DNZ-18-TSHA-010-014
DNZ-18-TSHA-010-014
(༡༤) །ཐུབ་པའི་ཁྲིད་ཡིག །བཀའ་གདམས་ལྷ་བཞིའི་ཐུབ་པའི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། མདུན་དུ་སེང་ཁྲི་པད་ཟླའི་གདན་ལ། ཞིང་འདིའི་བསྟན་པའི་བདག་པོ་བཅོམ་ལྡན་འདས་ཐུབ་པའི་དབང་པོ་སྐུ་གསེར་གྱི་གཏན་པ་ཕྱིས་པ་ལྟར་འོད་འབར་བ་ཆོས་གོས་རྣམ་གསུམ་གསོལ་བ་ས་གནོན་མཉམ་བཞག་རྡོ་རྗེ་སྐྱིལ་ཀྲུང་མཚན་དཔེས་བརྒྱན་པ་འོད་ཟེར་ཕྱོགས་བཅུར་འཕྲོ་བ་ཞིག་བསམས་ལ། ལུས་ཀྱི་བཅའ་བ། སེམས་ཀྱི་བཞག་ཐབས་ལ། རྟེན་བཅས་ཀྱི་ཞི་གནས། རྟེན་མེད་ཀྱི་ཞི་གནས། ཆ་ཤས་ཀྱི་རྟེན་བཅས། རྫོགས་པའི་རྟེན་བཅས། སེམས་འཇོག །ཀུན་ཏུ་འཇོག །ངེས་པར་འཇོག །ཉེ་བར་འཇོག །དུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུན་གཅིག་ཏུ་བྱེད། མཉམ་པར་འཇོག་པར་བྱེད། ལྷག་མཐོང་བསྒོམ། གང་ཟག་གི་བདག་མེད། ཆོས་ཀྱི་བདག་མེད། རྒྱུའི་བདག་མེད། ངོ་བོའི་བདག་མེད། མཉམ་བཞག་གིས་ལམ་དུ་བྱ། རྗེས་ཐོབ་ཀྱིས་སྒྲོ་འདོགས་བཅད། བདག་མེད་ངོ་བོའི་རང་བཞིན་མེད། རྒྱུའི་རང་བཞིན་མེད། འབྲས་བུའི་རང་བཞིན་མེད། རྟེན་འབྲེལ་གྱི་རང་བཞིན་མེད། ཡུལ་རང་བཞིན་མེད། ཡུལ་ཅན་རང་བཞིན་མེད། ཆོས་ཐམས་ཅད་རང་བཞིན་མེད། དངོས་པོའི་རང་བཞིན་མེད། དངོས་མེད་རང་བཞིན་མེད། སྣོད་རང་བཞིན་མེད། སེམས་ཅན་རང་བཞིན་མེད། ཐུབ་པ་སངས་རྒྱས་ཀུན༵་འདུས་ཁྲིད། །དག༵འ་སྤྲོ་ཟུང་འབྲེལ་རྣམ་གྲོལ༵་མཆོ༵ག །མྱུར་བགྲོད་གདམས་པའི་དམིགས་པའི་ཐོ། །ཡི་གེའི་སྒོ་ནས་གསལ་བར་བྱས། །ཡིག་རྙིང་ལས་བཏུས་སོ།