DNZ-17-TSA-015-005
DNZ-17-TSA-015-005
༈ །རོང་སྟོན་འཕོ་བ་སྦྱང་བའི་ཚེ་ངག་འདོན་བྱ་ཚུལ་ཟུར་བཀོལ་མཆོག་གི་ལམ་ཆེན་ཞེས་བྱ་བ་བཞུགས་སོ། །བྱམས་མགོན་གཉིས་པ་རོང་སྟོན་ཆོས་ཀྱི་རྗེ། །ཐུགས་ཀྱི་སྲས་པོ་ནམ་མཁའ་དཔལ་བཟང་པོ། །སྨྲ་བའི་དབང་ཕྱུག་ཀུན་མཁྱེན་བཟོད་ཆེན་པ། །གསོལ་བ་འདེབས་སོ༴ ཐམས་ཅད་མཁྱེན་པ་ཀུན་དགའ་ལེགས་གྲུབ་ཞབས། །སྐད་གཉིས་སྨྲ་བ་ཤེའུ་ལོ་ཙཱ་བ། །རྣལ་འབྱོར་དབང་ཕྱུག་མཆོག་ལེགས་རྡོ་རྗེ་ལ། །གསོལ་བ༴ སེམས་དཔའ་ཆེན་པོ་མཁྱེན་རབ་བསྟན་འཛིན་བཟང༌། །རིགས་ཀུན་བདག་པོ་མཁྱེན་རབ་བྱམས་པའི་དཔལ། །མགོན་དེས་རྗེས་བཟུང་རྨོར་ཆེན་རྡོ་རྗེ་འཆང༌། །གསོལ་བ༴ སྐྱབས་གནས་ཀུན་འདུས་རིགས་བརྒྱའི་ཁྱབ་བདག་ཆེ། །ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཞབས། །གང་དེས་རྗེས་བཟུང་བློ་གསལ་ཕུན་ཚོགས་ལ། །གསོལ་བ་འདེབས་སོ༴ སྐྱབས་གནས་ཀུན་འདུས་ངག་དབང་ཀུན་མཁྱེན་ཞབས། །རྒྱལ་བ་གཉིས་པ་གཟིམས་འོག་རྡོ་རྗེ་འཆང༌། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ༴ སྔོན་འགྲོ་མི་རྟག་དྲན་པས་རྒྱུད་སྦྱངས་ཏེ། །རང་སེམས་འོད་ཀྱི་གོང་བུ་དཀར་ལ་འཚེར། །དྲིན་ཅན་བླ་མའི་ཐུགས་ཀར་རྒྱངས་ཀྱིས་འཕོས། །ཐོགས་མེད་མཁའ་སྤྱོད་བསྒྲོད་པར་བྱིན་གྱིས་རློབས། །བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ༴ བརྒྱའམ་ཉེར་གཅིག་སོགས་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཟབ་ལམ་འཕོ་བའི་གདམས་པ་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། སྤྲོ་ན་སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ་ཞིང༌། ཚིག་ལན་ཅིག་བརྗོད། སྔོན་འགྲོ་སྡིག་པ་བཤགས་པ་ནི། རང་གི་མདུན་གྱི་ནམ་མཁར་སེངྒེས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་ལ་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་གཡས་ས་གནོན་དང་གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན་ལ་སངས་རྒྱས་དཀར་པོ་བདུན་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་གྱིས་བསྐོར་བ། ཤར་དུ་སྔོན་པོ་བདུན་གཡས་ས་གནོན་གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ལྷོར་སེར་པོ་བདུན་གཡས་མཆོད་སྦྱིན་དང་གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