DNZ-17-TSA-015-006
DNZ-17-TSA-015-006
༈ །རོང་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་འཕོ་བའི་དམིགས་ཁྲིད་སྐལ་བཟང་ཐར་པར་འདྲེན་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། བྱམ༵ས་མགོན་གསང་གསུམ་རོལ་པ༵་ལས་འཁྲུངས་ཤིང་། །ངག༵་གི་དབང༵་ཕྱུག་རྗེ་བཙུན་ས་སྐྱ་པའི། །ལྟ་གྲུབ་འཁྲུལ་པ་མེད་པའི་བསྟན༵་འཛིན༵་མཆོག །རོང་སྟོན་རྣམ་འཕྲུལ་ཕྲིན་ལས་མཚན་ཅན་རྒྱལ། །གང་གི་ཞལ་ལུང་བདུད་རྩིའི་བཅུད། །ངོམས་པར་འཐུང་བའི་ལེགས་བྱས་ཀྱི། །སྨྲ་བའི་མགྲིན་པ་འདེགས་པ་ལ། །དབང་ཕྱིར་ལེགས་པར་བཤད་འདི་བྱས། །ཅེས་མཆོད་པར་བརྗོད་ནས། འདིར་ཐམས་ཅད་མཁྱེན་པ་རོང་སྟོན་ཆེན་པོས་ཡུམ་ལ་གནང་བའི་འཕོ་བའི་གདམས་པ་ཁྱད་པར་ཅན་དེ་ཉིད་ཀྱི་དམིགས་རིམ་ཉུང་ངུའི་ངག་གིས་བཤད་པར་བྱ་བ་ལ་གཉིས་ཏེ། རང་ཉིད་ཀྱིས་སྦྱང་བ་དང༌། འབྱོངས་པ་ན་གཞན་ལ་འདེབས་པའི་ཚུལ་ལོ། །དང་པོ་ནི། འདི་ཉིད་ཀྱི་ལུང་དང་ཁྲིད་ལེགས་པར་ཐོབ་པའི་གང་ཟག་གིས། གནས་དབེན་པར་གཙང་སྦྲ་དང་བཅས་པས་མཚམས་བཅད་ཀྱིས་བདེ་བའི་སྟན་ལ་འདུག་སྟེ་ཐོག་མར། རང་གི་མདུན་གྱི་ནམ་མཁར་རྩ་བརྒྱུད་ཀྱི་བླ་མ་རྣམས་ཁྲོམ་ཚོགས་སུ་རང་ལ་ཞལ་གཟིགས་ཏེ་བཞུགས་ཡོད་སྙམ་པས། དེ་དག་ལ་སྙིང་ཐག་པ་ནས་གསོལ་བ་འདེབས་བཞིན་པས། བྱམས་མགོན་གཉིས་པ་རོང་སྟོན་ཆོས་ཀྱི་རྗེ་ཞེས་སོགས་བརྒྱུད་འདེབས་ཚར་གཅིག་འདོན། དེ་ནས་རང་གི་གནས་ཁང་སོགས་ལ་དམིགས་པ་གཏད་པས། དེ་དག་ཐམས་ཅད་ནམ་མཁར་འཇའ་ཡལ་བ་ལྟར་རང་ཡལ་དུ་སོང་ནས་སྟོང་པར་གྱུར་པའི་མོས་པ་བྱེད། དེའི་ངང་ལས་རང་ཉིད་གནས་པའི་ས་ཕྱོགས་དེ་ཉིད་ཡངས་ཤིང་རྒྱ་ཆེ་བ་སྟོང་གསུམ་གྱི་ཁྱོན་ལྟ་བུ༑ འོག་གཞི་ཐམས་ཅད་བཻ་ཌཱུརྱའི་གཞི་ལག་མཐིལ་ལྟར་མཉམ་པ་ལ། གསེར་གྱི་མིག་མང་གི་རི་མོ་བྲིས་པ་མནན་ན་ནེམ་ལ། བཏེགས་ན་སྤར་བ། རེག་ན་བདེ་བ་བསྐྱེད་པ། དེའི་ཕྱི་རོལ་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། དེའི་དབུས་སུ་རང་ཉིད་ཐ་མལ་པའི་རྣམ་པ་ཅན། གཡས་སུ་ཚེ་འདིའི་ཕ། གཡོན་དུ་ཚེ་འདིའི་མ། མདུན་དུ་དགྲ་བོ། རྒྱབ་དང་མཐའ་བསྐོར་ཀུན་ཏུ་རིགས་དྲུག་བར་དོ་དང་བཅས་པའི་སེམས་ཅན་ཐམས་ཅད་ནག་ཁྲིག་གེ་ཡོད་པའི་མོས་པ་བྱེད། རང་གི་མདུན་གྱི་ནམ་མཁར་སེངྒེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ། རང་གི་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་རྣམ་པ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་ཅིག་ཕྱག་གཉིས་རྡོ་དྲིལ་ཐུགས་ཀར་བསྣོལ་ནས་འཛིན་པ་ལོངས་སྐུའི་ཆ་ལུགས་ཅན། དེའི་ཐུགས་སངས་རྒྱས་ཐམས་ཅད་དང༌། གསུང་ཆོས་ཐམས་ཅད། སྐུ་དགེ་འདུན་འདུས་པའི་ངོ་བོ་སྟེ་ཀུན་འདུས་ནོར་བུ་ལུགས་སུ་བསྒོམ། དེ་ཡང་བདག་དང་ཞེས་པའི་ཚེ་རང་ཉིད། འགྲོ་བ་ནམ་མཁའི་སོགས་ཀྱི་ཚེ་སེམས་ཅན་ཐམས་ཅད། དུས་འདི་ནས་སོགས་ཀྱི་ཚེ། འདི་ནས་བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་སྙམ་པ་དང༌། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སོགས་ཀྱི་ཚེ་བླ་མ་རྡོ་རྗེ་འཆང་གི་ཐུགས་ཀར་དམིགས་པ་གཏད་ནས་བདག་གི་རྣམ་འདྲེན་མཛད་དུ་གསོལ་སྙམ་པ་དང༌། རྫོགས་པའི་སངས་རྒྱས་སོགས་ཀྱི་ཚེ་ཡང་ཐུགས་ཀར་དམིགས་པ་གཏད་དེ་བདག་གི་ལམ་སྟོན་པ་པོ་མཛད་དུ་གསོལ་སྙམ་པ་དང༌། དམ་པའི་ཆོས་སོགས་ཀྱི་ཚེ་བླ་མའི་མགྲིན་པར་དམིགས་པ་གཏད་ནས། བདག་གི་ལམ་དངོས་མཛད་དུ་གསོལ་སྙམ་པ་དང༌། འཕགས་པའི་དགེ་འདུན་སོགས་ཀྱི་ཚེ་སྐུ་ཡོངས་རྫོགས་ལ་སེམས་གཏད་ནས་ལམ་སྒྲུབ་པའི་གྲོགས་མཛད་དུ་གསོལ་སྙམ་པའི་དམིགས་པ་རྣམས་བྱེད་བཞིན་དུ་སྐྱབས་འགྲོ་བཞི་སྐོར་བརྒྱའམ་ཉེར་གཅིག་ལ་སོགས་པ་བརྗོད། དེ་རྗེས་སྐྱབས་ཡུལ་དེ་དག་ལས་འོད་ཟེར་འཕྲོས་རང་དང་སེམས་ཅན་ཐམས་ཅད་ལ་ཕོག་པས། སྡིག་སྒྲིབ་ཐམས་ཅད་བྱང་ནས། སངས་རྒྱས་ཀྱི་སར་བྱ་ཁྱུ་འཕུར་བ་བཞིན་གཤེགས་པའི་མོས་པ་བྱ། དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་འཕོ་བའི་གདམས་པ་ཉམས་སུ་ལེན་སྙམ་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་སོགས་ལན་གསུམ་གྱིས་སྨོན་འཇུག་གི་སེམས་བསྐྱེད། སྤྲོ་ན་ཚིག་དོན་བཞིན་དམིགས་པ་བསྒོམ་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཀྱང་བྱ། དེ་ནས་ཐོག་མར་རང་གི་སྔར་བྱས་ཀྱི་སྡིག་སྒྲིབ་རྣམས་བཤགས་པར་བྱ་སྟེ། དེའང་སྟོབས་བཞིའི་སྒོ་ནས་བཤགས་དགོས་པས། མདུན་གྱི་ནམ་མཁར་རྒྱལ་བ་ཤཱཀྱ་ཐུབ་པ་གསེར་མདོག་ཕྱག་གཡས་ས་གནོན་གཡོན་མཉམ་བཞག་མཛད་པ་ལ་སངས་རྒྱས་དཀར་པོ་བདུན་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པས་བསྐོར་བ། དེ་དག་གི་ཤར་ཏེ་སྐུ་མདུན་དུ་སངས་རྒྱས་སྔོན་པོ་བདུན་གཡས་ས་གནོན་གཡོན་མཉམ་བཞག །ལྷོ་སྟེ་གཡས་སུ་སངས་རྒྱས་སེར་པོ་བདུན་གཡས་མཆོག་སྦྱིན། གཡོན་མཉམ་བཞག །ནུབ་སྟེ་སྐུ་རྒྱབ་ཏུ་སངས་རྒྱས་དམར་པོ་བདུན་ཕྱག་གཉིས་མཉམ་བཞག བྱང་སྟེ་གཡོན་དུ་ལྗང་གུ་བདུན་གཡས་སྐྱབས་སྦྱིན། གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན་ཏེ་ལྟུང་བཤགས་ཀྱི་སངས་རྒྱས་སོ་ལྔས་བསྐོར་བ། དེ་དག་ཐམས་ཅད་སངས་རྒྱས་སྤྲུལ་སྐུའི་ཆ་བྱད་ཆོས་གོས་རྣམ་པ་གསུམ་གསོལ་བ་མཚན་དཔེས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། མཐའ་བསྐོར་དུ་སངས་རྒྱས་བྱང་སེམས་མང་པོ་སྤྲིན་གཏིབས་པ་ལྟ་བུས་བསྐོར་བ། ཐམས་ཅད་རང་ཕྱོགས་ལ་ཞལ་གཟིགས་པ་བསྒོམས་ཏེ་སྡིག་སྒྲིབ་བཤགས་པའི་ཡུལ་ཡིན་ལ། དེ་དག་གི་དྲུང་དུ་རང་དང་ཕ་མས་གཙོས་པའི་སེམས་ཅན་ཐམས་ཅད་འཁོད་ནས་རང་གཞན་གྱི་སྔར་བྱས་པའི་སྡིག་པ་དང་ལྟུང་བ་རྣམས་རེ་རེ་ནས་ཡིད་ལ་དྲན་པར་བྱས་ནས། ཀྱི་ཧུད་བདག་གིས་དེ་ལྟ་བུའི་སྡིག་པ་མི་དགེ་བཅུ་ལ་སོགས་པ་དང༌། སྡོམ་པ་གསུམ་གྱི་བཅས་པ་འདི་ཞེས་བྱ་བ་དང་འགལ་བ་བྱས་འདུག་པས་ཤིན་ཏུ་མ་ལེགས་སྙམ་པའི་འགྱོད་པ་དྲག་པོ་བྱེད་པ་ནི་སུན་འབྱིན་པའི་སྟོབས་ཏེ། བཤགས་བྱའི་སྡིག་ལྟུང་དྲན་པར་བྱ་བ་ཡིན། ད་ཕྱིན་ཆད་སྡིག་པ་སྤྱི་དང༌། བསྲུང་བྱའི་སྡོམ་པ་ལས་འགལ་བའི་ལས་སྲོག་ལ་བབས་ཀྱང་མི་འགྱིད་སྙམ་པའི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ་སྡིག་ལྟུང་སྤོང་སེམས་ཀྱི་གཉེན་པོ་བསྐྱེད་པ་ཡིན། དེ་ལྟར་བགྱིས་པས་སྔར་བྱས་ཀྱི་སྡིག་ལྟུང་གང་ཡོད་མི་འདགས་མི་སྲིད་པས་ངེས་པར་དག་སོང་སྙམ་པ་ཉམས་པ་སོར་ཆུད་པའི་སྟོབས་ཞེས་བྱ་སྟེ། དེ་ལྟར་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པ་བྱེད་པའི་མོས་པ་དང་ལྡན་པས། རང་ལུས་ཞིང་རྡུལ་གྱི་གྲངས་དང་མཉམ་པར་སྤྲུལ་ནས་ཕྱག་འཚལ་བའི་དམིགས་པ་དང་བཅས་ལྟུང་བཤགས་ཚར་གཅིག་གམ་གསུམ་བརྗོད། དེ་རྗེས་ལུས་ཀྱི་ལས་ནི་སོགས་ནས། ཕྱག་འཚལ་བ་དང་ཞེས་པའི་བར་རྣམས་རྒྱུན་བཞིན་གསུང༌། དངོས་གཞི་ལ། རང་གི་མདུན་ཏེ་སྨིན་མཚམས་ནས་ཡར་ཁྲུ་ཕྱེད་བཞི་ཙམ་བཅལ་བའི་ཐད་ལ་རིན་པོ་ཆེའི་ཁྲི་གྲུ་བཞི་པ་ཕྱོགས་རེ་ལ་སེང་གེ་ཁ་ཕྱིར་ཕྱོགས་པ་གཉིས་ཏེ་བརྒྱད་ཀྱིས་བཏེགས་པའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་པདྨ་དང་རྒྱ་མཉམ་པ། དེའི་སྟེང་ན་རང་གིས་འཕོ་བའི་གདམས་པ་འདི་ཉིད་ཀྱི་ཁྲིད་དང་ལུང་རྣམས་ཐོབ་པའི་བླ་མ་དེ་ལས་བླ་མེད་ཀྱི་དབང་ཆེན་གང་ཡང་རུང་བ་ཞིག་ཐོབ་པ་ཡིན་ན་དེ་ཀ་དང༌། དེ་རིགས་མ་ཐོབ་ན། རང་གི་བླ་མེད་ཀྱི་དབང་བཞི་ཡོངས་རྫོགས་ཚད་ལྡན་དུ་ཐོབ་པའི་བླ་མ་གཅིག་གམ་གཉིས་གསུམ་སོགས་དད་མོས་གང་ཆེ་བ་རྣམས་དང་ལྷག་པར་གདམས་པ་འདི་ཉིད་ཐོབ་པའི་བླ་མ་རྣམས་དབྱེར་མེད་པའི་ངོ་བོ་ཡིན་པ་ལ། རྣམ་པ་རྡོ་རྗེ་འཆང་སྐུ་མདོག་སྟོན་གྱི་ནམ་མཁའ་དྭངས་པའི་མདོག་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་དང༌༑ གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་གཉིས། མཐེ་བོང་ནང་དུ་བཅུག་པའི་ཁུ་ཚུར་གྱིས་བཟུང་ནས་ཐུགས་ཀར། གཡོན་པ་འོག་དང༌། གཡས་པ་སྟེང་དུ་བརྩེགས་པ་བསྣོལ་བ་སྐུ་ཕྱི་བལྟས་ནང་གསལ་འོད་ཀྱི་རང་བཞིན་ཅན་སྟོང་གསལ་སྒྱུ་མ་ལྟ་བུ་དབུ་སྐྲ་ནག་པོ་མ་དཀྲུགས་ཤིང་མ་འཛིངས་པ་སྤྱི་བོར་ཐོར་ཅོག་བྱས་པའི་ལྷག་མ་སྐུ་རྒྱབ་ལ་འཕྱང་བ། རིན་པོ་ཆེའི་དབུ་རྒྱན་རིགས་ལྔའི་མཚན་མ་ཅན་དང༌། རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲས་སྤྲས་པའི་སྙན་རྒྱན་དང་མགུལ་རྒྱན། རིན་པོ་ཆེའི་ཕྲེང་བ་ནུ་མའི་ཐད་ཀར་སླེབས་པའི་སེ་མོ་དོའམ། དོ་ཤལ་ཕྱེད་པ། དེ་འདྲ་བ་ལྟེ་བར་སླེབས་པའི་དོ་ཤལ། རིན་པོ་ཆེའི་གཞུངས་ལྔའི་བར་རིན་པོ་ཆེའི་ཕྲེང་བས་སྦྲེལ་བ་ལ་དྲིལ་ཆུང་དང་གཡེར་ཁས་སྤྲས་པའི་རྐེད་རྒྱན་ནམ་འོག་པག །རིན་པོ་ཆེའི་དཔུང་རྒྱན། ཕྱག་གདུབ། སོར་གདུབ། ཞབས་གདུབ་རྣམས་ཀྱིས་བརྒྱན་པ། དར་ལྗང་གུའི་སྟོད་གཡོགས་དང༌། དམར་པོའི་སྨད་གཡོགས་མནབས་པ། མཚན་དཔེས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་སངས་རྒྱས། གསུང་དམ་ཆོས། སྐུ་དགེ་འདུན། ཡོན་ཏན་ནོར་ལྷ་ཕྲིན་ལས་ཆོས་སྐྱོང་སྟེ་མདོར་ན་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ་ཡིན་སྙམ་པའི་འདུན་པ་དྲག་པོ་མ་ཡེངས་པའི་ངང་ནས། རང་གི་ལུས་སྟོང་གསལ་འོད་ཀྱི་རང་བཞིན་ཕྲུ་མ་ཕུས་བཏབ་པ་ལྟ་བུས་ལྟེ་བ་ནས་སྤྱི་བོའི་བར་ལ། རྩ་དབུ་མ་ཁོང་སྟོང་སྦོམ་ཕྲ་སྦ་ལྕག་འབྲིང་པོ་ཙམ་ཞེས་པ་ནང་དུ་སྲན་རྡོག་ཡར་འགྲོ་མར་འགྲོ་ཐུབ་པའི་ཚོད་ཙམ་པ། ཤིན་ཏུ་དྲང་ཞིང་གསལ་བ། ཤིན་ཏུ་སྲབ་པ། རྒྱ་སྐྱེགས་ཀྱི་དྭངས་མའི་མདོག་ལྟར་རབ་ཏུ་དམར་བ་སྟེ་ཆོས་བཞི་པོ་དང་ལྡན་པ་སྤྱི་བོར་ཁ་ཡེད་པ་ཞེས་ཅུང་ཟད་ཕྱེ་བའི་རྣམ་པ་ཅན་དུ་གསལ་བཏབ་པ་དེའི་ནང་དུ་སྙིང་གའི་ཐད་ལ། ཁམས་དཀར་དམར་གྱི་རང་བཞིན་ཟླ་བ་དང་ཉི་མའི་དཀྱིལ་འཁོར་སྲན་མ་ཕྱེད་བཤགས་ཀྱི་ཚད་ཙམ་པའི་སྟེང་དུ། རང་གི་རྣམ་ཤེས་ཀྱི་ངོ་བོ་འོད་ཧྲིལ་མོ་སྲན་མ་འབྲིང་པོ་ཙམ་དཀར་ཞིང་དྭངས་པ་གྱེན་དུ་ཡར་འཕར་ལ་ཁད་པ། སྤར་སྤར་བྱེད་པ་ཞིག་གསལ་ལེགས་པར་བཏབ་ནས། གདངས་དང་བཅས་པས། རྗེ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །ཅེས་སོགས་ནས། མ་དྲིན་ཅན་བདེ་བའི་སྨོན་ལམ་འདེབས། །ཞེས་པའི་བར་གདུང་ཤུགས་དྲག་པོས་འདོན་ཅིང་དམིགས་པ་རྣམས་སླར་ཡང་གསལ་འདེབས། དེ་ནས། ཕཊ། ཅེས་བརྗོད་པས་རང་སེམས་ཀྱི་ངོ་བོ་འོད་ཀྱི་གང་བུ་དེ་དཀར་ཧྲིལ་གྱིས་སྤྱི་བོ་ནས་ཐོན། བླ་མ་རྡོ་རྗེ་འཆང་གི་ཐུགས་ཀར་རེག་ཙམ་བྱས། དེ་མ་ཐག་ཊ་ཞེས་བརྗོད་པས་མར་བྱུང་ཚངས་བུག་ནས་ཞུགས། སྙིང་གར་དཀར་ཧྲིལ་ཧྲིལ་གནས་པར་མོས་ནས་དེ་ནས་སེམས་ཅུང་ཟད་གཏད། ཡང་ཕཊཿ བརྗོད་པས་ཡར་འཕངས་བླ་མའི་ཐུགས་ཀར་རེག་ཙམ་བྱས། ཊ་བརྗོད་པས་མར་བྱུང་བ་སོགས་སྔར་ལྟར་བསྒོམས་ནས་ཕཊ་ལྔ་སྟེ་ཁྱོན་བདུན་བསྐྱར། ཡང་རྗེ་སངས་རྒྱས་སོགས་ཚར་གཅིག་བརྗོད། དེ་རྗེས་ཡར་སྤར་བ་དང༌། མར་འབེབས་པའི་དམིགས་པ་གསལ་པོ་གོང་ལྟར་བྱེད་ཅིང་ཕཊ་བདུན་བསྐྱར་བ་སོགས་ཐུན་རེ་ལ་རྗེ་སངས་རྒྱས་སོགས་ཀྱི་གསོལ་འདེབས་ཚར་རེ་ལ་ཕཊ་བདུན་བདུན་སྦྱར་བ་དེ་ལྟ་བུ་ལན་ཉེར་གཅིག་ཙམ་བྱ། ཐུན་འཇོག་པ་ན། བླ་མ་རང་གི་སྤྱི་བོ་ནས་མར་བྱོན་སྙིང་གར་བཞུགས། ཚངས་བུག་གི་ཁ་སྣ་ཚོགས་རྡོ་རྗེའི་ལྟེ་བས་བཀག་ནས། སྟེང་ནས་ཆུ་མི་འཛག་ཅིང་འོག་ནས་རླུང་མི་ཐར་བ་སྲ་ཞིང་འཐས་པར་བསྒོམ། དགེ་བ་བསྔོ་ཞིང་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ །དེ་ལྟར་ཞག་བདུན་ལ་སོགས་པར་ཐུན་བཞིར་ཉམས་སུ་བླངས་པས། འབྱོངས་པའི་རྟགས་མགོ་ན་བ་དང༌། སྤྱི་བོ་ཚ་བ་དང༌། སྤྱི་བོ་ནས་ཟ་བ་དང༌། སྐྲ་རྩེར་ཟིལ་པ་ཆགས་པ། ཆུ་སེར་འཛག་པ་སོགས་འབྱུང་ཞིང༌། དེར་ཀུ་ཤའམ། འཇག་མ་བཙུགས་པས་མར་ལ་བཙུགས་པ་ལྟར་ཟུག་འགྲོ་བ་ཡོང་གི་གདུག་པ་མྱོང་བས་ཡང་ཡང་གྲུབ་པ་ཡིན། འཇག་མ་སོར་ཕྱེད་མ་ཟིན་ཙམ་ལས་འཛུགས་མི་རུང་ཞིང༌། བཙུགས་ཤུལ་དུ་མར་བྱུགས་པས་རླུང་འབྱུང་འཇུག་གི་སྒོ་ཁེགས་པ་ཡིན་གསུངས། འདི་སྦྱངས་སྐབས་མཚམས་བྱེད་པ་དང༌། མི་བྱེད་པའི་ལུགས་གཉིས་སྣང་ཡང༌། མཚམས་བྱས་པ་རང་འབྱོང་སླ་བ་དང༌། རྟགས་སོགས་ཀྱང་ངེས་ཤེས་འདྲོངས་པར་ཡོང་ཀྱིན་འདུག་པས་མཚམས་བཅད་པ་རང་བྱེད་པ་གལ་ཆེ་སྟེ། རྟགས་ཡིད་ཆེས་ངེས་བྱུང་ནས་ཚེ་སྒྲུབ་གང་རུང་ཞིག་བྱེད་པའམ། མ་ཐུབ་ན་ཚེ་གཟུངས་གང་མང་བཟླ་དགོས་སོ། །གཉིས་པ་གཞན་ལ་འདེབས་པའི་ཚེ། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་མ་ལུས་མ། བྱང་ཆུབ་སྙིང་པོ་སོགས་རྒྱུན་བཞིན་གསུང་རྗེས། གསུང་རབ་མ་ཚར་གསུམ་མམ་བདུན་ལ་སོགས་པ་དང༌། བྱམས་མགོན་གཉིས་པ་སོགས་ཀྱི་བརྒྱུད་འདེབས་ཚར་གཅིག་འདོན། དེ་ནས་འོ་ཚེ་ལས་འདས་པ་སོགས་རྡོ་རྗེ་འཆང་མཁྱེན་རབ་བྱམས་པས་མཛད་པ་བཞིན་ལ། ལྟུང་བཤགས་གསུང་སྐབས་ཉེ་དུ་སོགས་ལ་ཕྱག་འཚལ་དུ་བཅུག་པའི་ཕྱག་ལེན་ཀྱང་མཐོང༌། གང་ལྟར་ཡང༌། སྐྱབས་ཡུལ་དང༌། བཤགས་པའི་ཡུལ་གྱི་ཐུབ་དབང་ལ་སངས་རྒྱས་སོ་ལྔས་བསྐོར་བ་དང༌། མདུན་དུ་བླ་མ་རྡོ་རྗེ་འཆང་གི་རྣམ་པར་བསྒོམ་པ་རྣམས་ཀྱི་དུས་སུ། དེ་རྣམས་ཀྱི་ཞལ་ཚེ་འདས་དེ་ལ་གཟིགས་པར་བསྒོམ་པ་དང༌། ཚེ་འདས་ཀྱི་ལུས་ཙོག་པུ་ལྟ་བུར་ཡོད་པར་བསྒོམ་པའི་ལྟེ་བ་ནས་སྤྱི་གཙུག་གི་བར་རྩ་དབུ་མ་གསལ་འདེབས་པ་ཙམ་མ་གཏོགས་གཞན་དམིགས་པ་བྱེད་ཚུལ་ཐམས་ཅད་རང་ཉིད་སྦྱོང་བའི་སྐབས་དང་འདྲ་བས་འབྱིན་འཇུག་གི་དབྱེ་བ་ཅུང་ཟད་ཀྱང་མ་འཁྲུལ་བར་རང་གི་རྣམ་དཔྱོད་ཀྱིས་ལེགས་པར་ཕྱེས་ཏེ་ཉམས་སུ་ལེན་པ་དང༌། གཞན་ལ་འཕོ་བ་ཐེབས་པའི་རྟགས་ཀྱང་སྔོན་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་མཁྱེན་ཁྲི་འདུར་ཆིབས་བསྒྱུར་སྐབས། བུད་མེད་དབུལ་མོ་ཞིག་ཤི་བ་ལ་རོང་སྟོན་འཕོ་བ་འདེབས་པ་གནང་བར་རོའི་སྟེང་དུ་འཇའ་མདུང་ཚུགས་སུ་ཟུག་པ་དང༌། ཡང་ཡུལ་དེར་ཁྲི་ཆེན་རྡོ་རྗེ་འཆང་དེ་ཉིད་ཀྱི་དངོས་སློབ་ཧོས་རུ་བླ་མ་ངག་དབང་རབ་བརྟན་ཞུ་བ་ཞིག་གིས་ཚེ་འདས་གཅིག་ལ་འཕོ་བ་བཏབ་པར་སྤྱི་བོ་ནས་ཐོད་པ་ལག་མཐིལ་ཙམ་ཞིག་བཙན་ཐབས་སུ་བརྟོལ་ཏེ་གས་མཚམས་ནས་ཆུ་སེར་ཕྲོམ་མེ་ཡོད་པ་བྱུང་འདུག་པ་དང༌། ཁོ་བོའི་སྐྱབས་མཆོག་དམ་པ་གཟིམས་འོག་ཐམས་ཅད་མཁྱེན་པ་དེ་ཉིད་སྐུ་ཆུང་ངུའི་དུས་སུ་ན་ལེནྡྲ་ནས་གྲྭ་པ་ཞིག་གཤེགས་པ་ལ་འཕོ་འདེབས་སུ་ཐོག་མར་སྤྱན་དྲངས་པར་ཞབས་ཕྱི་ཨ་མདོ་བླ་མ་ངག་དབང་ཡེ་ཤེས་ཞུ་བ་ཞིག་དང་ལྷན་དུ་འཕོ་བ་བཀའ་དྲིན་བསྐྱང་བ་ན། བླ་མ་དེས་རོའི་སྤྱི་བོའི་ཐད་ཀྱི་སྐྲ་གསེབ་ཏུ་ནས་འབྲུ་ཚོམ་པ་ཞིག་བཞག་སྟེ་དེ་ནས་འཕོ་བའི་དམིགས་པ་རྣམས་སྤྲད་ནས་ཕཊཿ ཁ་ཤས་གསུངས་པའི་ཚེ་ནས་འབྲུ་རྣམས་གདུང་གསེབ་ལ་ཁྲབ་སྒྲ་དང་བཅས་འཐོར་འགྲོ་བ་བྱུང་འདུག །ཕྱིས་སྐྱབས་རྗེ་ཉིད་ཀྱི་ཞལ་སྔ་ནས་དེ་འདྲའི་ནུས་པ་མེད་མོད་བླ་མ་དེ་འཕོ་བ་ཤིན་ཏུ་བཟང་བ་ཞིག་ཡིན་ཞེས་གསུང་གི་ཡོད་ཀྱང་ངེས་པའི་དོན་དུ་རྗེ་ཉིད་ཀྱི་བྱིན་མཐུ་ལས་མ་འདས་མོད། དྲང་དོན་གྱི་གསུང་འདི་ལྟར་ན། ཆོས་རྒྱལ་འཕགས་པས། རྟོགས་ལྡན་རྒྱ་བོའི་རྫུ་འཕྲུལ་ཀྱང་ངའི་ཡིན། ངའི་རྫུ་འཕྲུལ་ཀྱང་ཁོའི་ཡིན་གསུངས་པ་ལྟར། དཔོན་སློབ་གཉིས་ཀའི་ཆེ་བར་མངོན་ཞིང༌། རྟགས་རབ་དེ་འདྲ་ཡིན་འདུག་པ་དང༌། གཞན་ཡང་འཕོ་བ་འདེབས་སྐབས་རོའི་སྣ་བུག་གཡས་གཡོན་ནས་ཆུ་སེར་སྐྱ་བོ་དང་ཁྲག་མདོག་ཙམ་པ་ཤར་གྱིས་ཡོང་བ་དང༌། ཁ་ནང་ནས་སྭ་སྒྲ་འབྱིན་པ་དང༌། དྲི་མ་ཆིལ་གྱིས་འོང་བ་སོགས་ཀྱང་འཕོ་བ་ཐེབས་པའི་རྟགས་ཡིན་ཞེས་རྗེ་བླ་མའི་ཞལ་སྔ་ནས་ཐོས་སོ། །དེང་སང་སྤྱི་བོ་ནས་སྐྲ་ཚོམ་ཙམ་ཞིག་དབྱི་ཐུབ་ན་འཕོ་བ་ཐེབས་པ་དང༌། མ་ཐུབ་ན་མ་ཐེབས་པར་ཡོན་བདག་དང་མཆོད་གནས་ཕལ་ཆེར་གྱིས་འཛིན་གྱིན་འདུག་ཀྱང༌། འདི་ལ་ངེས་པ་ཆེར་ནི་མེད་པ་འདྲ་སྟེ། འཕོ་བ་ཐེབས་པའི་རྟགས་བྱུང་མ་བྱུང་ལ་མ་ལྟོས་པར། ཕལ་ཆེར་ཤི་ནས་ཞག་གཅིག་གཉིས་ལོན་པ་དང༌། ནམ་དུས་དྲོ་བའི་སྐབས་སུ་ཤི་ནས་ཡུན་ཅུང་ཟད་ཙམ་ལོན་པའམ་སྐྲ་འཐེན་པས་བྱི་འགྲོ་བ་དང༌། དེ་ལས་ལྡོག་པ་རྣམས་ལ་དཀའ་བ་རང་ཡོང་བ་འདྲ་ཞིག་སྣང་བས་སོ། །ཡང་ཤི་ནས་ཡུན་རིང་མ་ལོན་པར་འཕོ་བ་བྱས་འཕྲལ་སྐྲ་གཞན་གང་ན་འཐེན་ཀྱང་མི་བྱི་བར་སྤྱི་བོ་དང་ཉེ་བ་ཞིག་ནས་འཐེན་མ་ཐག་ལིང་གིས་བྱི་འགྲོ་བ་དང༌། དེའི་ཤུལ་ནས་ཆུ་སེར་འཛག་པ་དང༌། དགུན་དུས་ཆུ་སེར་རིམ་གྱིས་རྡོལ་བ་འཁྱགས་རམ་དུ་གྱུར་ནས་མཐེ་བོང་ཙམ་དུ་ཆགས་པ་སོགས་ཡོང་གི་འདུག་པའང་ཐེབས་པའི་རྟགས་ངེས་ཅན་ཡིན་འདྲ་སྙམ། དེ་ལྟར་ཐེབས་ངེས་པའི་རྟགས་བྱུང་བ་སོགས་འཇོག་རན་པ་ན་བསྔོ་བ་དང༌། སྨོན་ལམ་རྣམ་པར་དག་པས་མཐའ་བརྒྱན་པར་བྱའོ། །ཞེས་རོང་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་འཕོ་བའི་དམིགས་ཁྲིད་སྐལ་ལྡན་ཐར་པར་འདྲེན་པའི་ལྕགས་ཀྱུ་ཞེས་བྱ་བ་འདི་ཡང་དཔལ་ཨ་མི་ཆོས་རྗེའི་མཆོག་སྤྲུལ་རིན་པོ་ཆེ་ངག་དབང་ཀུན་དགའ་རྒྱལ་མཚན་ཕྲིན་ལས་བསྟན་པའི་སྒྲོན་མེའི་ཞལ་སྔ་ལ་འདི་ཉིད་ཀྱི་ལུང་དང་དམིགས་ཁྲིད་རྒྱས་པར་ཕུལ་སྐབས་ཕྱག་མཛོད་དགེ་སློང་བྱམས་པ་ངག་དབང་རྣམ་རྒྱལ་ནས་ཟབ་ཆོས་འདིའི་ཁྲིད་རྒྱུན་མི་ནུབ་པའི་ཕྱིར་ཁྲིད་ཡིག་ཞིག་བྲིས་ཞེས་གསུངས་པ་དང་དུ་བླངས་ཏེ། ཤཱཀྱ་བཙུན་པ་ཆོས་སྨྲ་བ་བྱམས་པ་འཕྲིན་ལས་ཡོན་ཏན་གྱིས་ན་ལེན་དྲའི་ཆོས་གྲྭ་ཆེན་པོར་སུག་བྲིས་སུ་བགྱིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།