DNZ-01-KA-015-001
DNZ-01-KA-015-001
༄༅། །སྙན་བརྒྱུད་རིན་པོ་ཆེའི་ཁྲིད་ཀྱི་མན་ངག་མཁའ་དབྱིངས་སྙིང་པོའི་བདེ་ཁྲིད་བཞུགས་སོ། ། རྫོགས་པ་ཆེན་པོ་སེམས་སྡེ་ཨ་རོ་ལུགས་སོ། །
༄༅། །རྒྱལ་བ་སྐུ་གསུམ་གྱི་རང་བཞིན་དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འདི་ནི་བླ་མེད་ཐེག་པའི་གསང་ཆེན་གནད། །ཞལ་ལས་སྙན་བརྒྱུད་བདེ་གཤེགས་ཀུན་གྱི་ཐུགས། །གེགས་མེད་ཉེ་ལམ་གཉུག་མའི་དེ་ཁོ་ན། །ཉེ་བར་སྣང་གི་བསྒྲུབ་ལ་མོས་པ་དག །ཚེ་འདིར་ཆགས་པའི་རྣམ་བཞག་རྣམས་དོར་ནས། །རྒྱལ་བ་དགོངས་པའི་གསང་བ་སྙིང་པོའི་དོན། །ཡི་གེ་མེད་པའི་སྙན་བརྒྱུད་འདི་ཟུངས་ལ། །གདོད་ནས་གནས་པ་གདོད་མའི་སར་བརྙེས་མཛོད། །དེ་ལ་རེ་ཞིག་རྗེ་བཙུན་རྣམ་པར་སྣང་མཛད་ཞབས་ཀྱི་མན་ངག་གི་སྙིང་པོ་སྙན་བརྒྱུད་རིན་པོ་ཆེའི་ལག་ཁྲིད་ལ་དང་པོའི་ཏིང་ངེ་འཛིན། བར་གྱི་ཏིང་ངེ་འཛིན། ཐ་མའི་ཏིང་ངེ་འཛིན་ཞེས་སྒོམ་རིམ་གསུམ་ལས། དང་པོ་ལ། བསགས་པའི་དང༌། སྦྱོང་བའི་དང༌། སྒྲུབ་པ་ཞེས་བྱའོ། །དང་པོ་ནི། སྟན་ལ་ཅི་བདེར་གནས་པས་མི་རྟག་པ་དྲན་པ་སོགས་འཇུག་རིམ་སྔོན་དུ་བཏང་ལ། སྐྱབས་སེམས་དང་ལྡན་པས་ཕྱག་རྒྱའི་དཀྱིལ་འཁོར་བསྒོམ་པར་བྱའོ། །འདི་ལྟར་རང་བཞིན་རྣམ་པར་དག་པའི་དབྱིངས་ཚད་མེད་པར་བཻ་ཌཱུའི་མཎྜལ་དྲི་མ་མེད་པ་ལྟ་བུ། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ཡེ་ཤེས་ཀྱི་རང་བཞིན་རྩིབས་སྟོང་དང་ལྡན་པའི་གསེར་གྱི་འཁོར་ལོ་དང༌། མེ་ལོང་ཡེ་ཤེས་ཀྱི་ངོ་བོ་བཻ་ཌཱུའི་རྡོ་རྗེ་དང༌། མཉམ་པ་ཉིད་ཀྱི་རང་བཞིན་ནོར་བུ་རིན་པོ་ཆེ་དང༌། སོ་སོར་རྟོག་པའི་རང་བཞིན་པདྨ་འདབ་མ་བརྒྱ་པ་དང༌། བྱ་བ་གྲུབ་པའི་རང་