ནུབ་ཏུ་དམར་པོ་བདུན་མཉམ་བཞག་གི་ཕྱག་རྒྱ་ཅན། བྱང་དུ་ལྗང་གུ་བདུན་གཡས་སྐྱབས་སྦྱིན་དང་གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ཐམས་ཅད་ཀྱང་མཚན་དཔེས་སྤྲས་པ་ན་བཟའ་ཆོས་གོས་རྣམ་པ་གསུམ་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་མཐའ་སྐོར་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟར་བཞུགས་པ་ནི་རྟེན་གྱི་སྟོབས། དེ་དག་གི་སྤྱན་སྔར་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་འཁོད་ནས་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་སེམས་དྲག་པོ་བྱེད་པ་ནི་རྣམ་པར་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབ་ཀྱང་སྡིག་པའི་ལས་ནམ་ཡང་མི་བགྱིད་སྙམ་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། དེ་ལྟར་བགྱིས་པས་འདག་ངེས་སྙམ་པ་ནི་ཉམས་པ་སོར་ཆུད་པའི་སྟོབས་ཏེ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པ་བགྱིའོ། །སེམས་ཅན་ཐམས་ཅད་དུས་རྟག་པར་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞེས་སོགས་ལྟུང་བཤགས་ཉིན་རེ་བཞིན་ཐུན་དང་པོ་ལ་ལན་གསུམ་རེ་དང༌། ཕྱི་མ་རྣམས་ལ་ལན་གསུམ་རེ། མ་ལྕོགས་ན་ཚར་རེ་གསུངས། དེ་ནས་ལུས་ཀྱི་ལས་ནི་སོགས། ཐོག་མ་མེད་ནས་སོགས། སྡོམ་པ་གསུམ་དང་སོགས། མཚམས་མེད་ལྔ་པོ་སོགས། ཕྱག་འཚལ་བ་དང་སོགས་རྒྱུན་བཞིན་གསུང༌། དངོས་གཞི་ལ། རང་གི་མདུན་གྱི་ནམ་མཁར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་ལ་དྲིན་ཆེན་རྩ་བའི་བླ་མ་དམ་པ་དེ་ཉིད་རྣམ་པ་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་ཨིནྡྲ་ནཱི་ལིའི་མདོག་ལྟར་སྔོ་བ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་ཤིང་ལྷག་མ་ཅུང་ཟད་ལྕང་ལོའི་ཚུལ་དུ་འཕྱང་བ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་མཚན་དཔེས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་དེའི་ཐུགས་སངས་རྒྱས༑ གསུང་དམ་ཆོས། སྐུ་དགེ་འདུན། ཡོན་ཏན་ནོར་ལྷ་ཕྲིན་ལས་ཆོས་སྐྱོང་སྟེ་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར། རང་གི་ལྟེ་བ་ནས་སྤྱི་གཙུག་གི་བར་དུ་རྩ་དབུ་མ་ཁོང་སྟོང་སྦ་ལྕག་འབྲིང་པོ་ཙམ་ཆུ་ཤིང་སྡོང་པོ་ལྟར་དྲང་བ། ཏིལ་མར་གྱི་མར་མེ་ལྟར་གསལ་བ། པདྨའི་སྣལ་མ་བཞིན་དུ་སྲབ་པ། རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་དམར་བ་སྟེ་ཆོས་བཞི་ལྡན་གྱི་སྤྱི་གཙུག་མཐོང་བུག་ཁ་ཡེད་དུ་ཡོད་པ། དེའི་ནང་དུ་ཕ་ལས་ཐོབ་པའི་དཀར་ཆ་ཟླ་བའི་དཀྱིལ་འཁོར་དང༌། མ་ལས་ཐོབ་པའི་དམར་ཆ་ཉི་མའི་དཀྱིལ་འཁོར་སྲན་མ་ཁ་བཤགས་ཙམ་གྱི་སྟེང་དུ། རང་གི་རྣམ་པར་ཤེས་པའི་ངོ་བོ་འོད་ཀྱི་གོང་བུ་སྲན་རྡོག་འབྲིང་པོ་ཙམ་དཀར་ལ་འཚེར་བ་ཞིག་རླུང་གིས་སྤར་སྤར་ཡོད་པར་གྱུར། རྗེ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །ཐུགས་མཁྱེན་བརྩེའི་ཡོན་ཏན་ལྷུན་འགྲུབ་ཀྱི། །ཁྱེད་ཅི་མཛད་དཔག་མེད་འགྲོ་བའི་མགོན། །སྤྲང་བདག་ལ་ཐུགས་རྗེས་གཟིགས་སུ་གསོལ། །རང་མོས་པའི་བླ་མ་རིན་པོ་ཆེ། །དེ་མདུན་གྱི་ནམ་མཁར་ཡང་ཡང་བསྒོམ། །ཡིད་རྩེ་གཅིག་འདུན་པས་གསོལ་བ་ཐོབ། །ལུས་ཙོག་པུ་སྐྱིལ་ཀྲུང་གང་བདེ་འམ། །དེ་མ་གྲུབ་གཞོག་གཡས་འོག་ཏུ་ཆུག །གནས་ལྟེ་བ་ནས་བཟུང་སྤྱི་གཙུག་བར། །རྩ་དབུ་མ་ཁོང་སྟོང་སྦ་སྨྱུག་ཙམ། །སྟེང་སྤྱི་གཙུག་དཀར་ཁུང་ཐལ་ལེ་བ། །སྒོ་མ་འགགས་ཐལ་ལེ་ཡོད་པ་ལ། །སེམས་འོད་ཀྱི་གོང་བུ་དཀར་ལ་འགྲིལ། །ཚད་སྲན་རྡོག་ཙམ་ཞིག་སྙིང་གར་བསྒོམ། །དེ་སོག་སྦུག་ཡུངས་ཀར་ཕུ་བཏབ་བཞིན། །དེ་ཐེ་ཚོམ་མེད་པར་རྒྱངས་ཏེ་ཐོན། །དེ་བླ་མའི་ཐུགས་ཀར་ཐིམ་དུ་ཆུག །དུས་ད་ནས་བྱང་ཆུབ་མ་ཐོབ་བར། །མ་དྲིན་ཅན་བདེ་བའི་སྨོན་ལམ་འདེབས། །དེ་ནས་དམིགས་པ་དང་བཅས། ཕཊ། བརྗོད་པ་སོགས་ཁྲིད་ཡིག་ལྟར་རོ། །ཐུན་འཇོག་པ་ན། བླ་མ་རང་གི་སྤྱི་གཙུག་ནས་བྱོན་སྙིང་གར་ཞུགས། ཚངས་བུག་སྣ་ཚོགས་རྡོ་རྗེའི་ལྟེ་བས་བཀག་པར་གྱུར། ཅེས་བརྗོད་ཅིང་བསམ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །ཅེས་པའང་སྟབས་བདེ་ཁྱད་ཀྱིས་རྡོ་རྗེ་འཆང་མཁྱེན་རབ་བྱམས་པའི་གསུང་རབ་ལས་ཟུར་དུ་འཁོལ་བ་པོ་ནི་མཻ་ཏྲི་ཀརྨ་གུ་ཎའོ། །སརྦ་དཱ་མངྒ་ལཾ། །འདིའི་ཁྲིད་ལུང་གི་བརྒྱུད་པ་ནི། གཟིམས་འོག་རྡོ་རྗེ་འཆང་བྱམས་པ་བསྟན་འཛིན་ཕྲིན་ལས་ཡན་ངག་འདོན་གྱི་བརྒྱུད་འདེབས་ལྟར་ལ། དེ་ནས་ཡོངས་འཛིན་བླ་མ་བྱམས་པ་ཕྲིན་ལས་ཡོན་ཏན། གཟིམས་འོག་མཆོག་སྤྲུལ་རིན་པོ་ཆེ་བྱམས་པ་བསྟན་འཛིན་སྙན་གྲགས། དེས་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལའོ།