DNZ-17-TSA-015-002

From Damngak Dzö
Revision as of 11:01, 29 May 2025 by Jeremi (talk | contribs)

DNZ-17-TSA-015-002
Wylie title
Location gdams ngag rin po che'i mdzod
Volume 17, Text 15, Subtext 2, Pages (Folios to )
Author འཇམ་མགོན་ཀོང་སྤྲུལ་
Citation
Side notes  
More details More details
Genre
[edit]
༈ ཐམས་ཅད་མཁྱེན་པ་རོང་སྟོན་ཆེན་པོས་ཡུམ་ལ་གནང་བའི་འཕོ་ཆོས་མཚམས་སྦྱོར་དང་བཅས་པ་བཞུགས་སོ། །ན་མོ་གུ་རུ། གཤིན་པོའི་དོན་དུ་འཕོ་བའི་མན་ངག་བསྟན་པ་ནི། འོ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་ཚེ་ལས་འདས་པ་ཁྱོད་ཉོན་ཅིག །སེམས་ཅན་ཐམས་ཅད་ལ་སྐྱེ་རྒ་ན་འཆིའི་ཆུ་བོ་ཆེན་པོ་བཞི་ཡོད་པ་ལས། ད་ལན་ཁྱོད་འཆི་བའི་དུས་ལ་བབས་པ་ཡིན། དེ་ལ་སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱས་པར་བྱེད་པའི་ཐབས་འཕོ་བའི་གདམས་པ་ཉམས་སུ་ལེན་པ་ལ། སྔོན་འགྲོ་ཤེས་རྒྱུད་ཀྱི་སྡིག་སྒྲིབ་རྣམས་བཤགས་པའི་ཕྱིར་དམིགས་པ་འདི་བཞིན་དུ་གྱིས། མདུན་གྱི་ནམ་མཁར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་ལ་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་གཡས་ས་གནོན་དང༌། གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན་ལ་སངས་རྒྱས་དཀར་པོ་བདུན་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་གྱིས་བསྐོར་བ། ཤར་དུ་སྔོན་པོ་བདུན་གཡས་ས་གནོན་དང༌། གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ལྷོར་སེར་པོ་བདུན་གཡས་མཆོད་སྦྱིན་དང་གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ནུབ་ཏུ་དམར་པོ་བདུན་མཉམ་བཞག་གི་ཕྱག་རྒྱ་ཅན། བྱང་དུ་ལྗང་གུ་བདུན་གཡས་སྐྱབས་སྦྱིན་དང༌། གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ཐམས་ཅད་ཀྱང་མཚན་དཔེས་སྤྲས་པ། ན་བཟའ་ཆོས་གོས་རྣམ་པ་གསུམ་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་མཐའ་བསྐོར་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྲིན་གྱི་ཕུང་པོ་ཆེན་པོ་གཏིབས་པ་ལྟར་བཞུགས་པ་ནི་རྟེན་གྱི་སྟོབས། དེ་དག་གི་སྤྱན་སྔར་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་འཁོད་ནས་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་སེམས་དྲག་པོ་བྱེད་པ་ནི་