DNZ-04-NGA-002-003

From Damngak Dzö
Revision as of 10:17, 29 May 2025 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DNZ-04-NGA-002-003

༈ །བློ་སྦྱོང་སེམས་དཔའི་རིམ་པ་ལས་བཟློག་ཕྱོགས་གཉེན་པོའི་ཆོས་བཞུགས་སོ། །སྙིང་རྗེའི་གདུང་བ་སྨན་གཅིག་པོ། །བདག་ལྟ་ཐུལ་བའི་གཉེན་གཅིག་པོ། །ཆགས་སྡང་སྐྱོབ་པའི་ལྷ་གཅིག་པོ། །གཉེན་པོའི་རྩ་བ་ཆོད་ལ་འདུད། །ཉོན་མོངས་རྣམ་རྟོག་སྐྱེས་པའི་ཚེ། །རྒྱ་ཁྲས་བྱེའུ་དེད་པ་ལྟར། །དམིགས་སུ་བཀོར་ལ་བཀར་དེད་གྱིས། །ལག་ཏུ་ཟིན་ཏེ་བརླག་པར་གྱིས། །ངན་རྟོག་སྙིང་ལ་ཞེན་པའི་ཚེ། །དགྲ་རྐུན་ངོས་འཛིན་བྱེད་པ་ལྟར། །དབྱིབས་དང་སྤུ་རིས་ཕྱེ་མཛོད་ལ། །ཕྱིན་ཆད་རྟོག་པ་མེད་པར་གྱིས། །བཟང་རྟོག་དགྲ་རུ་ལངས་པའི་ཚེ། །གཤེད་མ་བུར་བརྫུས་ཟིན་པ་ལྟར། །ཟིན་མ་ཐག་ཏུ་མགོ་གནོན་ལ། །སྲོག་གཅོད་རྟོག་པ་མེད་པར་གྱིས། །སྐྱིད་འདོད་ལེ་ལོ་བྱུང་བའི་ཚེ། །སྟོན་གཡོག་གཉིད་ལོག་བསླངས་པ་ལྟར། །བསྡད་པའི་སྐབས་མེད་དྲག་འཆུན་གྱིས། །རྣམ་གྲོལ་ལས་ལ་འདའ་བར་བྱ། །ཚེ་འདིའི་ཆེ་ཐབས་སྒྲུབ་པའི་ཚེ། །སྲིན་པོ་མི་ཟན་མཐོང་བ་ལྟར། །ལྡང་ཞིང་ལས་དེའི་འཕྲོ་བཞག་ལ། །མི་ཁོམ་ལས་ལ་རྒྱང་རིང་བྲོས། །ཟླ་དང་གཡེང་བས་ཁྱེར་བའི་ཚེ། །གཡུལ་ངོར་མི་རོ་མཐོང་བ་ལྟར། །གྲོགས་དང་བཅས་ལ་རབ་སྡང་ཞིང༌། །དབེན་པའི་ནགས་ཁྲོད་བརྟེན་པར་བྱ། །ཆགས་སྡང་བདུད་ཀྱིས་གཡེངས་པའི་ཚེ། །ཁྱི་སྨྱོན་དུག་སྦྲུལ་མཐོང་བ་ལྟར། །འཁོར་བའི་བདེ་ལ་རྒྱབ་ཕྱོགས་ཀྱིས། །བཙན་ས་མྱང་འདས་དབྱིངས་སུ་བྲོས། །རྟག་འཛིན་བཙོན་རར་བསྡམས་པའི་ཚེ། །རྒྱལ་པོས་དོང་དུ་མནར་བ་ལྟར། །ནམ་འཆི་ཆ་མེད་རབ་བསམ་ལ། །ཡིད་འབྱུང་སྐྱོ་ཤས་དྲག་པོ་བསྟེན། །ཐོས་བསམ་ལོ་འདོད་ཤོར་བའི་ཚེ། །ཟློས་གར་མཁན་གྱིས་བཤད་པ་ལྟར། །ལག་ལེན་མེད་པར་རབ་བསམས་ནས། །རང་ལ་ཁྲེལ་བདས་ཆེན་པོ་བྱ། །ཉིན་མཚན་ཆོས་ལ་འབད་གྱུར་ཀྱང༌། །ད་དུང་སྐྱ་དྲི་མ་ཡལ་ན། །བདུད་ཀྱིས་ཁྱེར་བར་རབ་བསམས་ལ། །བཟློག་སྟེ་གཉེན་པོ་བསྟེན་པར་བྱ། །བྱས་པ་ཆོས་ལ་བསམས་གྱུར་ཀྱང༌། །ཅི་བྱས་ལོག་པར་སོང་གྱུར་ན། །འགོང་པོས་ཁྱེར་བར་རབ་བསམས་ལ། །ངེས་པར་དཀོན་མཆོག་ར་མདར་སྦྲན། །བླ་མའི་གྲྭ་སར་བསྡད་གྱུར་ཀྱང༌། །མཁན་སློབ་གྲོགས་པོ་ལྟར་བཅོས་པའི། །ཆོས་ལ་ཆགས་སྡང་གསོག་གྱུར་ན། །བདུད་ལས་བསམས་ལ་ནགས་ཁྲོད་བསྟེན། །རྩེ་གཅིག་སྒོམ་སྒྲུབ་བྱས་གྱུར་ཀྱང༌། །ད་དུང་གྲོལ་ཆ་མ་རྙེད་ན། །ཐོས་པས་གོལ་ས་མ་རྙེད་སྐྱོན། །བསམས་ལ་བཟློག་སྟེ་ཟབ་མོ་བལྟ། །བློ་སྦྱོང་སེམས་དཔའི་རིམ་པ་ལས། བཟློག་ཕྱོགས་གཉེན་པོའ་ིཆོས་རྣམས་ཡོངས་སུ་རྫོགས་སོ།