རྟོགས་པ་བརྗོད་པ་སུམ་ཅུ་པའི་དོ་ཧ་རྡོ་རྗེའི་ཚིག་འབྲུ་རྣམ་པར་བཤད་པ།

From Damngak Dzö
Revision as of 11:33, 9 June 2025 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

DNZ-16-MA-025-005
Wylie title rtogs pa brjod pa sum cu pa'i do ha rdo rje'i tshig 'bru rnam par bshad pa DNZ-16-MA-025.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 16, Text 25, Subtext 5, Pages 567-582 (Folios 10a6 to 17b5)
Author ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་
Citation Khro phu lo tsA ba byams pa'i dpal. Rtogs pa brjod pa sum cu pa'i do ha rdo rje'i tshig 'bru rnam par bshad pa. In Gdams ngag rin po che'i mdzod, Vol. 16: 567-582. Kalimpong: Rigpe Dorje Publications, 2024.
Side notes Recto: man ngag   Verso: khrid thor bu ba'i skor
More details More details
Source Author(s) མི་ཏྲ་ཛོ་ཀི་ (Mitrayogin)
Genre Mahamudra - phyag rgya chen po  ·  Pith Instructions - man ngag
Colophon

།རྟོགས་པ་བརྗོད་པ་སུམ་ཅུ་པའི་དོ་ཧ་རྡོ་རྗེའི་ཚིག་འབྲུ་རྣམ་པར་བཤད་པ། དགེ་སློང་དཔལ་གྱི་མིང་ཅན་གྱིས་སྦྱར་བ་རྫོགས་སོ།།

rtogs pa brjod pa sum cu pa'i do ha rdo rje'i tshig 'bru rnam par bshad pa/__dge slong dpal gyi ming can gyis sbyar ba rdzogs so//

[edit]
༈ །རྗེ་བཙུན་སྐུ་དྲིན་ཅན་རྣམས་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་དབང་ཕྱུག་སྤྱན་རས་གཟིགས་དཔལ་དང༌། །ཤེས་རབ་མཐར་ཐུག་རོ་གཅིག་རལ་གཅིག་མས། །བྱིན་རླབས་གྲུབ་ཆེན་རྒྱལ་པོ་མི་ཏྲ་ཤྲཱིའི། །ཞབས་པད་རྡུལ་ལ་རབ་གུས་སྤྱི་བོས་འདུད། །རྣལ་འབྱོར་གྱི་དབང་ཕྱུག་བརྒྱད་ཅུ་རྩ་ལྔ་པ། དེའི་རྟོགས་པ་བརྗོད་པ་འདི་ནི་རེ་ཞིག་ཐོག་མ་ཁོ་ནར། གཙུག་ལག་ཆེན་པོ་དཔལ་ཁ་སར་པ་ཎིར་སྤྱན་རས་གཟིགས་དབང་ཕྱུག་ལོ་བཅུ་གཉིས་སུ་བསྒྲུབས་པའི་ཚེ། མཐར་རྡོ་རྗེའི་ཤིང་གཏན་སྐུ་ཁྲུས་ཀྱི་མེ་ལོང་དང་བཅས་པའི་སྟེང་དུ་འཇིག་རྟེན་མགོན་པོ་རྡོ་རྗེའི་སྐུ་བྱད་བསམ་གྱིས་མི་ཁྱབ་པའི་གཟི་བརྗིད་འབར་བ། ཁྲུ་དོ་མཛུབ་གང་ཙམ་གྱི་ཚད་དངོས་སུ་གཟིགས་ནས། དེས་སེམས་ངལ་སོས་པར་བྱེད་པའི་དོ་ཧ་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔ་པ་གསུངས་སོ༑ ༑དེའི་ཚེ་དེ་མ་ཐག་སྟོང་པ་དང༌སྙིང་རྗེ་ཟུང་དུ་འཇུག་པའི་རྟོགས་པ་བླ་ན་མེད་པ་འཁྲུངས་ཏེ། འོན་ཀྱང་སྤྱན་རས་གཟིགས་ཀྱི་སྐུ་གཟུགས་མི་སྣང་བར་གྱུར་པ་ལ་ཡིད་ལ་གདུང་བ་སྐྱེས་པ་ལས། ལར་ནང་དུ་རང་ལ་རང་གིས་བལྟས་ཏེ། མཉམ་པར་བཞག་པས། སྔར་ཐོབ་པའི་གསུང་དབྱངས། དོ་ཧ་རྡོ་རྗེའི་མགུར་གྱིས་ཉམས་མྱོང་སྐྱེད་པའི་མངོན་པར་རྟོགས་པ་ནི་དཔེར་ན་ཆུ་མཚོ་དྭངས་པ་ལས་ཟླ་བའི་གཟུགས་སམ། རྒྱས་བཏབ་པ་ལས་འབུར་བཞིན་དུ་གསལ་ཞིང་སྒྲིབ་པ་མེད་པར་སྣང་བ་དང༌། ཟག་པ་མེད་པའི་དགའ་བདེས་ཐུགས་ཚིམ་ཞིང་རངས་ཏེ། སྤང་ལ་ཤ་མོ་རྡོལ་བ་བཞིན། རྟོགས་པ་བརྗོད་པའི་ཚིག་ཤོ་ལོ་ཀ་སུམ་ཅུ་པོ་འདི་དག་ཐུགས་ལ་ཤར་ནས་ཞལ་དུ་ཕྱུང་བ་ཡིན་ནོ། །དེའང་དོན་གསུམ་གྱིས་ངེས་པར་བྱ་སྟེ། དང་པོ་བཀའ་དྲིན་དྲན་པའི་རྟོགས་པ་བརྗོད་པ་དང༌། བར་དུ་ངོ་འཕྲོད་པའི་རྟོགས་པ་བརྗོད་པ་དང༌། ཐ་མ་སྒྲུབ་པ་མཐར་ཕྱིན་པས་དོན་ཆེན་སྒྲུབ་པའི་རྟོགས་པ་བརྗོད་པའོ། །དང་པོ་ནི། རྡོ་རྗེ་འཛིན་པ་ཞེས་པ་ལ་སོགས་པས་བསྟན་ཏེ། སྤྱི་བོར་བླ་མའི་རྣལ་འབྱོར་དང་མ་བྲལ་བར། དམ་པ་གསུམ་ལྡན་གྱིས་གསོལ་བ་བཏབ་པས། བླ་མའི་བྱིན་རླབས་ཞུགས་ཤིང༌། ཆུ་སྐྱེས་ཞེས་པས་སྙིང་གར་ཡི་དམ་ལྷའི་རྣལ་འབྱོར་དང་མ་བྲལ་བསྐྱེད་རྫོགས་ཟུང་འབྲེལ་གྱི་བཟླས་སྒོམ་བར་མ་ཆད་ཀྱི་མཐུས། ཐུགས་རྗེ་ཆེན་པོའི་དངོས་གྲུབ་ཐོབ་པ་དང༌། འོད་ཟེར་རྒྱུན་གྱིས་ཞེས་པས། བླ་མ་དང་ལྷ་གཉིས་ཀ་ལས་གསལ་ཞིང་དྭངས་པའི་འོད་ཟེར་བྱུང་ནས། བདག་ལ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས་ཞེས་པ་དང༌། མཚན་མ་དང་སྣང་བའི་དྲི་མ་གསུམ་དག་པར་མཛད་པ་ངོ་མཚར་རྨད་དུ་བྱུང་སྟེ་ཐུགས་ལ་བཏགས་སོ། །ཞེས་བྱ་བའི་ཐ་ཚིག་གོ །གཉིས་པ་ནི། རྩ་བ་ངོ་འཕྲད་པའི་རྟོགས་པ་བརྗོད་པ་དང༌། ཡན་ལག་ངོ་འཕྲད་པའི་རྟོགས་པ་བརྗོད་པའོ། །དང་པོ་ནི། བརྟན་པའི་ལུས་ཞེས་པ་ལ་སོགས་པས་བསྟན་ཏེ། བསམ་གཏན་གྱི་ཕྱག་རྒྱ་བདུན་ལྡན་གྱིས། ལུས་རི་བོ་ལྟར་བརྟན་པར་བྱས་ནས་སེམས་མ་ཡེངས་མ་བཅོས་པ་ནམ་མཁའ་ལྟར་སྤྲོས་བྲལ་དུ་མཉམ་པར་བཞག་ཅིང༌། གཡོ་བའི་དབུགས་རྔུབ་པ་དང༌། དགང་བ་དང༌། གཞིལ་བ་དང་མདའ་ལྟར་གྱེན་དུ་འཕང་བའི་ཚུལ་སྦྱོར་བ་བཞི་ལྡན་གྱིས་ལྟེ་བར་བཅིངས་ཏེ། དེ་ལྟར་རྒྱུན་ཆགས་སུ་བསྒོམས་པས། རང་སེམས་མ་བཅོས་པའི་དོན་ཇི་ལྟར་གནས་པ་ངོ་འཕྲད་དོ་ཞེས་བྱ་བའི་དོན་ཏོ། །གཉིས་པ་ལ་གཉིས་ཏེ། ལམ་གཅིག་ཆར་བའི་སྒོ་ནས་རྟོགས་པ་བརྗོད་པ་དང༌། ལམ་རིམ་གྱིས་པའི་སྒོ་ནས་རྟོགས་པ་བརྗོད་པའོ། །དང་པོ་ནི། ཡིད་ནི་ཁྱབ་འཇུག་ཅེས་པ་ལ་སོགས་པ་སྟེ། ལམ་གཅིག་ཅར་བས་འཁྲུལ་འཁོར་ཉམས་སུ་ལེན་པ་ལས། རེ་ཞིག་ཡིད་ཀྱི་འཁྲུལ་འཁོར་རྒྱ་ཆེ་བས་ཐམས་ཅད་སྤྲོ་བ་ཁྱབ་འཇུག་ལྟ་བུ་དང་ཟབ་པ་རང་བཞིན་སྟོང་པ་ཉིད་ནམ་མཁའ་ལྟ་བུར་བསྒོམ་པའོ། །ལུས་ཀྱི་འཁྲུལ་འཁོར་ལ་འཁོར་ལོ་ལྔ་སྟེ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་དང༌། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་དང༌། སྙིང་ག་ཆོས་ཀྱི་འཁོར་ལོ། ལྟེ་བ་སྤྲུལ་པའི་འཁོར་ལོ་དང༌། གསང་བ་ལས་ཀྱི་འཁོར་ལོ་དང་ལྔའོ། །རྣམ་ཤེས་སྒོ་ལྔའི་རྟེན་དབང་པོ་ལྔ་ནང་དུ་བཅིངས་པས། རྣམ་ཤེས་ལྔ་ཤུགས་ལས་འཆིང་བའི་ཐབས་སོ། །ངག་གི་འཁྲུལ་འཁོར་སྲོག་སེམས་དང་རྩོལ་བ་རླུང་གཉིས། བྱང་སེམས་དཀར་དམར་ཉི་ཟླ་གཉིས་དབང་དུ་བྱེད་པ་ལ་མཁས་པའོ། །དེ་ལྟར་འཁྲུལ་འཁོར་གསུམ་དབང་དུ་བྱས་པས། བདེ་སྟོང་དབྱེར་མེད་ཀྱི་ཉམས་མྱོང་གིས་ལམ་གཅིག་ཅར་དུ་རྟོགས་པ་སྐྱེས་ཏེ། བདེ་ཆེན་རྡོ་རྗེ་ཞེས་སྨོས་སོ། །གཉིས་པ་ལམ་རིམ་གྱིས་པ་ལ་གསུམ་སྟེ། དབང་པོ་ཐ་མའི་དབང་དུ་བྱས་ཏེ་ཐུན་མོང་གི་རྟོགས་པ་བརྗོད་པ་དང༌། འབྲིང་གི་དབང་དུ་བྱས་ཏེ་ཐུན་མོང་མ་ཡིན་པའི་རྟོགས་པ་བརྗོད་པ་དང༌། རབ་ཀྱི་དབང་དུ་བྱས་ཏེ་ཁྱད་པར་གྱི་རྟོགས་པ་བརྗོད་པའོ། །དང་པོ་ལ་དགུ་སྟེ། སྣང་བ་རང་གྲོལ་གྱི་རྟོགས་པ་བརྗོད་པ་དང༌། ཐབས་འབར་འཛག་གི་དང༌། དུག་གསུམ་རྩ་བྲལ་གྱི་དང༌། གཏུམ་མོ་ཡེ་ཤེས་ཀྱི་དང༌། འཁོར་ལོ་གསུམ་འདུས་ཀྱི་དང༌། གཉིས་འཛིན་སོར་བཞག་གི་དང༌༑ རང་སེམས་མཁའ་མཉམ་གྱི་དང༌། བསླུ་བྲིད་ངོས་བཟུང་གི་དང༌། བདེ་ཆེན་ལམ་ཁྱེར་གྱི་རྟོགས་པ་བརྗོད་པའོ། །དང་པོ་ནི། དྲི་མ་ལྔ་ནི་ཞེས་པ་ལ་སོགས་པ་སྟེ། ཕྱི་ལྟར་ན་ཕུང་པོ་ལྔའི་ཉེས་པ་རྒྱལ་བ་རིགས་ལྔས་སྦྱང་བ་དང༌། ནང་ལྟར་ན་སྒོ་ལྔའི་རྣམ་ཤེས་ལྔའི་རང་ངོ་ཤེས་པས་སྦྱང་བ་དང༌། གསང་བ་ལྟར་ན་ཉོན་མོངས་པ་དུག་ལྔ་ཡེ་ཤེས་སུ་རང་དག་པར་ཤེས་པས་སྦྱངས་ཏེ། དེའི་དྲི་མའི་སྣང་བ་རང་སར་གྲོལ་བའོ། །ལུས་ལྷ་སྐུར་གྲོལ༑ ངག་སྔགས་སུ་གྲོལ། ཡིད་ཐུགས་སུ་གྲོལ་ཏེ། དེ་ནི་སྒོ་གསུམ་རང་སར་གྲོལ་བའོ། །གྲོལ་ལུགས་ནི་དེ་དག་མ་བཅོས། ཞེས་གསུངས་པས། གདོད་མ་ནས་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་དག་པས་བསྒོམ་བྱ་སྒོམ་བྱེད་ཡེ་སྟོང་ཡེ་བྲལ་ལོ། །གཉིས་པ་ནི། རྒྱ་མཚོའི་སྙིང་པོ་ཞེས་པ་ལ་སོགས་པ་སྟེ། རང་གྲོལ་རྟོགས་པའི་ཐབས་སུ། ལུས་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་གེ་གཉིས་ལས་འབར་འཛག་བསྒོམ་པ་སྟེ། རླུང་ལྟེ་བར་བཟུང་བས་དེ་འོག་རྒྱ་མཚོའི་སྙིང་པོ་བཾ་ཡིག་ལས་གཏུམ་མོ་ཡེ་ཤེས་ཀྱི་མེ་འབར་ནས་རི་རབ་ཀྱི་སྲོག་ཤིང་ཨ་ཝ་དྷཱུ་ཏིའི་སྦུགས་ནས་བརྒྱུད་དེ། ཚངས་དབང་གི་གཙུག་གི་ཧཾ་ཞུ་ནས་འཁོར་ལོ་ལྔའི་རྩ་སྦུགས་ཐམས་ཅད་གང་ཞིང་ཐིམ་པར་བྱས་པས། བདེ་གསལ་སྟོང་པའི་ཉམས་མྱོང་ངང་གིས་སྐྱེའོ། །དེ་ལས་ཐབས་ལས་བྱུང་བའི་ཐབས་བྲལ་རྟོགས་པ་འབྱུང་སྟེ། དེ་ལ་བལྟས་ན་ཡ་མཚན་ཆེའོ། །ཞེས་བྱའོ། །གསུམ་པ་ནི། གང་མ་རིག་པ་ཞེས་པ་ལ་སོགས་པ་སྟེ། སེམས་ཅན་ཐམས་ཅད་གང་གིས་འཆིང་བའི་རྒྱུ་ཉོན་མོངས་པ་དུག་གསུམ་ཡིན་པ་ལས། མ་རིག་པ་རང་ངོ་ཤེས་པས་ངོ་བོས་སྟོང་ཉིད་དུ་རྟོགས་པ་འཆར་ལ། འདོད་ཆགས་རང་ངོ་ཤེས་པས་ཀུན་ནས་དཀྲིས་པ་རང་སར་དག་སྟེ། བདེ་ཆེན་དུ་འབར་ཞིང༌། ཞེ་སྡང་རང་ངོ་ཤེས་པས། ཀུན་ཏུ་འཁྲུགས་པ་རང་སར་དག་ནས་འོད་གསལ་དུ་འགྱུར་བས་བཅིངས་པ་ཐམས་ཅད་རང་གྲོལ་དུ་རྟོགས་སོ། །ཞེས་བྱའོ༑ ༑བཞི་པ་ནི། ལྟེ་བའི་མར་མེས་ཞེས་པ་ལ་སོགས་པ་སྟེ། ལུས་ཐབས་མགལ་གྱི་ཕྱག་རྒྱ་བཅས་ལ། རླུང་བུམ་པ་ཅན་བཟུང་སྟེ། ཡིད་རྡོ་རྗེ་འབྲུ་གསུམ་ལ་བློ་ཁྲིད་ནས། ལྟེ་བའི་ཨ་ལས་གཏུམ་མོའི་མེས་རོ་སྨད་གང་བར་འབར་བས་འོད་གསལ་གྱི་ཉི་མ་འཆར། སྤྱི་གཙུག་གི་ཧཾ་ལས་བདུད་རྩིའི་རྒྱུན་བབས་པས་བདེ་ཆེན་འབབ། སྙིང་གའི་ཧྲཱིཿ འམ་ཧཱུྃ་ལ་རྩེ་གཅིག་ཏུ་ཡིད་གཏད་པས། མི་རྟོག་པ་ཤེས་རབ་ཀྱི་པདྨ་ཁ་ཕྱེ་བར་འགྱུར་བས་རང་ལུས་ལས་རང་གི་དངོས་གྲུབ་ཐོབ་བོ་ཞེས་བྱའོ། །ལྔ་པ་ནི། རྩ་གསུམ་ཞེས་པ་ལ་སོགས་པ་སྟེ། ལུས་ལ་རྩ་དབུ་མའི་མགོ་བོར། རོ་རྐྱང་གཉིས་ཀྱིས་སྤྱི་བོར་འཁྱུད་པ་བདེ་ཆེན་གྱི་འཁོར་ལོ་དང༌༑ སྙིང་གར་འཁྱུད་པ་ཆོས་ཀྱི་འཁོར་ལོ་དང༌། ལྟེ་བར་འཁྱུད་པ་སྤྲུལ་པའི་འཁོར་ལོ་དང་གསུམ་དབང་དུ་བསྡུས་པས། ཞོ་དཀྲོགས་པ་ལས་མར་གྱི་སྙིང་པོ་བཞིན་དུ། བྱང་སེམས་ཀྱི་རྩ་བ་དྭངས་མའི་ཐིག་ལེ་འདུས་ནས་དྷཱུ་ཏིར་མེ་ལོང་དྭངས་པ་ལ་གཟུགས་བརྙན་འཆར་བ་ལྟར་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་འཁྲུངས་སུ་སྐྱེ་བས། ཡེ་ཤེས་མིག་གཅིག་དྲི་མེད་དུ་འཆར་རོ། །ཞེས་བྱའོ། །དྲུག་པ་ནི། གཟུང་འཛིན་ཞེས་པ་ལ་སོགས་པ་སྟེ། ཡུལ་གཟུང་བ་ལ་བློ་འགྱུས་པ་དང༌། བློ་འཛིན་པ་མཚན་མར་ཞེན་པ་གཉིས་ཀ་རང་ངོ་རང་གིས་ཤེས་པས་གཉིད་སད་པའི་རྨི་ལམ་དང་རྨི་ལམ་གྱི་ཡུལ་གཉིས་ཀ་མ་གྲུབ་པར་ཐག་ཆོད་པ་ལྟར། གཟུང་འཛིན་གཉིས་སྤང་མ་དགོས་པར་རང་སར་དག་སྟེ། སྤྲིན་མེད་པའི་ནམ་མཁའ་ལ་ཉི་མ་ཤར་བ་ལྟར། རྟོགས་པའི་འོད་ཀྱིས་མ་རིག་པ་དང༌། ཡེ་ཤེས་གནས་དེར་ཡང་མི་གནས་ཤིང༌། གཞན་དུའང་མ་སོང་བས་ཤིན་ཏུ་ཟབ་པ་ཡིན་ནོ། །ཞེས་བྱ་བའོ། །བདུན་པ་ནི། འཇིག་རྟེན་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། འདི་ལྟར་སྣང་བའི་སེམས་ཅན་རྣམས་ནི། རང་སེམས་ནམ་མཁའ་དང་འདྲ་བས་བཅིངས་ལ། ནམ་མཁའ་དེའང་སྤྲིན་དང་འདྲ་བའི་འཁྲུལ་པས་བསྒྲིབས་པ་ལས། སྒྲིབ་བྱེད་རྟོག་པའི་སྤྲིན་རང་སངས་སུ་གྱུར་པས། མ་བཅོས་པ་ནམ་མཁའ་ལྟ་བུ་ལ་བཟང་ངན་གྱི་སྣང་བ་ཅི་ཡང་མི་འབྱུང་ངོ་ཞེས་བྱའོ། །བརྒྱད་པ་ནི། སྒྱུ་མས་ཞེས་པ་ལ་སོགས་པ་སྟེ། གཉེན་པོས་སྤང་བྱ་བཅོམ་པ་ནི། སྒྱུ་མའི་དམག་གིས་སྒྱུ་མའི་གྲོང་བཅོམ་པ་དང་འདྲ། ཉོན་མོངས་པ་སྟོང་པའི་སེམས་ཀྱིས་ཉོན་མོངས་ཅན་གྱི་སེམས་བསླུ་བ་སྟེ། འདིར་བླ་མའི་སྐུ་དྲིན་གྱིས་བསླུས་པའི་དུས་སུ་བསླུ་བ་མེད་པར་རྟོགས་པས། བསླུ་བྲིད་ཡེ་ཤེས་སུ་ངོས་ཟིན་ནོ། །ཞེས་བྱའོ། །དགུ་པ་ནི། འོག་ནི་ཞེས་པ་ལ་སོགས་པ་སྟེ། གསང་སྒོ་ལས་ཀྱི་འཁོར་ལོ་འོག་ཏུ་བསྡམ་ཞིང༌། བར་དུ་རྡོ་རྗེའི་རྒྱ་མདུད་ལྟེ་བར་བཅིངས་ལ༑ སྟེང་ཚངས་པའི་ཡི་གེ་གྱེན་དུ་བསྒྱུར་བས་གཞན་ལུས་ལ་མ་ལྟོས་པར་རང་ལུས་ལ་བདེ་སྟོང་དབྱེར་མེད་རྙེད་དོ་ཞེས་བྱའོ། །དེ་ལྟར་དགུ་ཕྲག་གཅིག་པོ་དེ་དག་ཀྱང་དབང་པོ་ཐ་མའི་ཐ་མ་དང༌། ཐ་མའི་འབྲིང་པོ་དང༌༑ ཐ་མའི་རབ་དང་གསུམ་གྱི་དབང་དུ་བྱས་ནས་རིམ་པ་ལྟར། ཚིག་ལེའུ་གསུམ་གསུམ་བརྗོད་པ་ཡིན་པར་ཤེས་པར་བྱའོ། །གཉིས་པ་དབང་པོ་འབྲིང་གི་དབང་དུ་བྱས་ཏེ་ཐུན་མོང་མ་ཡིན་པའི་རྟོགས་པ་བརྗོད་པ་ལ་ཡང་དགུ་སྟེ། སྒོ་གསུམ་ལས་ལ་སྦྱོར་བའི་རྟོགས་པ་བརྗོད་པ་དང༌། བརྟན་གཡོ་དབང་དུ་སྡུད་པའི་དང༌། ནམ་མཁའ་ངལ་གསོ་དང༌། རང་སེམས་རྡོ་རྗེ་ཀུན་རིག་གི་དང༌། སྙིང་པོ་བཅུད་ལེན་གྱི་དང༌། གང་ཤར་རྫུན་སྣང་གི་དང༌། འགལ་རྐྱེན་གཞི་བྲལ་གྱི་དང༌། སྙེམས་བྱེད་རང་སར་དག་པའི་དང༌། དུག་གསུམ་གནས་གྱུར་གྱི་རྟོགས་པ་བརྗོད་པའོ། །དང་པོ་ནི། ལུས་ཞེས་པ་ལ་སོགས་པ་སྟེ། ལུས་རྡོ་རྗེ་སྐྱིལ་ཀྲུང་རི་བོ་ལྟར་གཡོ་འགུལ་མེད་པ་དང༌། ངག་རླུང་རྒྱུན་རྐྱལ་པར་བསྡམ་པ་ལྟར་ནང་དུ་བཅིངས་པ་དང༌། སེམས་ནམ་མཁའི་དཀྱིལ་ལྟར་ཡེ་ཡོངས་སུ་ངོས་བཟུང་མེད་པ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ལ་མཉམ་པར་འཇོག་གོ ༑ཞེས་བྱའོ། །གཉིས་པ་ནི། ལུས་བརྟན་ཞེས་པ་ལ་སོགས་ཏེ། ལུས་ཐབས་མགལ་གྱི་ཕྱག་རྒྱས་ཤིང་རྟ་ཆས་སུ་བཅུག་པ་ལྟར་བཅའ། གཡོ་བ་དབུགས་ཀྱི་རེངས་བུ་སྲོག་ཤིང་དབུ་མའི་ནང་དུ་བཅུག་པས། འབྲལ་མེད་འོད་གསལ་གྱི་ཏིང་ངེ་འཛིན་རང་དབང་དུ་གྱུར་པས་འཆི་མེད་ནམ་མཁའ་ལྟ་བུའི་དངོས་གྲུབ་ཐོབ་བོ། །ཞེས་བྱ་བའོ། །གསུམ་པ་ནི། ནམ་མཁའི་ཞེས་པ་ལ་སོགས་ཏེ་ནང་རྣམ་པར་མི་རྟོག་པ་ནམ་མཁའི་ངང་དུ་ངལ་གསོ། ཕྱི་ཡང་དག་ལྷའི་རྣལ་འབྱོར་བདེ་བ་ཆེན་པོའི་ངང་དུ་ངལ་གསོ། བདེ་སྟོང་ཟུང་འཇུག་ལྷན་ཅིག་སྐྱེས་པའི་གདངས་གསལ་བ་འོད་གསལ་གྱི་ངང་དུ་ངལ་གསོ། ངལ་གསོ་གསུམ་གྱིས་འཁོར་བ་ཐོག་མེད་ནས་དུབ་པ་རང་སངས་སུ་གྱུར་ཏོ། །ཞེས་བྱ་བའོ། །བཞི་པ་ནི། རྡོ་རྗེ་འཛིན་ཞེས་པ་ལ་སོགས་པ་སྟེ། དང་པོ་མ་བཅོས་པར་གློད་པས་རྡོ་རྗེ་འཆང་རང་འཁྲུངས་སུ་སྐུ་བལྟམས། དེ་ཉིད་ཀྱི་ངང་ལས་སྣ་ཚོགས་སུ་སྣང་བ་རྡོ་རྗེ་རྒྱལ་པོ་ཆོས་ཉིད་ཡུལ་ལ་ཁ་འབྱམས། གང་སྣང་ཐམས་ཅད་རང་སར་གྲོལ་བས། རྡོ་རྗེ་སེམས་དཔའ་སེམས་དཔའ་སྟོང་སྟེ། དེ་ཉིད་ཀུན་རིག་ཏུ་སངས་རྒྱས་སོ། །ཞེས་བྱ་བའོ། །ལྔ་པ་ནི། མེ་ཏོག་ཅེས་པ་ལ་སོགས་པ་སྟེ། གཞན་ལུས་མེ་ཏོག་ལྟ་བུ་ལས་བདེ་སྟོང་སྦྲང་རྩི་ལྟ་བུར་བླང༌། རང་སེམས་ཆབ་རོམ་ལྟ་བུ་ལ་སྟོང་ཉིད་ཆུར་ཞུ་བ་ལྟ་བུར་གོམས་པར་བྱ། ལུས་ལ་ལུས་མེད་ཀྱི་བདེ་གསལ་ཟུང་འཇུག་གིས་སྨན་བཅུད་ཀྱིས་ལེན་ལྟ་བུ་བསྒྲུབ་པས། རང་སེམས་རང་གིས་རང་མཐོང་བ་མེད་པའི་ཚུལ་གྱིས་མཐོང་བས་ཆོས་ཉིད་མཐོང་བ་མཐར་ཐུག་ཏུ་འགྱུར་རོ། །ཞེས་བྱ་བའོ། །དྲུག་པ་ནི། ཆུ་ནང་ཞེས་པ་ལ་སོགས་པ་སྟེ། གང་ཤར་ཤར་གྱི་ངོ་བོ་སུས་ཀྱང་མ་བསྐྱེད་པ་ཆུ་ནང་གི་སྐྱེས་བུ་ལྟ་བུ། དེའི་རྟེན་དབང་པོ་ལ་བདག་མེད་པ་རྨི་ལམ་གྱི་གྲོང་ཁྱེར་ལྟ་བུ། ཤར་བ་གནས་ཀྱི་རྟེན་དང་བྲལ་བ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་རྟོགས་པས་སྐྱེ་འགྲོ་ཐམས་ཅད་བརྫུན་སྣང་དུ་ཐག་ཆོད་དོ། །ཞེས་བྱ་བའོ། །བདུན་པ་ནི། གང་ན་ཞེས་པ་ལ་སོགས་པ་སྟེ། ཆོས་ཐམས་ཅད་མི་གནས་པའི་ཡུལ་མེད་པ་རྨི་ལམ་གྱི་སྐྱེས་བུ་ལྟ་བུ། སྐྱེ་བའི་རྒྱུ་མེད་པ་སྒྱུ་མའི་ལོག་རྟོག་ལྟ་བུ༑ འགག་པའི་དུས་མེད་པ་རྨི་ལམ་གྱི་མར་མེ་ལྟ་བུ། ནམ་མཁའ་ཐམས་ཅད་རང་བཞིན་གྱིས་སྟོང་པར་རྟོགས་པས་འགལ་རྐྱེན་བར་ཆད་ཀྱི་འཇིགས་པ་མེད་དོ། །ཞེས་བྱ་བའོ། །བརྒྱད་པ་ནི། འདི་དག་ཅེས་པ་ལ་སོགས་པ་སྟེ། ཡུལ་བདེན་བརྫུན་གང་ཡང་སྣང་སྟོང་དང༌། རིག་པའི་བདེ་སྡུག་གང་ཤར་ཡང་རིག་སྟོང་ཡིན་པས། ཡུལ་སྣང་བ་གང་དེར་ཀྱང་ཤེས་སྙམ་ཡིན་ལ། བློ་རིག་པས་ཅི་རིག་ཀྱང་རིག་སྙམ་དུ་ཐག་ཆོད་དེ། སྙམ་པ་དེ་ཉིད་སྙམ་པས་སྟོང་པས་བྱེད་རང་སར་དག་གོ་ཞེས་བྱ་བའོ། །དགུ་པ་ནི། སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་སྟེ། ཉོན་མོངས་པ་ཞེ་སྡང་ཉི་མ་ལྟར་འོད་གསལ་བས་འོད་གསལ་རྡོ་རྗེར་གནས་གྱུར་པ་དང༌༑ འདོད་ཆགས་ཟླ་བ་ལྟར་བདེ་ཉམས་ཀྱིས་སྣང་བས་བདེ་ཆེན་རྡོ་རྗེར་གནས་གྱུར་པ་དང༌། གཏི་མུག་སྒྲ་གཅན་འཛིན་ལྟར་མི་རྟོག་པས་ཆོམས་པས་རྟོག་མེད་རྡོ་རྗེ་འཆང་དུ་གནས་གྱུར་ཏོ། །ཞེས་བྱ་བའོ། །དགུ་ཕྲག་གཅིག་པོ་འདི་དག་ཀྱང༌། དབང་པོ་འབྲིང་གི་དབང་དུ་བྱས་ནས། དབང་པོ་འབྲིང་གི་ཐ་མ་དང༌། འབྲིང་གི་འབྲིང་དང༌། འབྲིང་གི་རབ་གསུམ་ལ་རིམ་པ་ལྟར། ཚིག་ལེའུ་བྱས་པ་གསུམ་གསུམ་སྦྱར་བར་བྱའོ། །གསུམ་པ་དབང་པོ་རབ་ཀྱི་དབང་དུ་བྱས་ཏེ་ཁྱད་པར་གྱི་རྟོགས་པ་བརྗོད་པ་དགུ་སྟེ། དཔེ་དྲུག་ཐབས་ལྡན་གྱི་རྟོགས་པ་བརྗོད་པ་དང༌། མཚན་མ་རང་གྲོལ་དང༌། ཐབས་ཀྱི་ཐབས་ལྡན་གྱི་དང༌། འཛིན་པ་རང་སར་དག་པའི་དང༌། ཡི་གེ་དང་ཡི་གེ་མེད་པའི་དང༌། འགྲོ་གནས་འགག་མེད་ཀྱི་དང༌། རང་སེམས་གཏེར་རྙེད་ཀྱི་དང༌། སྒྱུ་མ་བདེན་བྲལ་གྱི་དང༌། སྒྱུ་མ་སྒྱུ་བྲལ་གྱི་རྟོགས་པ་བརྗོད་པའོ། །དང་པོ་ནི། ནམ་མཁའི་ཞེས་པ་ལ་སོགས་པ་སྟེ། དཔེ་དྲུག་ལས། དང་པོ་ནི། ནམ་མཁའ་སྟོང་པ་ལས་སྤྲིན་གློ་བུར་དུ་བྱུང་བ་ལྟར། ཆོས་ཉིད་སྟོང་པ་ལས་རྣམ་རྟོག་གློ་བུར་དུ་བྱུང་བའོ། །གཉིས་པ་རྒྱ་མཚོ་ལས་རྦ་རླབས་བྱུང་ཡང་རྦ་རླབས་དེ་ཉིད་དུ་ཐིམ་པ་ལྟར། སྐྱེ་མེད་ལ་སྐྱེ་བའི་ཉམས་ཅི་སྣང་ཡང་དེ་ཉིད་དུ་ཐིམ་པའོ། །གསུམ་པ་མེ་ཏོག་ལས་སྦྲང་རྩི་བླང་དུ་ཡོད་པ་ལྟར་ལུས་ལ་བདེ་སྟོང་བླང་དུ་ཡོད་པའོ། །བཞི་པ་ག་བུར་དང་དྲི་དབྱེར་མེད་པ་ལྟར་སྣང་བ་དང་སྟོང་པ་དབྱེར་མེད་པའོ། །ལྔ་པ་མེ་ལོང་དྭངས་པ་ལ་གཟུགས་ཤར་བ་ལྟར། རིག་པ་དྲི་མ་མེད་པས་རིག་ཆོས་སྣ་ཚོགས་སུ་འཆར་བའོ། །དྲུག་པ་ཤེལ་དཀར་པོ་གཞན་གྱི་ཁ་དོག་གིས་མི་འགྱུར་བ་ལྟར་མ་བཅོས་པ་རྐྱེན་སྟོབས་ཀྱིས་གཞན་དུ་མི་འགྱུར་བ་སྟེ། དཔེ་དྲུག་གི་ཐབས་ལྡན་རྟོག་མི་རྟོག་དབྱེར་མེད་དུ་རྟོགས་སོ། །ཞེས་བྱ་བའོ། །གཉིས་པ་ནི། འགྲོ་བ་ཞེས་པ་ལ་སོགས་ཏེ། སྐྱེ་འགྲོ་མཐོ་རིས་དང༌། ངན་སོང་བའི་བདེ་སྡུག་ཐམས་ཅད་ནི་ལས་ལས་སྐྱེས་ལ། ལས་དཀར་ནག་ནི་ཉོན་མོངས་པ་ལས་བྱུང༌། དེའི་རྒྱུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པའི་མཚན་མ་ཡིན་ཏེ། མཚན་མ་དེ་ཉིད་རང་ངོ་ཤེས་ན་མཚན་མེད་ཡིན་པས། བདག་གིས་མཚན་མ་དེ་རང་སར་གྲོལ་བར་རྟོགས་སོ། །ཞེས་བྱ་བའོ། །གསུམ་པ་ནི། རྟོགས་པའི་གླང་ཆེན་ཞེས་པ་ལ་སོགས་པ་སྟེ། ཐབས་ཀྱི་ཁྱད་པར་བཞིས་ཐབས་ལྡན་གྱི་ཉམས་མྱོང་བདེ་བླག་ཏུ་བསྐྱེད་པ་སྟེ། ཡུལ་སྣ་ཚོགས་ལ་འཕྲོས་པའི་རྟོག་པ་རྟོག་མཁན་རང་ངོ་ཤེས་པས་དགུག་པ་གླང་པོ་ཆེ་ལྕགས་ཀྱུས་བཀུག་པ་ལྟ་བུ་དང༌། རང་ལུས་གཞན་ལུས་ཀྱི་བདེ་བས་ཉམས་མྱོང་གི་རྟེན་བྱེད་པ་མེ་ཏོག་གི་རྩི་ཡིས་བུང་བ་བསྡུད་པ་ལྟ་བུ་དང་། འོད་གསལ་གྱི་ཏིང་ངེ་འཛིན་བདེ་བ་ཆེན་པོའི་ངང་དུ་བརྩེ་བ་ངང་པ་མཚོ་ན་བརྩེ་བ་ལྟ་བུ། གསོལ་འདེབས་ཀྱིས་བར་ཆད་སེལ་ཞིང་རྟོགས་པའི་པདྨ་ཁ་འབྱེད་པ་ཉི་ཟེར་གྱིས་འདམ་སྐྱེས་ཁ་འབྱེད་པ་ལྟ་བུ། ཐབས་ཀྱིས་ཐབས་ལྡན་ལམ་དུ་སློང་བའི་མན་ངག་བདག་གིས་རྟོགས་སོ་ཞེས་བྱའོ། །བཞི་པ་ནི། ཡིད་ཀྱི་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་ཁྱད་པར་གྱི་ཐབས་བཞི་པ། ཐབས་ལྡན་གྱི་ཉམས་མྱོང་གོམ་པའི་ཕན་ཡོན་མངོན་སུམ་དུ་འབྱུང་སྟེ། གླང་ཆེན་ལྕགས་ཀྱུས་བཀུག་པ་ལྟ་བུའི་ཐབས་ཀྱིས། རིག་པ་རང་གསལ་གྱི་མར་མེས་ཡིད་ཀྱི་མུན་པ་སེལ། བུང་བ་སྦྲང་རྩིས་སྡུད་པ་ལྟ་བུའི་ཐབས་ཀྱིས་བདེ་བའི་སྦྲང་རྩི་མི་རྟོག་པའི་བུང་བས་འཇིབ། ངང་པ་མཚོ་ནང་ན་རྩེ་བ་ལྟ་བུའི་ཐབས་ཀྱིས་འཛིན་པའི་རྦ་རླབས་རྒྱ་མཚོར་ཐིམ། པདྨ་ཉི་ཟེར་གྱིས་འབྱེད་པ་ལྟ་བུའི་ཐབས་ཀྱིས་བདེ་སྡུག་གི་སྤྲིན་ཚོགས་སྤྲོས་བྲལ་གྱི་ནམ་མཁར་དེངས་ཞེས་བྱ་བའོ། །ལྔ་པ་ནི། ཡི་གེ་གསུམ་ཞེས་པ་ལ་སོགས་པ་སྟེ། ཡི་གེ་གསུམ་ནི། ཨ་དང༌། ས་དང༌། ཀ་དང་གསུམ་སྟེ། ཨ་ཨ་མ་ནི་ཞེས་རྟོགས་བྱེད་ཀྱི་བློ་ཡིད་ལ་བྱེད་པ་དང་བྲལ་བའོ། །པ་པ་ར་མཱརྠ་ཞེས་པ་རྟོགས་བྱ་དོན་དུ་མ་གྲུབ་པ་དོན་དམ་པ་སྟོང་པ་ཉིད། ཀ་ཀརྫ་ཞེས་པ། རྟོགས་བྱེད་བློ་ཡིས་རྟོགས་བྱའི་དོན་རྟོགས་པ་གྲུབ་པའི་འབྲས་བུས་མཚན་མ་རང་སར་གྲོལ་བ་སྟེ། དེ་ལྟར་ཡི་གེ་གསུམ་གྱིས་ཡི་གེ་མེད་པར་བསྟན་པས་ཡི་གེའི་རྒྱལ་པོ་ཡི་གེ་མེད་པར་བདག་གིས་རྟོགས་ཞེས་བྱ་བའོ། །དྲུག་པ་ནི། གང་དུ་ཞེས་པ་ལ་སོགས་པ་སྟེ། རྨི་ལམ་གྱི་མ་ཤི་བ་གང་དུ་ཡང་འགྲོ་རྒྱུ་མེད་པ་ལྟར་རྣམ་རྟོག་ཐམས་ཅད་ཡུལ་དང༌། ཡུལ་དུས་འདི་ནས་ཡུལ་དུས་གཞན་དུ་འགྲོ་རྒྱུ་མེད་ལ། རྨི་ལམ་གྱི་ཕ་ཝང་ལ་གནས་མེད་པ་ལྟར་རྣམ་རྟོག་ལའང་ཕྱི་ནང་བར་གསུམ་གྱི་གནས་མེད་ཅིང༌། གང་མི་གནས་པ་ཆོས་ཀྱི་དབྱིངས་ཡིན་པས་ནམ་མཁའ་འགག་པ་མེད་པ་ལྟར་རྣམ་རྟོག་ལ་འགག་པ་མེད་དེ། དེ་ལྟར་འགྲོ་གནས་འགག་མེད་གསུམ་གྱི་དོན་བདག་གིས་རྟོགས་སོ། །ཞེས་བྱ་བའོ། །བདུན་པ་ནི། རྟག་ཏུ་ཞེས་པ་ལ་སོགས་པ་སྟེ། གཏི་མུག་གཏི་མུག་གིས་རྣམ་པར་དག་པས་སྒྲིབ་པ་མེད་པའི་གཏེར་ཆེན་ཡིན་ཏེ། གཏི་མུག་གི་བྱེད་པ་མི་ཤེས་པར་སྒྲིབ་པ་ཡིན་ལ། རྨི་ལམ་གྱི་མུན་པ་ལྟར་བསྒྲིབས་པའི་དུས་སུ་སྒྲིབ་མཁན་མེད་པའི་ཕྱིར་རོ། །ཁོང་ཁྲོ་ཁོང་ཁྲོས་རྣམ་པར་དག་པ་འཁྲུགས་པ་མེད་པའི་གཏེར་ཆེན་ཡིན་ཏེ། ཁོང་ཁྲོའི་བྱེད་པ་སེམས་ཀུན་ནས་འཁྲུགས་པ་ཡིན་པ་ལ། སྒྱུ་མའི་མེ་ལྕེ་འཁྲུགས་པ་བཞིན་དུ་འཁྲུགས་པའི་དུས་སུ་འཁྲུགས་མཁན་མེད་པའི་ཕྱིར་རོ། །བག་ཆགས་སམ་འདོད་ཆགས་ཀྱིས་རྣམ་པར་དག་པ་ཞེན་ཅིང་དཀྲིས་པ་མེད་པའི་གཏེར་ཆེན་ཡིན་ཏེ། འདོད་ཆགས་ཀྱི་བྱེད་ལས་ཞེན་ཅིང་དཀྲིས་པ་ཡིན་པ་ལ་སྦྲུལ་མདུད་པ་རང་སར་གྲོལ་བ་བཞིན་དུ། དཀྲིས་པའི་དུས་སུ་དཀྲི་མཁན་མེད་པའི་ཕྱིར་རོ། །དུག་གསུམ་རྣམ་དག་དེ་ཉིད་ཞི་བ་མྱང་འདས་ཀྱི་གཏེར་ཡིན་པས། དེ་ཉིད་གཞན་ན་ནི་མེད་ཀྱི་རང་ལ་ཡོད་པ་ཤེས་པར་གྱིས་ཤིག །ཅེས་བྱ་བའོ། །བརྒྱད་པ་ནི། འཇིག་རྟེན་པ་ཞེས་པ་ལ་སོགས་པ་སྟེ། འདི་ལྟར་སྣང་བའི་འཇིག་རྟེན་ནི་སྒྱུ་མ་ལྟ་བུའི་ལས་ཀྱིས་བསྒྲུབ་ལ། སྒྱུ་མའི་ལས་དེའང་སྒྱུ་མ་ལྟ་བུའི་ཡིད་ཀྱིས་བསྒྲུབས་ཏེ། རྐུན་པོ་ངོས་ཟིན་ན་དེས་རྐུ་མི་ནུས་པ་ལྟར། སྒྱུ་མར་ཤེས་པས་བདེན་ཞེན་ལོག་པ་ནི་སྡུག་བསྔལ་རང་སར་ལྡོག་གོ །ཞེས་བྱ་བའོ། །དགུ་པ་ནི། སྒྱུ་མར་རྟོགས་ཞེས་པའི་ཚིག་རྐང་གཉིས་ཏེ། ཤེས་རབ་ཟབ་མོས་སྒྱུ་མར་རྟོགས་པས་བདེན་རྟོག་དང་བྲལ་ལ། སྙིང་རྗེ་ཆེན་པོས་སྒྱུ་མ་ཙམ་ཡང་མི་གནས་ཏེ། སེམས་ཅན་གྱི་དོན་རྒྱ་ཆེར་བྱེད་པས་ཤེས་རབ་དང་སྙིང་རྗེ་ཟུང་འཇུག་སྒྲུབ་པ་ལ་མཁས་སོ། །ཞེས་བྱ་བའོ། །དགུ་ཕྲག་གཅིག་པོ་འདི་དག་ཀྱང༌། སྐྱེས་བུ་དབང་པོ་རབ་ཀྱི་དབང་དུ་བྱས་ཏེ། དབང་པོ་རབ་ཀྱི་ཐ་མ་དང༌། རབ་ཀྱི་འབྲིང་དང༌། རབ་ཀྱི་རབ་རྣམས་ལ་གོ་རིམ་ལྟར། ཚིག་ལེའུར་བྱས་པ་གསུམ་གསུམ་སྦྱར་བ་ཡང་ཤེས་པར་བྱའོ། །སྤྱི་དོན་གསུམ་པ་སྒྲུབ་པ་མཐར་ཕྱིན་པས་དོན་ཆེན་གྲུབ་པའི་རྟོགས་པ་བརྗོད་པ་ནི། མི་གནས་ཞེས་པའི་ཚིག་རྐང་གཉིས་ཏེ། སྔར་སྨོས་པ་ལྟར་ཤེས་རབ་དང་སྙིང་རྗེ་ཟུང་འཇུག་གི་རྟོགས་པ་སྐྱེས་པས། ཡུན་རིང་པོ་ནས་བསྒྲུབས་པའི་འབྲས་བུས་ད་གདོད་མཐར་ཕྱིན་ཏེ། ཐབས་ཤེས་རབ་གཉིས་ཀྱིས་འཁོར་འདས་གཉིས་ལ་མི་གནས་པར། རང་དོན་དང་གཞན་དོན་ཕུན་སུམ་ཚོགས་པས། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་བརྙེད་པ་དང་མཚུངས་སོ་ཞེས་བྱ་བའོ། །འཇིག་རྟེན་མགོན་པོས་རྣམ་འདྲེན་རྒྱལ་པོ་ལ། །དོ་ཧ་རྡོ་རྗེའི་གླུ་གསུངས་དེ་མ་ཐག །རྒྱ་ལས་འབུར་བཞིན་ཐུགས་ལ་ལེགས་འཁྲུངས་ཉམས། །རྟོགས་བརྗོད་སུམ་ཅུའི་རྣམ་བཤད་མདོ་ཙམ་བཀྲོལ། །དགེ་བ་འདི་ཡིས་རྗེས་འཇུག་སྙིང་དཀྱིལ་དུ། །ལྷན་ཅིག་མ་རིག་འཐིབ་པོའི་མུན་བསལ་ནས། །དེ་རྗེས་མཁའ་ཁྱབ་མ་རྣམས་རང་རིག་ལའང༌། །རང་བྱུང་མངོན་རྟོགས་དྲི་མེད་འབར་བར་ཤོག །རྟོགས་པ་བརྗོད་པ་སུམ་ཅུ་པའི་དོ་ཧ་རྡོ་རྗེའི་ཚིག་འབྲུ་རྣམ་པར་བཤད་པ། དགེ་སློང་དཔལ་གྱི་མིང་ཅན་གྱིས་སྦྱར་བ་རྫོགས་སོ།། །།