DNZ-10-THA-024-002
DNZ-10-THA-024-002
།གྲུབ་པའི་སྐྱེས་མཆོག་ཆེན་པོའི་ཞལ་གདམས་བླ་མ་སྒྲུབ་པའི་བརྒྱུད་འདེབས་བྱིན་རླབས་བདུད་རྩིའི་སྤྲིན་ཕུང་བཞུགས། ན་མོ་གུ་རུ་བཛྲ་དྷ་རཱ་ཡ། སྲིད་ཞིའི་ཁྱབ་བདག་སྐུ་ལྔའི་དབང་ཕྱུག་གཙོ། །སྟོན་མཆོག་བཅོམ་ལྡན་རྒྱལ་བ་རྡོ་རྗེ་འཆང༌། །གསོལ་བ་འདེབས་སོ་སྨིན་ཅིང་གྲོལ་བ་དང༌། །རྣམ་ཐར་འཁྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ། །སྐུ་གསུམ་སྒྱུ་འཕྲུལ་བཀོད་པའི་རོལ་རྩེད་ཀྱིས༑ ༑བདེ་ཆེན་མཆོག་སྩོལ་ཡེ་ཤེས་མཁའ་འགྲོ་མ། །གསོལ་བ་འདེབས་སོ་སྨིན་ཅིང་༴ རྣམ་ཐར་འཁྱོངས་པར༴ ཉམས་རྟོགས་དོན་བརྒྱུད་བྱིན་རླབས་བར་མ་ཆད། །གྲུབ་བརྙེས་རྒྱ་བོད་བླ་མ་བརྒྱུད་པའི་ཚོགས། །གསོལ་བ༴ རྣམ་ཐར་འཁྱོངས་པར་བྱིན་གྱིས༴ རྒྱལ་བ་དངོས་ཉིད་མཁས་གྲུབ་བཤེས་གཉེན་ཚུལ། །ཧེ་རུ་ཀ་དཔལ་སྐྱེས་མཆོག་རྒྱལ་མཚན་དཔལ། །གསོལ་བ་འདེབས་སོ༴ རྣམ་ཐར་འཁྱོངས་པར༴ དགོངས་པས་བྱིན་རླབས་ཟབ་གཏེར་ཆོས་བཀའ་བབ། །བཀའ་དྲིན་གསུམ་ལྡན་བློ་གྲོས་ཆོས་འཕེལ་ཞབས། །གསོལ་བ་འདེབས་སོ༴ རྣམ་ཐར་འཁྱོངས་པར༴ དམ་པས་རྗེས་བཟུང་སྨོན་ལམ་ལས་འཕྲོ་ཅན། །དོན་བརྒྱུད་བཀའ་བབ་རྩ་བའི་བླ་མ་ལ། །གསོལ་བ་འདེབས༴ རྣམ་ཐར་འཁྱོངས་པར༴ ཕྱོགས་བཅུ་དུས་གསུམ་རྒྱལ་བ་མ་ལུས་པའི། །ཐུགས་རྗེ་ནུས་པ་གཅིག་བསྡུས་གུ་རུ་ཉིད། །སྐྱབས་ཀུན་སྙིང་པོར་སྒྲུབ་ཅིང་གསོལ་བ་འདེབས། །བྱིན་རླབས་འཕོ་བས་བདག་རྒྱུད་འགྲོལ་དུ་གསོལ། །སྲིད་པའི་བདེ་ལ་ནམ་ཡང་མི་ཞེན་པར། །རྩེ་གཅིག་ངེས་དོན་སྙིང་པོའི་ལམ་བསྒོམས་པས། །སྐུ་གཉིས་འབྲས་བུ་ཚེ་འདིར་ཐོབ་པ་དང༌། །བཀའ་བརྒྱུད་རྣམ་ཐར་འཁྱོངས་པར་བྱིན་གྱིས་བརླབ། །མགོན་ཁྱོད་རིང་ལུགས་རིན་ཆེན་དབང་གི་རྒྱལ། །ཚུལ་གནས་ཐོས་བསམ་སྒོམ་པའི་རྒྱལ་མཚན་རྩེར། །མཆོད་པའི་བསྟན་འཛིན་དབྱར་མཚོ་ལྟར་འཕེལ་བས། །སྙིང་པོའི་བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཁྱོད་གསུང་ཟབ་ལམ་ནོར་བུའི་ཅོད་པན་གང༌། །རིས་མེད་མཆོག་དམན་འགྲོ་བ་མ་ལུས་པའི། །སྤྱི་བོར་བཀོད་པའི་ཕྲིན་ལས་རབ་རྒྱས་པས། །ཉིད་ཀྱི་རིང་ལུགས་འཕེལ་བར་བྱིན་གྱིས་རློབས། །བསླུ་མེད་དམ་པ་ཁྱོད་ཀྱི་ཐུགས་རྗེའི་མཐུས། །བདག་ཀྱང་སྐུ་ཚེ་མཛད་ཕྲིན་སྤངས་རྟོགས་ཀྱི། །ཡོན་ཏན་ཁྱོད་སྐུ་ཅི་འདྲ་དེ་ཐོབ་ནས། །འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་རློབས། །ཞེས་ཁྱད་པར་གྱི་བླ་སྒྲུབ་བརྒྱུད་འདེབས་བྱིན་རླབས་བདུད་རྩིའི་སྤྲིན་ཕུང་ཞེས་བྱ་བ་འདི་ནི། རང་ཉིད་ཀྱི་དད་པས་ཀུན་ནས་བསླངས་ཏེ་མེ་འབྲུག་ས་ག་ཆེན་པོའི་ཡར་ཚེས་དགེ་བར་རྣལ་འབྱོར་པ་ངག་དབང་ཡེ་ཤེས་དཔལ་བཟང་པོས་གདན་ས་ཆེན་པོ་འབའ་རར་སྦྱར་བ་དགེ་ལེགས་འཕེལ།།