DNZ-10-THA-001-001
DNZ-10-THA-001-001
༄༅། །ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག་གཞུང་ཆུང་རྡོ་རྗེའི་ཚིག་རྐང་ཡིད་བཞིན་གྱི་ནོར་བུ་བཞུགས་སོ། །
༄༅། །ན་མོ་གུ་རུ་དྷརྨ་ཀཱ་ཡ། བླ་མ་དང་དུས་གསུམ་གྱི་སངས་རྒྱས་རིན་པོ་ཆེ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བླ་མ་རིན་པོ་ཆེའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ནི། སློབ་མ་རྣམས་གཅིག་ལ་བྱོན་པ་གཅིག་ལ་མི་འབྱོན་པས། རང་རང་གི་སྐལ་བ་ལྟར་དུ་མ་བཞུགས་པ་ཡིན། འདིར་བདག་གིས་ཇི་ལྟར་ཐོས་པའི་ཚུལ་ནི། སྒོམ་ཕྱག་རྒྱ་ཆེན་པོ་དེ་སོ་སོ་སྐྱེ་བོའི་གང་ཟག་གཅིག་གི་རྒྱུད་ལ་སྐྱེ་བར་བྱེད་པ་ལ། ངེས་པར་འབྱུང་བའི་བློ་བཅོས་མ་མ་ཡིན་པ་ཁོང་ནས་བརྡོལ་བ་ཅིག་དགོས། དེས་སྣ་དྲངས་ནས། མིའི་ལུས་རིན་པོ་ཆེ་འདི་རྙེད་པར་དཀའ་ཞིང་འཇིག་པར་སླ་བ་དང༌། ཤི་ནས་རིགས་དྲུག་གར་སྐྱེས་སྡུག་བསྔལ་ཡིན་པ་དང༌། དེ་ལྟར་འཁོར་བ་དང་ངན་སོང་གི་དུཿ ཁ་ལས་ཐར་བར་བྱ་བའི་ཕྱིར། དགེ་བ་སྒྲུབ་ཅིང་སྡིག་པ་སྤང་བའི་བླང་དོར་བྱ་བ་དང༌། དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད། བླ་མ་རྡོ་རྗེ་སེམས་དཔའ་སྤྱི་བོར་བཞུགས་པའི་སྐུ་ལས་བདུད་རྩི་བབས་པས། རང་གི་ཚངས་བུག་ནས་ཞུགས། སྡིག་སྒྲིབ་དག་པར་བསམ་ལ། ཡི་གེ་བརྒྱ་པ་མལ་གཅིག་ཏུ་ངག་བཅད་ལ་བཟླ། ལུས་ལོངས་སྤྱོད་ཐམས་ཅད་བླ་མ་དཀོན་མཆོག་ལ་ཕུལ་ནས་རྟོགས་པ་མཆོག་ཏུ་གྱུར་པ་རྒྱུད་ལ་སྐྱེ་བར་གསོལ་བ་གདབ། བླ་མ་རིན་པོ་ཆེ་སྤྱི་བོར་བསྒོམས་ལ། དཀོན་མཆོག་ཐམས་ཅད་ཀྱི་ངོ་བོ་ཡིན་པ་ལ་ཡིན་པར་ཤེས་པས། སྙིང་ཁོང་རུས་པའི་དཀྱིལ་ནས་གསོལ་བ་བཏབ། བླ་མ་རང་ལ་ཐིམ་པས་བྱིན་རླབས་ཐམས་ཅད་ཐོབ་པར་བསམ། དེ་རྣམས་སྒོམ་མ་སྐྱེས་པ་སྐྱེ་བར་བྱེད་པ་སྔོན་འགྲོ་བཞི་སྦྱོར་ཞེས་བྱའོ། །དངོས་གཞི་ལ་ལུས་རྣམ་སྣང་གི་ཆོས་བདུན་བཅས་ལ། དེ་དང་ལྷན་ཅིག་སེམས་གཞན་དུ་མི་འགྲོ་བར་བཟུང༌། རླུང་ཕྱིར་རྒྱུ་ནང་རྒྱུ་དང་སེམས་དབྱེར་མེད་པ་ལ་བཟུང༌། ཡང་ལུས་ཀྱི་ཕྱི་ནང་སྟོད་སྨད་གང་ཡིན་པར། བླ་མ་རིན་པོ་ཆེ་བསྒོམས་ལ་སེམས་བཟུང༌། ཡང་དེར་ཐུབ་པའི་དབང་པོའམ་ཇོ་བོ་སྤྱན་རས་གཟིགས་བསྒོམ་ལ་སེམས་བཟུང༌། ཡང་རང་གི་སེམས་གྱ་འགྱུ་བ་འདི་དབྱིབས་ཁ་དོག་ཇི་ལྟར་སྣང༌། དེ་གང་ནས་བྱུང་། གང་དུ་གནས། གར་འགྲོ་སོགས་རྩད་བཅད་ཅིང་བསྒོམ། བྱུང་གནས་འགྲོ་བ་དང༌། དབྱིབས་ཁ་དོག་སོགས་མ་རྙེད་པའི་དོན་དེ་ལ་ལྷན་ཙེར་བཞག་གོ །དེ་རྣམས་ནི་ཞི་གནས་སྒྲུབ་པ་དང༌། གཞི་རྩ་གཅོད་པའོ། །དེ་ནས་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་རྒྱུ་ནི། བྱིན་རླབས་དང་མོས་གུས་ཡིན་པས་གསོལ་བ་བཏབ་ཅིང་ཐུགས་ཡིད་བསྲེ། ལར་ཡང་ལུས་གནད་གལ་ཆེ། སེམས་གང་ཤར་ལ་བཟོ་བཅོས་དང༌། སྤྲ་སྤྲོ་མི་བྱེད་པར་བཞག །དེའི་ཚེ་སེམས་ཉིད་རྣལ་མའི་འདུག་ཚུལ་འདི་ཡོད་པ་ཞེས་དམིགས་སུ་མེད། མེད་དོ་ཞེས་སྟོང་པར་མ་ལུས། གང་སྣང་གི་ངོ་བོ་དེ་ཀ་གཉུག་མའི་རང་བབས་འདི་ལས་མི་འདའ་བ་ཡིན་ནོ། །དེས་རྣམ་པར་རྟོག་པ་ཐམས་ཅད་ལ་ཉམས་སུ་ལེན་ཏེ། འདོད་ཆགས་ཞེ་སྡང་ལ་བལྟས་པས་སྣང་སྟོང་རྩ་བྲལ། བདེ་བ་དང་སྡུག་བསྔལ་ལ་བལྟས་པས་བདེ་སྡུག་རང་གྲོལ། ང་དང་བདག་ལ་བལྟས་པས་ང་མེད་བདག་མེད། ཕྱི་སྣང་བའི་ཡུལ་ཐམས་ཅད་སྣང་སྟོང་ལྷན་སྐྱེས། དུ་མ་རོ་གཅིག །སྣང་སེམས་དབྱེར་མེད་ཀྱི་དོན་ལས་མ་འདས་པ་ཡིན་ནོ། །འདི་ནི་བླ་མ་རིན་པོ་ཆེ་སྒམ་པོ་པས། རྒྱུ་ཡི་དུས་ན་འབྲས་བུ་ངོ་མཚར་ཆེ། །ཞེས་གསུངས་པ་སྟེ། སྐྱེས་པ་བརྟན་པར་བྱེད་པ་ངོ་སྤྲོད་རྣམ་པ་གསུམ་ཞེས་བྱ་བའི་མན་ངག་གོ །དེ་ནས་སྒོམ་གོལ་ས་མེད་པ་བྱ་བ་ཡིན་པས། བདེ་གསལ་ལ་མ་ཞེན་པ། ལྟེང་པོར་མ་ཤོར་བར་བྱ། མོས་གུས་དང་སྙིང་རྗེ་བོགས་འདོན་པ་ཡིན། ལར་ཡང་བོགས་འདོན་པའི་རྩ་བ་ཚེ་འདི་བློས་བཏང་དགོས་པ་ཡིན། ཚེ་འདི་བློས་བཏང་ནས་བསྒོམ་ཙ་ན། ཉམས་མྱོང་ཐམས་ཅད་རང་ཤུགས་ཀྱིས་འོང་བ་ཡིན། རིན་པོ་ཆེ་ལ་མོས་གུས་གནད་དུ་སོང་ན། ལྷག་མཐོང་རྟོགས་པ་བྱ་བ་ལོགས་ན་མེད། དེ་ལྟར་ཉམས་སུ་བླང་ཙ་ན། རྣལ་འབྱོར་རྣམ་བཞི་རིམ་གྱིས་སམ། གཅིག་ཆར་དུ་འཆར་བ་ཡིན། དེ་ཡང་རིན་པོ་ཆེའི་ལུགས་ཀྱིས། རྣལ་འབྱོར་རེ་རེའང་གསུམ་གསུམ་དུ་འོང་བ་ཡིན་གསུངས་ཏེ། གེགས་སེལ་བོགས་འདོན་དང་འབྲས་བུའི་འཆར་ཚུལ་རྗེས་ཀྱི་དོན་ནོ། །དེ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་མན་ངག་ཉམས་སུ་ཇི་ལྟར་ལེན་ཚུལ། རིན་པོ་ཆེའི་གསུང་ལས་བྱོན་པ། ཡིད་བཞིན་གྱི་ནོར་བུའི་གདམས་པ། བནྡེ་བཀྲ་ཤིས་དཔལ་གྱི་ཡི་དམ་ལགས་སོ། །ཨྠིྀ།