DNZ-17-TSA-014-002

From Damngak Dzö
Revision as of 11:01, 29 May 2025 by Jeremi (talk | contribs)

DNZ-17-TSA-014-002
Wylie title
Location gdams ngag rin po che'i mdzod
Volume 17, Text 14, Subtext 2, Pages (Folios to )
Author འཇམ་མགོན་ཀོང་སྤྲུལ་
Citation
Side notes  
More details More details
Genre
[edit]
༈ །འཕོ་བའི་ཞལ་ཤེས་བཀའ་རྒྱ་མ་ཤིན་ཏུ་གསང་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་ཝཱ་ར་ཧཱི། གསེར་ཆོས་འཕོ་བ་འཇག་ཚུགས་མའི་གདམས་པ་ལ་གཉིས་ཏེ། ཡིད་ཆེས་བསྐྱེད་པའི་ཕྱིར་ལོ་རྒྱུས་དང༌། ལོ་རྒྱུས་དེ་ལྡན་གྱི་གདམས་པ་དངོས་སོ། །དང་པོ་ནི། གཞན་དུ་ཤེས། གཉིས་པ་ཡི་གེ་མེད་པའི་སྙན་བརྒྱུད་ཀྱི་གདམས་པ་ཟབ་མོ་གུད་དུ་སྦས་པ་ལ། སྦྱང་བ་དང༌༑ ལས་ལ་སྦྱར་བའོ། །དང་པོ་ནི། སྐྱབས་སེམས་སྔོན་དུ་འགྲོ་བས། མདུན་གྱི་ནམ་མཁར་པདྨ་དང་ཉི་མ་རོའི་གདན་གྱི་སྟེང་དུ། ངོ་བོ་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག་ནམ་མཁར་འཕྱར་ཞིང་གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། གྲུ་མོ་གཡོན་ན་ཁ་ཊྭཱཾ་ག་འཛིན་པ། དབུ་སྐྲ་སིལ་བུར་གྲོལ་བ། སྤྱན་གསུམ་དང་ལྡན་པ། ཞལ་མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་པ། ཞབས་གཡས་བསྐུམ་པའི་རྟིང་པ་བྷ་ག་ལ་གཏད་པ། གཡོན་འགྱིང་བའི་ཚུལ་གྱིས་བཞུགས་པ། དེ་ཉིད་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་ཀྱི་ངོ་བོར་ཡེ་གདོད་མ་ནས་གྲུབ་པར་བསམས་ལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་འཛིན་བློ་ཡིས་ཐོངས་པར་བྱིན་གྱིས་རློབས་ཤིག །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན༴ ལམ་མཆོག་འཕོ་བ་འབྱོངས་པར༴ འཆུགས་མེད་མཁའ་སྤྱོད་འགྲུབ་པར༴ ཞེས་ཇི་ཙམ་འོས་པ་སྐབས་དང་བསྟུན། དེ་ནས་རང་དང་བླ་མའི་མདུན་དུ་ཐོད་པའི་སྒྱེད་པུ་གསུམ་བྱུང་བར་བསམ། བླ་མའི་ཐུགས་ཀ་ནས་རྣལ་འབྱོར་མ་གྲི་ཐོད་ཐོགས་པ་གཅིག་བྱུང་ནས། ཕཊ། ཅེས་བརྗོད་ཅིང་གཡས་པའི་གྲི་གུག་གིས་རང་གི་སྨིན་མཚམས་ནས་བཅད་དེ་སྒྱེད་པུའི་སྟེང་དུ་བཞག་པས། ཐོད་པ་ཕྱི་དཀར་ལ་ནང་དམར་བ་རྒྱ་ཁྱོན་ཤིན་ཏུ་ཆེ་བ་གཅིག་བྱུང་བར་བསམ། ཕཊ། ཅེས་བརྗོད་པས་རང་གི་རྐེད་པ་ཡན་ཆད་བཅད་དེ་ཐོད་པའི་ནང་དུ་བསྐྱུར། ཕཊ། ཅེས་བརྗོད་པས་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་གྱུར། ཕཊ། ཅེས་བརྗོད་པས་ཐོད་ཕོར་གྱིས་བཅུས་ཏེ་བླ་མ་ལ་ཕུལ་བས་བཞེས་ཤིང་དགྱེས་པར་བསམ། ཕཊ། ཅེས་བརྗོད་པས་རྣལ་འབྱོར་མ་དེ་ཉིད་བླ་མའི་ཐུགས་ཀར་ཐིམ་པར་གྱུར། མདུན་གྱི་བླ་མ་དེ་ཉིད་ཡེར་གྱིས་བྱོན་ནས། རང་གི་མཁལ་ཁུང་གཉིས་ལ་ཞབས་བཞག་སྟེ་བཞུགས་པར་བསམ། རང་ལུས་ཀྱི་ལྟེ་བའི་འོག་ཙམ་ནས་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། སྦོམ་ཕྲ་སྦ་ལྕག་ཙམ་པ། དེའི་ཡར་སྣ་བླ་མ་རྣལ་འབྱོར་མའི་བྷ་གའི་ནང་དུ་ཚུད་ནས་བླ་མའི་དབུ་མ་དང་ཟུང་དུ་འབྲེལ་བ། མར་སྣ་ ཆོས་འབྱུང་སྔོན་པོའི་ནང་དུ་ཟུག་པར་བསྒོམས་ཀྱང་རུང་གསུངས། ཟླ་བའི་དཀྱིལ་འཁོར་གྱིས་བཀག་པའི་སྟེང་དུ་རང་གི་རྣམ་པར་ཤེས་པའི་ངོ་བོ། ཨ་ཡིག་ ཐིག་ལེ་དཀར་པོ་བསྒོམས་ཀྱང་རུང་གསུངས། དཀར་པོ་འཕར་ལ་ཁད་པ། འཕུར་ལ་ཁད་པར་བསམ། ངག་ཏུ་ཨཱིའམ་ཧིཀ྄་ཅེས་བརྗོད་པས། ཨ་ཡིག་དེ་ཧྲིལ་གྱིས་དབུ་མའི་ནང་ནས་ཡར་སོང་སྟེ། བླ་མའི་ཐུགས་ཀའི་ཧཱུྃ་ལ་ཁྲུག་གིས་འདྲེས་པས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་འདྲེས་པར་བསམ། ཀ་ཞེས་བརྗོད་པས་ཨ་ཡིག་དེ་མར་བྱོན་ཟླ་དཀྱིལ་གྱི་སྟེང་དུ་སྔགས་བཞིན་གནས་པར་བསམ། དེ་ལྟར་གང་མང་སྦྱང༌། ཐུན་འཇོག་ཁར། བླ་མ་འོད་དུ་མེར་གྱིས་ཞུ་ནས་རང་གི་དབུ་མའི་ནང་ནས་མར་བྱོན། རྣམ་ཤེས་ཀྱི་ངོ་བོ་ཨ་ཡིག་ལ་ཐིམ་པས། བླ་མའི་སྐུ་གསུང་ཐུགས་དང་རང་གི་རྣམ་པར་ཤེས་པ་དབྱེར་མེད་པ་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསམ་ཞིང༌། རང་གི་ལུས་སྟོད་ཀྱང་སྔར་བཞིན་སོས་པར་བསམ་ལ་བསྔོ་སྨོན་ཤིས་བརྗོད་སོགས་བྱའོ། །གཉིས་པ་ལས་ལ་སྦྱར་བ་ལའང༌། རང་དོན་དང༌། གཞན་དོན་གཉིས་ལས། དང་པོ་ནི། དུས་ལ་ངེས་པར་བབས་པའི་ཚེ། དམིགས་པ་གཞན་འདྲ་བ་ལ། གསོལ་འདེབས་དུས། ལམ་མཆོག་འཕོ་བ་ཐེབ་པར་བྱིན་གྱིས་རློབས། །ཅེས་དང༌། ཨ་ཡིག་འགྲོ་ལྡོག་ལན་གསུམ་ཙམ་ནས། བླ་མའི་ཐུགས་ཀའི་ཧཱུྃ་དང་དབྱེར་མེད་དུ་གྱུར་པར་བསམས་ལ། ཕཊཿ ཅེས་བརྗོད་པས། བླ་མ་རྡོ་རྗེ་རྣལ་འབྱོར་མ་དེ་ཉིད་ཕུག་རོན་རྒྱ་མཐོང་ནས་འཕུར་བ་བཞིན་རྐྱང་གིས་ཐོན་ཏེ། བདེ་བ་ཅན་སོགས་གང་འདོད་དུ་གཤེགས་པར་བསམས་ལ་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་བཞག་གོ །གཉིས་པ་ནི། སྐྱབས་སེམས་ནས་གསོལ་འདེབས་ཡན་སྔར་ལྟར་ལ། གསོལ་འདེབས་རྫོགས་འཕྲལ་བླ་མ་རྡོ་རྗེ་རྣལ་འབྱོར་མའི་ཞབས་གཉིས་ཕྲག་པ་གཡས་གཡོན་དུ་བཞག་ཅིང༌། སྤྱི་བོ་ཚངས་པའི་བུ་ག་ནས་གསང་གནས་ཁ་སྦྱར་གྱི་ཚུལ་དུ་བཞུགས་པ་དང༌། དབུ་མ་རྒྱུད་འབྲེལ་སོགས་སྔར་བཞིན་བསྒོམས་ལ། གཞན་པ་རང་དོན་གྱི་སྐབས་ལྟར་བྱ་བའམ་ཡང་ན་དཀྱུས་ལྟར་བྱས་ཀྱང་རུང་ཞིང༌། གཞན་ཡང་ཐོག་མར་ངོ་སྤྲོད་དང་སངས་རྒྱས་ཀྱི་མཚན་བསྒྲགས་པ། གཟུངས་སྔགས་བྱིན་རླབས་ཅན་བཟླ་བ་སོགས་སྤྱི་ལྟར་བྱའོ་གསུངས། ས་མ་ཡ་གུ་ཧྱ། འདི་ཉིད་ཁྲིད་མ་ཐོབ་པ་རྣམས་ལ་དཔེ་ཙམ་ཡང་མི་སྟོན་པའི་བཀའ་རྒྱ་ཤིན་ཏུ་དམ་པ་མཛད་དོ། །འཕོ་བའི་ཡིག་ཆ་འདི་སྔོན་ཆད་ཞལ་ཤེས་ཁོ་ནར་གནས་པས་ཕྱིས་སུ་གསུང་སྒྲོས་ཡི་གེར་བཀོད་པ་ཅུང་འདྲ་མིན་འགའ་རེ་སྣང་ནའང༌། དེང་སང་ལུང་རྒྱུན་དང་དམིགས་ཁྲིད་ཡོད་པ་ནི་འདི་ཉིད་དུ་ངེས་སོ། །འདི་སྟོན་པའི་དུས་ཕག་མོའི་ཚོགས་འཁོར་དང་བཅས་པ་བཀའ་རྒྱ་དམ་པར་མཛད་ནས་གནང་བ་ཕྱག་ལེན་ནོ།། །།