DNZ-18-TSHA-010-078
DNZ-18-TSHA-010-078
(༧༨) །ལམ་འཁྱེར་གྱི་ཁྲིད་ཡིག །ལམ་འཁྱེར་གསུམ་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རང་གི་སྤྱི་བོར་པདྨ་ཟླ་བའི་སྟེང་དུ་བླ་མ་བསྒོམས་ཏེ། དེའང་སྐུའི་རྣམ་པ་ཇི་ལྟ་བ། གསུང་གི་ང་རོ་ཇི་ལྟ་བ། ཐུགས་ཀྱི་མཁྱེན་དགོངས་ཇི་ལྟ་བར་གསལ་བཏབ་ནས་གདུང་ཤུགས་དྲག་པོ་ཕར་ལ་བསྟིམ་ཕོད་པ། ཚུར་ལ་འཕྲོག་ནུས་པའི་བློ་སྣ་རྩེ་ཡམ་ཡམ་པས། གཟུགས་སྣང་བླ་མའི་སྐུ། སྨྲ་བརྗོད་བླ་མའི་གསུང༌། རང་རིག་བླ་མའི་ཐུགས་སུ་ཐག་རྦད་བཅད་ནས། མཚན་ལྡན་བླ་མ་དམ་པ་འདིས་བདག་བཟོད་དཀའི་འཁོར་བ་ལས་བསྒྲལ་བས་བཀའ་དྲིན་འཁོར་བ་མེད་སྙམ་པའི་ལུས་བ་སྤུ་གཡོ་བ། མིག་མཆི་མ་འཁྲུགས་པའི་མོས་གུས་སྟོབས་སུ་སྦྱར་ཏེ། ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཆོས་འཁོར་བསྐོར་ཞིང་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ། །དགེ་བ་བླ་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག་བརྗོད། དེ་བཞིན་དུ་ཅིར་སྣང་ཡི་དམ། ཅིར་སྣང་སྒྱུ་མར་བསྒོམས་ཏེ། ལམ་འཁྱེར་གོང་བཞིན་ཉམས་སུ་ལེན་པའོ། །ལམ་འཁྱེར་རྣམ་པ་ཀུན༵་འདུས་པའི། །དག༵འ་བློ་རང་གྲོལ༵་མཆོ༵ག་གི་ཁྲིད། །ཉུང་གསལ་ཡི་གེས་མཚོན་པའོ། །སྐལ་ལྡན་ཐར་ལམ་སྒྱུར་བྱེད་ཡིན། །བསམ་སྡིངས་པ་གཞོན་ནུ་གྲུབ་ཀྱི་ཁྲིད་ཡིག་ལས་བཏུས་སོ།