DNZ-16-MA-013-001

From Damngak Dzö
Revision as of 10:18, 29 May 2025 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DNZ-16-MA-013-001

༄༅། །སྤྱན་རས་གཟིགས་ལམ་རིམ་བླ་མ་བརྒྱུད་པ་ལ་གསོལ་འདེབས་བྱིན་རླབས་ཀྱི་ཆུ་གཏེར་བཞུགས་སོ། །

༄༅། །ༀ་སྭ་སྟི། སྟོབས་སོགས་ཆོས་སྐུའི་ནམ་མཁའ་ཡངས་པ་ལ། །མཚན་དཔེའི་འོད་སྟོང་ཡོངས་སུ་རྒྱས་པའི་སྐུ། །ཡེ་ཤེས་ལྔ་ཡི་འོད་ལྡན་རྒྱལ་བ་མཆོག །འདྲེན་པ་འོད་དཔག་མེད་ལ་གསོལ་བ་འདེབས། །བསྐྱེད་རྫོགས་བྱམས་དང་སྙིང་རྗེ་འབྱོང་བ་དང༌། །ཞི་གནས་ལྷག་མཐོང་སྒྱུ་ལུས་རྨི་ལམ་དང༌། །འོད་གསལ་འཕོ་བ་བར་དོ་རྣམ་འབྱོང་ཞིང༌། །ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །ས་བཅུའི་དབང་ཕྱུག་རྒྱལ་བ་ཀུན་འདུས་གསུང༌། །རབ་འབྱམས་ནམ་མཁའི་མཐའ་ཁྱབ་སྤྲུལ་པའི་སྐུ། །འགྲོ་ཀུན་བྱང་ཆུབ་ལམ་ལ་འདྲེན་མཛད་པ། །མགོན་པོ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །བསྐྱེད་རྫོགས་བྱམས་དང༴ ཞི་གནས་ལྷག་མཐོང༴ འོད་གསལ་འཕོ་བ༴ ཚེ་གཅིག་སངས་རྒྱས་འགྲུབ༴ དེ་ཉིད་རྣམ་པར་སྤྲུལ་པ་རྒྱས་སྲས་མཆོག །དཔག་མེད་རྫུ་འཕྲུལ་སྟོབས་ཀྱིས་འགྲོ་ཀུན་འདྲེན། །སྐྱེ་འཆི་མི་མངའ་རྡོ་རྗེའི་སྐུ་ཐོབ་པ། །མི་ཏྲ་ཛོ་ཀིའི་ཞབས་ལ་གསོལ་བ་འདེབས། །བསྐྱེད་རྫོགས༴ ཞི་གནས༴ འོད་གསལ༴ ཚེ་གཅིག༴ རྒྱལ་བའི་རྒྱལ་ཚབ་བསྟན་པའི་མངའ་བདག་མཆོག །རྒྱལ་སྲས་སྤྱོད་པ་རླབས་ཆེན་ཀུན་སྤྱོད་ཅིང༌། །འཛམ་གླིང་ཕན་བདེའི་ལམ་ལ་འགོད་མཛད་པ། །ཤྲཱི་པུ་ཏྲའི་ཞབས་ལ་གསོལ་བ་འདེབས། ། བསྐྱེད་རྫོགས༴ ཞི་གནས༴ འོད་གསལ༴ ཚེ་གཅིག༴ དེ་ཉིད་རྗེས་བཟུང་གདམས་པའི་སྣོད་དུ་གཟིགས། །མངོན་མཁྱེན་སྤྱན་ལྡན་གནས་ལུགས་མངོན་གྱུར་ཅིང༌། །མན་ངག་རྒྱ་མཚོའི་གཏེར་གྱུར་བླ་མ་མཆོག །རྗེ་བཙུན་གྲགས་པ་རིན་ཆེན་ལ་གསོལ་བ་འདེབས། །བསྐྱེད་རྫོགས༴ ཞི་གནས་ལྷག་མཐོང༴ འོད་གསལ༴ ཚེ་གཅིག༴ སྔོན་སྦྱངས་སྟོབས་ཀྱིས་བདེན་གཉིས་དོན་རྟོགས་ཤིང༌། །སྨོན་ལམ་དབང་གིས་དོན་གཉིས་ལྷུན་གྱིས་གྲུབ། །སྤྱན་རས་གཟིགས་དབང་ཕྲིན་ལས་རྒྱས་མཛད་པ༑ ༑རྟོགས་ལྡན་བུདྡྷ་ཤྲཱི་ལ་གསོལ་བ་འདེབས། །བསྐྱེད་རྫོགས་བྱམས་དང་སྙིང་རྗེ་འབྱོང་བ་དང༌། །ཞི་གནས་ལྷག་མཐོང་སྒྱུ་ལུས་རྨི་ལམ་དང༌། །འོད་གསལ་འཕོ་བ་བར་དོ་རྣམ་འབྱོང་ཞིང༌། །ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །{{TibChung|སྤྱན་རས་གཟིགས་ལམ་རིམ་གྱི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ། བྱིན་རླབས་ཀྱི་ཆུ་གཏེར་ཞེས་བྱ་བ་རྣལ་འབྱོར་པ་འོད་དཔག་རྡོ་རྗེས་བཀོད་པའོ།