཀྱི་མེས་གཙུག་ཏོར་གྱི་འཁོར་ལོའི་ནུས་པས་ཧྃ་བཞུ་ནས། བྱང་ཆུབ་ཀྱི་སེམས་འཛག་པ་རིགས་གཉིས་ཏེ། མུ་ཏིག་གི་ཕྲེང་བ་ལྟ་བུ་དང༌། བ་ཐག་གི་ཕྲེང་བ་ལྟ་བུ་གཉིས་ལས། གང་མོས་ཀྱིས་བསྒོམས་ལ། དེ་ལས་གཙོ་ཆེར་བདེ་སྟོང་གི་ཡེ་ཤེས་སྐྱེའོ། །ཆུ་བོའི་རྒྱུན་ནི་རབ་འབབས་ལྟར། །ཞེས་པའི་དོན་ཏོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་ལམ་མོ། །རྟག་ཏུ་དེ་ཉིད་རྣལ་འབྱོར་པས། །ཉིན་དང་མཚན་དུ་མཉམ་པར་གཞག །ཅེས་པའི་དོན་ནི། དེ་ཐམས་ཅད་ཡབ་དང༌། ཡབ་ཀྱི་གསང་བའི་ཕྱག་མཚན་དང༌། ཡུམ་གྱི་ཁ་ཊྭཱྃ་ག་དང༌། དྭངས་མ་དང༌། རླུང་དང༌། སྣང་གསལ་རིག་བདེ་རྣམས་ནི་ཐབས་འགག་མེད་དམ་གཟུགས་སྐུ་ཡིན་ལ། ཡུམ་དང༌། ཡུམ་གྱི་གཡས་ཀྱི་ཕྱག་མཚན་དང༌། རྩ་དང༌། ཡི་གེ་དང༌། རང་བཞིན་སྟོང་པ་རྣམས་སྐྱེ་མེད་ཆོས་སྐུ་ཡིན་ལ། དེ་རྣམས་ཀྱིས་བསྐྱེད་པའི་རིམ་པ་རྣམ་ཤེས་ཚོགས་བརྒྱད་ཉོན་མོངས་རྣམ་རྟོག་གི་གཡའ་གང་གིས་ཀྱང་མ་གོས་པ། གཉུག་མ་བྱང་ཆུབ་ཀྱི་སེམས་དང༌། ཐོད་པ་དང་རུས་རྒྱན་རྣམས་ནི་སྐྱེ་འགགས་མེད། རང་སྟོང་ཕྱག་རྒྱ་ཆེན་པོ་ངོ་བོ་ཉིད་སྐུ་ཡིན་ནོ། །མདོར་ན་མ་དག་པ་སྲིད་པ་འཁོར་བའི་ཆོས། སྣོད་བཅུད་ཐམས་ཅད་དག་པ་ལྷ་དང་གཞལ་ཡས་ཁང་ཡིན་ཞིང༌། དེ་ཐམས་ཅད་ཀྱང་སྣང་བ་སྣང་སྟོང༌། གསལ་བ་གསལ་སྟོང༌། རིག་པ་རིག་སྟོང༌། བདེ་བ་བདེ་སྟོང༌། ཐམས་ཅད་རང་སྟོང་ཕྱག་རྒྱ་ཆེན་པོའི་རང་བཞིན་དུ་གདོད་ནས་དག་པའི་གཉུག་མ་དེར་ཤེས་ཀྱི་དྲན་པས་མ་ཡེངས་པ་ཙམ་བསྒོམ་པ་ཡིན་གྱི་བློས་བཅས་པས་བསྒོམ་དུ་མེད་དོ། །དེ་ལས་རང་གྲོལ་གྱི་ཡེ་ཤེས་སྐྱེ་སྟེ་དབང་བཞི་པའི་ལམ་མོ། །སྒོམ་མེད་སྒོམ་པ་པོའང་མེད། །ཅེས་དང༌། སྔགས་དང་ལྷ་ནི་ཡང་དག་གནས། །ཞེས་པའི་དོན་ནི་བཤད་ཟིན་ཏོ། །རིམ་པ་གཉིས་དབྱེར་མེད་དུ་བསྒོམ་པའི་མན་ངག་ཅེས་ཀྱང་བྱ། དབང་བཞིའི་ལམ་གདན་ཐོག་གཅིག་ཏུ་བསྒོམ་པའི་མན་ངག་ཅེས་ཀྱང་བྱ། གཉུག་མ་དྲན་གསལ་ཞེས་ཀྱང་བྱ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་ཐུགས་དམ་གྱི་བཅུད་རྗེ་འབྲོག་མི་ལ་གནང་བའོ། །མན་ངག་གི་གནད་ཐམས་ཅད་ཀྱང་བསྟན་ཟིན་ཏོ། །བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མས། ངག་གི་དབང་ཕྱུག་གྲགས་པ་ལ། རྗེ་འབྲོག་མི། མཁོན་དཀོན་མཆོག་རྒྱལ་པོ། བླ་མ་ཤངས་པ། མཁོན་ཀུན་དགའི་སྙིང་པོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ལོ་ཙཱ་བ་ཆེན་པོ། བླ་མ་ལུང་ཕུ་བ། བཀྲས་ལུང་བ། མཁས་གྲུབ་ཆོས་རྗེ་ལའོ།