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བགྱིད་སྙམ་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། དེ་ལྟར་བགྱིས་པས་འདག་ངེས་སྙམ་པ་ནི་ཉམས་པ་སོར་ཆུད་པའི་སྟོབས་ཏེ། སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པར་བགྱིའོ་སྙམ་པའི་ལུས་གངྒཱའི་ཀླུང་གི་བྱེ་མ་ཙམ་དུ་སྤྲུལ་ནས་ཕྱག་འཚལ་བར་མོས་པའི་སྒོ་ནས་ལྟུང་བ་བཤགས་པ་འདིའི་རྗེས་ཟློས་མཛོད། དེ་ནས་ལྟུང་བཤགས་གསུངས། ཚེ་ལས་འདས་པ་ཆེ་གེ་མོ་ཁྱོད་འཕོ་བའི་དངོས་གཞི་ཉམས་སུ་ལེན་པ་ནི། ས་ཆུ་ལ་ཐིམ་པས་ལུས་ཀྱི་ཡན་ལག་རྣམས་ལྕི། ཆུ་མེ་ལ་ཐིམ་པས་ཁ་སྣ་སྐམས། མེ་རླུང་ལ་ཐིམ་པས་མིག་གྱེན་ལ་བཟློག །རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ཕྱི་དབུགས་ཆད། རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པའི་དུས་སུ་དངོས་གྲུབ་ལེན་པའི་དུས་ཡིན་པས་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་ངོ་བོ་ཁྱེད་རང་གང་མོས་ཀྱི་བླ་མ་རྣམས་སེངྒེས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་ལ། རྣམ་པ་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་ཨིནྡྲ་ནཱི་ལའི་མདོག་ལྟར་སྔོ་བ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་ཤིང་ལྷག་མ་ཅུང་ཟད་ལྕང་ལོའི་ཚུལ་དུ་འཕྱང་བ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་མཚན་དཔེས་སྤྲས་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་དེའི་ཐུགས་སངས་རྒྱས། གསུང་དམ་ཆོས། སྐུ་དགེ་འདུན། ཡོན་ཏན་ནོར་ལྷ། ཕྲིན་ལས་ཆོས་སྐྱོང་སྟེ་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་མོས་ནས་གུས་འདུད་རྩེ་གཅིག་ཏུ་མཛོད། ཁྱེད་རང་གི་ལྟེ་བ་ནས་སྤྱི་གཙུག་གི་བར་དུ་རྩ་དབུ་མ་ཁོང་སྟོང་སྦ་ལྕག་འབྲིང་པོ་ཙམ་ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། ཏིལ་མར་གྱི་མར་མེ་ལྟར་གསལ་བ། པདྨའི་སྣལ་མ་བཞིན་དུ་སྲབ་པ། རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་དམར་བ་སྟེ་ཆོས་བཞི་ལྡན་གྱི་སྤྱི་གཙུག་མཐོང་བུག་ཁ་ཡེད་དུ་ཡོད་པར་མོས། དེའི་ནང་དུ་ཕ་ལས་ཐོབ་པའི་དཀར་ཆ་ཟླ་བའི་དཀྱིལ་འཁོར་དང༌། མ་ལས་ཐོབ་པའི་དམར་ཆ་ཉི་མའི་དཀྱིལ་འཁོར་སྲན་མ་ཁ་བཤགས་པ་ཙམ་གྱི་སྟེང་ན། ཁྱེད་རང་གི་རྣམ་པར་ཤེས་པའི་ངོ་བོ་འོད་ཀྱི་གོང་བུ་སྲན་རྡོག་འབྲིང་པོ་ཙམ་དཀར་ལ་འཚེར་བ་ཞིག་རླུང་གིས་སྤར་སྤར་ཡོད་པའི་མོས་པ་མཛོད། ངག་གིས་ཕཊ་བརྗོད་པའི་ཚེ་ཁྱོད་རང་གི་སེམས་ཀྱི་ངོ་བོ་འོད་ཀྱི་གོང་བུ་དེ་དབུ་མའི་ནང་ནས་གྱེན་དུ་མདའ་འཕངས་པ་བཞིན་དུ་སོང༌། བླ་མའི་ཐུགས་ཀར་ཐིམ་པས་བླ་མ་དང་རང་སེམས་དབྱེར་མེད་དུ་གྱུར་ནས་བདེ་བ་ཅན་དུ་བྱོན་པའི་མོས་པ་མཛོད། རྗེ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །ཐུགས་མཁྱེན་བརྩེའི་ཡོན་ཏན་ལྷུན་གྱིས་གྲུབ། །ཁྱེད་ཅི་མཛད་དཔག་མེད་འགྲོ་བའི་མགོན། །སྤྲང་བདག་ལ་ཐུགས་རྗེས་གཟིགས་སུ་གསོལ། །རང་མོས་པའི་བླ་མ་རིན་པོ་ཆེ། །དེ་མདུན་གྱི་ནམ་མཁར་ཡང་ཡང་བསྒོམ། །ཡིད་རྩེ་གཅིག་འདུན་པས་གསོལ་བ་ཐོབ། །ལུས་ཙོག་པུ་སྐྱིལ་ཀྲུང་གང་བདེའམ། །དེ་མ་གྲུབ་གཞོག་གཡས་འོག་ཏུ་ཆུག །གནས་ལྟེ་བ་ནས་བཟུང་སྤྱི་གཙུག་བར། །རྩ་དབུ་མ་ཁོང་སྟོང་སྦ་སྨྱུག་ཙམ། །སྟེང་སྤྱི་གཙུག་དཀར་ཁུང་ཐལ་ལེ་བ། །སྒོ་མ་འགགས་ཐལ་ལེ་ཡོད་པ་ལ། །སེམས་འོད་ཀྱི་གོང་བུ་དཀར་ལ་འགྲིལ། །ཚད་སྲན་རྡོག་ཙམ་ཞིག་སྙིང་གར་བསྒོམ། །དེ་སོག་སྦུབས་ཡུངས་ཀར་ཕུ་བཏབ་བཞིན། །དེ་ཐེ་ཚོམ་མེད་པར་རྒྱངས་ཏེ་ཐོན། །དེ་བླ་མའི་ཐུགས་ཀར་ཐིམ་དུ་ཆུག །དུས་ད་ནས་བྱང་ཆུབ་མ་ཐོབ་བར། །མ་དྲིན་ཅན་བདེ་བའི་སྨོན་ལམ་འདེབས། ཕཊཿ བརྗོད་དམིགས་མེད་དུ་མཉམ་པར་བཞག །ལན་གསུམ་སོགས་མ་ཐེབས་བར་དུ་བསྐྱར། བསྔོ་བ་སྨོན་ལམ་གྱིས་རྒྱས་འདེབས། ཡང་རང་ཉིད་སྦྱང་བའི་ཚེ་དམིགས་པ་ཤིན་ཏུ་གསལ་བར་བསྒོམ། གསོལ་འདེབས་ཀྱི་འཇུག་ཏུ་ཕཊཿ བདུན་དང་ཉི་ཤུ་རྩ་གཅིག་ལ་སོགས་བརྗོད། ཐུན་རེ་ལ་ཉི་ཤུ་རྩ་གཅིག་རེ་ཙམ་བསྐྱར། ཐུན་བསྡུ་བའི་ཚེ་བླ་མ་རང་གི་སྤྱི་གཙུག་ནས་བྱོན། སྙིང་གར་བཞུགས་རང་གི་སྤྱི་བོར་སྣ་ཚོགས་རྡོ་རྗེར་བསམ། དགེ་བ་འདི་ཡིས་སྐྱེ་བོ་ཀུན་སོགས་དགེ་རྩ་བསྔོས་ཏེ། དེ་ལྟར་ཐུན་བཞི་སོགས་ཞག་གསུམ་མམ། བདུན་གྱི་བར་དུ་བསྒོམ་ལ། འབྱོངས་པའི་རྟགས་མགོ་ཟ་ཞིང་ན་བ། སྤྱི་བོ་ཚ་བ་དང་སྐྲངས་པ་དང༌། ཆུ་སེར་འབབ་པ་སོགས་རྟགས་མ་ཐོན་གྱི་བར་དུ་ཉམས་སུ་ལེན། རྟགས་ཐོན་ནས་ཚེ་སྒྲུབ་བམ་མ་ནུས་ན་ཚེ་གཟུངས་བཟླ་གསུངས། ཞེས་པ་འདི་ནི་ཐམས་ཅད་མཁྱེན་པ་རོང་སྟོན་ཆེན་པོས་ཡུམ་ལ་གནང་བ་བརྩེ་བའི་སྒོ་ནས་གདམས་ཤིང༌། དམིགས་པའི་མཚམས་སྦྱོར་ཁྱེར་བདེ་བའི་ཕྱིར་ཚིག་ལྷུག་འདི་རྣམས། མཁྱེན་རབ་བསྟན་འཛིན་བཟང་པོའི་གསུང་རྒྱུན་བཞིན། གཞན་ཕན་མཛད་པ་འགའ་ཞིག་གི་དོན་དུ་ཤཱཀྱའི་བཙུན་པ་མཁྱེན་རབ་བྱམས་པས་ཤྲཱི་ན་ལེནྡྲ་རྣམ་པར་རྒྱལ་བའི་ཆོས་གྲྭར་སྦྱར་བའོ། །སརྦ་དཱ་མངྒ་ལམ།