བཞིན་སྣ་ཚོགས་རྡོ་རྗེ་དང་རེ་རེ་ཞིང་ཡང་རྒྱ་ཁྱོན་ཚད་མེད་པ། ལྷ་དང་མིའི་སྐྱེ་བོ་དུ་མ་དག་གིས་བརྟེན་གནས་སུ་གྱུར་པ་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པའི་བཀོད་པས། ཕྱོགས་ཀྱི་ཁོང་མ་ལུས་པ་ཀུན་ཏུ་གང་བ་གསལ་བར་དམིགས་ལ། དེར་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་སྤྱན་དྲངས། དེ་ཡང་ནམ་མཁའི་མཐིལ་དུ་རྒྱལ་བ་ཀུན་བཟང་ཡེ་ཤེས་ཀྱི་སྐུ། ཤར་དུ་རང་བྱུང་རིག་པའི་སྐུ། ལྷོར་ཆོས་དབྱིངས་སྟོང་པའི་སྐུ། ནུབ་ཏུ་ལྷུན་གྱིས་གྲུབ་པའི་སྐུ། བྱང་དུ་འགག་མེད་གསལ་བའི་སྐུ་རྣམས་ཡང་དག་པར་བཀོད་ལ། སྔར་བཀོད་པའི་རྫས་དེ་དག་དབུལ་ཞིང་བསོད་ནམས་སུ་བྱ་བ་མཐའ་དག་ཞིབ་ཏུ་བསྒོམ་ཞིང་དམིགས་མེད་དུ་བསྡུ་བའོ། །སླར་ཡང་སྤྱི་མགྲིན་སྙིང་ཁར་ༀ་ཨཱཿ ཧཱུྃ་ཞེས་རབ་ཏུ་བཀོད་དེ་སེམས་བཟུང་ལ། ཧཱུྃ་གི་འོད་ཀྱིས་ཕྱི་ནང་ཐམས་ཅད་ནམ་མཁའ་ལྟར་བྱས་ནས་ཡི་གེ་གསུམ་གྱི་ལུས་སུ་བལྟའོ། །དེ་བཞིན་དུ་ཨ་ཡི་འོད་ཀྱིས་བརྟན་པ་དང་གཡོ་བ་མཐའ་དག་རབ་ཏུ་གསལ་བར་གྱུར་པ་དང༌། ༀ་གྱི་འོད་ཀྱིས་ཤིན་ཏུ་རྣམ་པར་དག་པའི་དངོས་ཉིད་དུ་བྱས་ལ༑ ༀ་བཛྲ་སཏྭ་ༀ་ཞེས་རང་ཉིད་རྡོ་རྗེ་སེམས་དཔའ། སྤྱི་བོའི་ནང་ཁོངས་སུའང་དེ་དང་ལྡན་པར་བལྟའོ། །ༀ་བཛྲ་སཏྭ་ཨཱཿ ཞེས་འཇིག་རྟེན་མཐའ་དག་སྔགས་ཀྱི་སྒྲས་བཀང་སྟེ། མགྲིན་པར་རྡོ་རྗེ་སེམས་དཔའ་དམར་པོ་དང༌༑ ༀ་བཛྲ་སཏྭ་ཧཱུྃ་ཞེས་སྙིང་གར་རྡོར་སེམས་སྔོན་པོ་དང༌། ཟླ་བ་རྡོ་རྗེ་སྔོན་པོ་ཧཱུྃ་ལྔ་ལྡན་བསྒོམས་ལ། དེ་སོ་སོའི་འོད་ཀྱིས་འགྲོ་བ་མ་ལུས་པའི་ལུས་ངག་ཡིད་གསུམ་གྱི་དྲི་མ་སྦྱངས་ཏེ་རིགས་གསུམ་རྡོ་རྗེ་སེམས་དཔར་གྱུར་པ་དང༌། ཡི་གེ་བརྒྱ་པའི་སྒྲ་དབྱངས་ཀྱི་དང༌། དབྱིངས་ཡེ་ཤེས་རོ་མཉམ་ཉིད་ཀྱི་དོན་ལ་སེམས་བཞག་རྣམས་བྱ་ཞིང་སྔགས་བཟླ། བསྡུ་བའི་རིམ་པས་སྡུད་པའོ། །དེ་ནས་མདུན་གྱི་ནམ་མཁར་འདབ་རྒྱས་པདྨོའི་ཟེའུ་འབྲུར་ཟླ་བ་ཉི་མ་ལ། བླ་མ་ཡི་དམ་རྗེ་བཙུན་རྣམ་པར་སྣང་མཛད་ཀུན་ཏུ་བཟང་པོ་ཉ་རྒྱས་ཟླ་བ་ལས་ལྷག་པར་དཀར་བའི་སྐུ། མཉམ་བཞག་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་རྒྱན་དུ་མ་དང་ལྡན་པ་ལ་རིགས་བཞིའི་ཀུན་བཟང་སོགས་བདེར་གཤེགས་དུ་མས་བསྐོར་བ་དམིགས་ལ་མཆོད་པས་མཆོད་དེ་གསོལ་བ་དྲག་ཏུ་གདབ་པར་བྱའོ། །དེའི་སྨིན་མཚམས་ནས་འོད་ཟེར་བྱེ་བ་ཁྲག་ཁྲིག་བསམ་གྱིས་མི་ཁྱབ་པ་བྱུང༌། རང་གི་ལུས་མཐའ་དག་ཏུ་ཐིམ། སྒྲིབ་པ་དག །དབང་ཐོབ། ཡེ་ཤེས་མངོན་དུ་བྱས། ཟེར་ཟེར་ཕྲན་འཇིག་རྟེན་མཐའ་དག་ཁྱབ། ཐམས་ཅད་མཆོག་ཏུ་དྲི་མ་མེད་པར་བྱས་ཞེས་ངེས་པ་རབ་ཏུ་བརྟན་པར་བཀོད་དེ༑ བསྔོ་བ་སྨོན་ལམ་བྱས་ལ། ཅི་བདེར་མཆོད་དོ་ཞེས་བྱ་བ་ནི་རྣམ་པ་གཅིག་ལ། ངེས་པ་བརྟན་པ་ཉིད་ཀྱིས་ཏིང་ངེ་འཛིན་ཕྱི་མ་ལ་འཇུག་གོ་ཞེས་བྱ་བ་ནི་གཞན་ནོ། །མདོར་ན་དེ་དག་ནི་དང་པོའི་ཏིང་ངེ་འཛིན་ཏེ། རྡོ་རྗེ་སེམས་དཔའི་སྒྲུབ་པ་རྒྱས་པ་དང༌། པདྨ་དབྱིངས་ཕྱུག་མ་སྒྲུབ་པ་དང༌། ལས་རྒྱ་མཚོའི་རིམ་པ་རྣམས་གཞན་དུ་རྟོགས་པར་བྱ་ཡི། ལས་དང་པོ་པའི་ཁྲིད་རིམ་དང་མ་འབྲེལ་ཞིང་དབང་རྣོན་ངོ་སྤྲོད་པའང༌། དང་པོར་འཁོ་བ་མ་ཡིན་ནོ་ཞེས་ཤེས་པར་བྱོས་ཤིག །ད་ནི་བར་གྱི་ཏིང་ངེ་འཛིན་དངོས་ཀྱི་རང་བཞིན་ལ་རེ་ཞིག་རྣམ་པ་བཞི་སྟེ། ལྟ་བ་ཐབས་ཀྱིས་བཟུང་བ། ལྟ་བ་ཉམས་སུ་མྱོང་བ། ལྟ་བ་ལམ་དུ་སློང་བ། ལྟ་བ་ངོ་སྤྲོད་པ་ཞེས་བྱའོ། །དང་པོ་ལ་གཉིས། རྒྱུ་ཚོགས་ལ་གནས་པར་བྱ་བ་དང༌། རྣལ་འབྱོར་གྱི་ཟས་བདུན་བརྟེན་པའོ། །དང་པོ་ནི། སྒོ་གསུམ་རྣམ་པར་གཡོ་བའི་རྐྱེན་ལས་འཁོར་བར་འཁྲུལ་ཏེ། གཡོ་བ་མེད་པ་ལས་རང་གི་དེ་ཁོ་ན་ཉིད་རྟོགས་པར་འགྱུར་རོ། །དེ་བས་ན་རྐྱེན་དང་བྲལ་བར་ལྷུར་བླངས་ཏེ། ལུས་འགུལ་བ་མེད་པ་དང༌། ངག་སྨྲ་བ་མེད་པ་དང༌། སེམས་དྲན་བསམ་མེད་པ་ལ་ཡུན་རིང་དུ་གནས་པར་བྱ་དགོས་པས། ལུས་བསམ་གཏན་གྱི་ཆོས་དང་ལྡན་པ་ལ། རླུང་བཏང་བཟུང་མེད་པ་དང༌། སེམས་སྤྲོ་བསྡུའི་རྒྱུན་གཅོད་ལ་གནས་པར་བྱའོ། །ཟླ་བ་ལྔའམ་ཞག་ཉེར་གཅིག་ལ་སོགས་པའི་བར་དུ་བསྒོམ་པར་བྱ་སྟེ། འདི་ནི་ཚོགས་གནས་སོ། །རྣལ་འབྱོར་གྱི་ཟས་བརྟེན་པ་ནི། ཁམས་རེག་གཉིད་སེམས་རྣམ་པར་ཤེས། །ཏིང་འཛིན་ཚངས་སྤྱོད་རྣམ་པ་བདུན། །ཞེས་པའི་དང་པོ་ནི་དུག་ཏུ་འགྱུར་བ་སྤངས་ཏེ་མཐུན་པ་བསྟེན་པའོ། །གཉིས་པ་ནི། འཇམ་ཡང་ལ་སོགས་པ་བསྟེན་ནོ། །གསུམ་པ་ནི༑ ཉིན་སྤངས་ཏེ་མཚན་བསྟེན་ནོ། །བཞི་པ་ནི། ཡིད་དུ་འོང་བ་དག་གོ །ལྔ་པ་ནི། འདོད་པའི་ཡོན་ཏན་ལྷག་མ་སྔ་མ་བཞིན་ལམ་དུ་བྱེད་པའོ། །དྲུག་པ་ནི། སེམས་གཏད་སོ་ཅུང་ཟད་ཀྱང་མེད་པར་ཕྱད་དེ། ལྷོད་དེ། ཕྱམ་མེ། ཝལ་ལེ་བཞག་པའོ། །བདུན་པ་ནི། ལོག་པ་བགྲོད་པ་སྤང་བ་སྟེ། འདི་ལྟར་ཟས་ཀྱིས་ཁམས་གསོ་ཞིང་ཚོགས་ལ་གནས་པ་ནི་བསྒྲུབ་བྱ་དངོས་སོ། །དེ་ལས་དང་པོ་གཡོ་བའི་ཉམས་སྣ་ཚོགས་འཆར། དེ་ནས་ཐོབ་པའི་ཉམས་སྣ་ཚོགས་འཆར། སླར་གནས་པ་དེ་གོམས་པས་ཉམས་ཡུན་དུ་སྡོད་པ་འབྱུང༌། དེ་ནས་བརྟན་པའི་ཉམས་ཅི་ཙམ་འདོད་འདོད་དུ་གནས་པ་འབྱུང་སྟེ། ཉམས་རྣམ་པ་བཞི་པོ་འདི་ཉམས་སུ་མྱོང་ན་ལྟ་བ་ཉམས་སུ་མྱོང་བ་ཞེས་བྱའོ། །ལམ་དུ་སློང་བ་ནི། ཏིང་ངེ་འཛིན་དུ་མའི་སྒོ་ནས་དང༌། རླུང་གི་སྒོ་ནས་ཏེ། ཏིང་ངེ་འཛིན་མཚན་བཅས་འཕྲོད་པའི་རིགས་ཀྱིས་ཟླུམ་པོ་དཀར་པོ། གྲུ་བཞི་སེར་པོ། ཟུར་གསུམ་དམར་པོ། ཟླ་གམ་ལྗང་གུ༑ སྔོ་སང་ཟླུམ་པོ་རྣམས་དང༌། འཁོར་ལོ། རིན་ཆེན། པདྨ། རྒྱ་གྲམ། རྡོ་རྗེ་རྣམས་དང༌། ༀ་ཨཱཿ ཧཱུྃ་སྭཱ་ཧཱ་སོགས་ལ་སེམས་གཏད་པའོ། །མཚན་མེད་འཕྲོད་པའི་རིགས་ཀྱིས་ཅི་ལའང་མི་སེམས་པར་བཞག་པའོ། །བསྐྱེད་རིམ་འཕྲོད་པའི་རིགས་ཡོད་དོ། །རླུང་ནི་འཇམ་རླུང་དང༌། རྩུབ་པ་ལ། ལྟེ་བའམ། སྙིང་གར་མར་མེ་ལྟ་བུ་བསྒོམ་པ། མར་མེའི་སྙིང་པོ་ལྟ་བུ་ལ་བསྒོམ་པ་དང༌། སྤྱི་གཙུག་གམ། སྙིང༌། ལྟེ་བར་པ་ཝ་སངས་ལྟ་བུ་ཐིག་ལེ་བསྒོམ་པ་རླུང་སེམས་འདྲེས་པའི་ཐིག་ལེ་ལ་བཟུང་བ་དང༌། སྟེང་འོག་གི་རླུང་ལྕགས་ཀྱུ་གྲོལ་མདུད་ལྟར་བྱ་ལ། སྦྲུལ་མདུད་ལྟ་བུ་ལ་བཟུང་བ་རྣམས་སྟེང་འོག་གི་རླུང་འཇམ་པོ་བདེ་ལུགས་དང༌། འགོགས་མེད་དང་སྦྱར་བ་དང་བཞིའོ། །སྐྱིལ་ཀྲུང་ས་གནོན་ལ་རླུང་དྲག་ཏུ་བཟུང༌། ནམ་མཁར་རང་ཉིད་གདུགས་དཀར་གྱི་སྟེང་ན་གནས་པ་འཁོར་བར་བསྒོམ་པ་དང༌། འཁོར་ལོ་ལ་ཡང་དེ་ལྟར་བྱ་བས། གདུགས་ལ་བརྟེན་པ་དང༌། འཁོར་ལོ་ལ་བརྟེན་པ་ཞེས་རྩུབ་པའོ། །དེ་ལ་སོགས་པ་ཐབས་དུ་མས་བསླང་ངོ་། །སྐབས་འདིའམ། ཐབས་བཟུང་གི་སྐབས་སུ། བརྡལ་བ་ནམ་མཁའ་བཞིན། བཏང་བ་སྤྲེའུ་བཞིན། ཟིན་པ་ཕྱེ་བཞིན། རྙོགས་མེད་ཆུ་བཞིན། དྲན་པ་བཞིན། བོར་བ་བཞིན། སྙེགས་པ་བཞིན། བཅད་པ་བཞིན་ནོ། །ཞེས་བརྒྱད་པོ་བཞག་ཐབས་ཀྱི་རྣལ་འབྱོར་ཏེ། བཅད་ཅེས་བྱ་བ་ནི་མཐའི་དྲི་མ་བཅོ་བརྒྱད་བཅད་དེ། བཙལ་ན་སྟོར། བཀག་ན་ཉམས། བཅོས་ན་བསླད། བསྒོམ་ན་འཆལ། རྩོལ་ན་བྲལ། དགུག་ན་བྲོས། ལྟ་ན་ཡལ། དྲན་ན་ཡེངས། མྱང་ན་ཤོར། གཟོབ་ན་འདྲེས། བགྲོད་ན་འཁྱམས། ངའོ་སྙམ་ན་ལྟུང༌། རྟོག་གོ་སྙམ་ན་སྟོང༌། སེམས་ལ་རྣམ་རྟོག་ལངས་ན་ཕུང༌། གཏང་འཛིན་བྱེད་ན་གནད་ཅིང་བརླག །བྱུང་ཚོར་གྱི་རྗེས་སུ་འབྲེངས་ན་འཁོར། བྱིངས་རྨུག་གི་དབང་དུ་སོང་ན་འཐིབ། སྤང་བླང་བྱེད་ན་འཛོལ་ཞེས་ཏེ་ཐ་མ་ཁོ་ནར་བསྡུས་སོ། །ལྟ་བ་ངོ་སྤྲད་པ་ནི། དང་པོར་གསེར་གྱི་བྲག་རི་གཡུ་ཡིས་བརྒྱན་པའི་རྩེར་གསེར་གྱི་མཆོད་རྟེན་འོད་གསལ་བ་བསྒོམ་སྟེ། ཡིད་ལ་གསལ་ན་དེ་ཕྱོགས་བཅུ་གང་ན་གནས་པ། དེ་ཕྱོགས་གང་ནས་དེར་འོང༌། ཕྱོགས་གང་དུ་འགྲོ་ཞེས་དང༌། ནང་ལུས་ཀྱི་ཕྱོགས་ལ་ཡང་དེ་ལྟར་ཏེ། ཤར་ན་གནས་སམ། ཤར་ནས་བྱུང་ངམ། ཤར་དུ་སོང་ངམ་ཞེས་གསུམ་གྱིས་ཕྱེ་བའམ། རྣམ་དབྱེ་དུ་མས་བཙལ་ལོ། །དེ་ནས་རྨི་ལམ་དུ་དེ་ལྟ་བུ་རྨིས་པ་དེ་ཞེས་སྔ་མ་ལྟར་བརྟགས་པ་དང༌། དེ་དག་ཇི་ལྟ་བར་དངོས་སུ་གསེར་རི་མཆོད་རྟེན་གྱིས་བརྒྱན་པ་ཡང་ཞེས་བརྟག་གོ །གསེར་རིས་མཚོན་ནས་ས་ཅི་སྙེད་པ་སྟེ། སྒོམ་སྣང༌། གཉིད་སྣང༌། དངོས་སྣང་གསུམ་ལས་རིམ་བཞིན་བལྟའོ། །དེ་བཞིན་དུ། ཆུ། མེ། རླུང༌། མཁའ་དང༌༑ དམྱལ་བ། ཡི་དྭགས། དུད་འགྲོ། མི། ལྷ་མིན། ལྷ་རྣམས་དང༌། གཉེན་དགྲ་སོགས་ཀྱིས་མཚོན་ནས། འདོད་ཆགས། ཞེ་སྡང༌། གཏི་མུག །ང་རྒྱལ། ཕྲག་དོག་དང༌། འདས་པ་དང༌། མ་འོངས་པ་དང༌། ད་ལྟའི་སངས་རྒྱས་རྣམས་དང༌། གནས། དུས། སྟོན། འཁོར། ཆོས་རྣམས་ལ། སྒོམ། རྨི། དངོས་གསུམ་གྱིས་གཏན་ལ་དབབ་སྟེ། ངེས་པ་མཐོང་མཐོང་དུ་བྱའོ། །དེ་ཐམས་ཅད་བྱུང་སོང་གནས་པ་མེད་པས། རང་བཞིན་མེད་པས། མེད་ཀྱང་རྣམ་པར་སྣང་ཙམ། རྟག་ཆད་ཡོད་མེད་ཀྱི་འཛིན་པ་ལས་གྲོལ་བའི་མཐོང་བ་སྐྱེས་ན་ངོ་འཕྲོད་པ་སྟེ། སྤྲོད་འཕྲད་བྲལ་རླུང་ཞུགས་ཞེས་འབྱུང་ངོ༌། །འབྱུང་ལྔ་རང་བྱུང་སྐྱེ་མེད་དུ་ངོ་སྤྲད། འགྲོ་དྲུག་རང་བྱུང་སྐྱེ་མེད་དུ་ངོ་སྤྲད༑ དུག་ལྔ་རང་བྱུང༌། སངས་རྒྱས་རང་བྱུང༌། ཕུན་ཚོགས་རང་བྱུང་སྐྱེ་མེད་དུ་ངོ་སྤྲོད་ཅེས་ལྔ་པོ་འདི་དང༌། གཞན་ཡང་ཅི་རིགས་སུ་ཤེས་པར་བྱའོ། །ཡང་ན་སྣང་བ་སེམས། སེམས་སྟོང་པ། སྟོང་པ་གཉིས་མེད། གཉིས་མེད་རང་གྲོལ་ཞེས་ངོ་སྤྲད། ཡང་ན་འོག་གི་རྫོང་བཞིས་ངོ་སྤྲད་ཀྱང་རུང་སྟེ། གང་ལའང་ཡང་ཡང་དྲི་ཞིང་ཐག་བཅད་པར་བྱ་བ་ནི་གནད་དོ། །གནད་ཀྱིས་བཞག་པ་དང༌། རང་གནས་པ་དང༌། རང་འཕྲོ་བ་རྣམས་ཁྱད་མེད་དུ་གྲོལ་བར་མཐོང་ན་ངེས་པ་རྙེད་པ་ཞེས་བྱ་སྟེ། དེ་ལྟ་བུ་ནི་བར་གྱི་ཏིང་ངེ་འཛིན་ནོ། །མཐའི་ཏིང་ངེ་འཛིན་ནི། བསྲེ་བ་གསུམ་དང་མན་ངག་ཉི་ཤུ་སྟེ། ལུས་ངག་ཡིད་ཀྱི་ཀུན་སྤྱོད་འགྲོ་འདུག་སྨྲ་སེམས་མ་ལུས་པ་དང་སྦྱར་ཏེ་བསྒོམ་པ། ཉིན་པར་ལས་དང་བྱ་བ་དང་བསྲེ་བ་ཞེས་བྱའོ། །མཚན་བཅས་ལྟར་ན། སྙིང་ཁར་ༀ་ཨཱཿ ཧཱུྃ་སྭཱ་ཧཱ་སོགས་ལ་སྦྱར་ཏེ་བསྒོམ་པ་དང༌། ལྟ་བ་མཐོང་བའི་ངང་ལས་མ་གཡོས་པར་གཉིད་པས་འོད་གསལ་ལམ། རྨི་ལམ་གྱིས་བསྒོམ་པས་འགྲུབ་སྟེ་མཚན་མོ་གཉིད་དང་རྨི་ལམ་དང་བསྲེ་ཞེས་བྱའོ། །འོད་ཀྱི་གོང་བུ་སོགས་འཕེན་འདུན་གྱིས་སྦྱོར་བའམ། སྐྱེ་འགག་མེད་པའི་གཤིས་ལ་བློ་ངེས་པས་དོན་བསྒྲུབས་ལ། འཆི་དུས་ཤེས་རབ་ཕར་ཕྱིན་དང་བསྲེ་ཞེས་དེ་ལྟར་བསྲེ་བ་གསུམ་ལ་བསྒོམ་བདག་གཏོད་ཅེས་ཀྱང་བྱའོ། །དྲན་པ་གདོད་ནས་དྲན་མེད་དུ་གནས་པ་རང་གསལ་བ་དང༌། ཤར་སྣང་ཇི་སྙེད་པ་དེ་ཉིད་དུ་ངེས་པ་དང༌། ཤར་གྲོལ་མཉམ་པ་དང༌། གདོད་མའི་བབས་རྣམས་ལ་རྫོང་ཞེས། དྲན་པ་གཞི་བཞེངས་ལྟ་བའི་རྫོང༌། །མཐོང་ཚེ་དེ་ཉིད་སྒོམ་པའི་རྫོང༌། །ཐུག་འཕྲད་རང་གྲོལ་སྤྱོད་པའི་རྫོང༌། །སྐྱེ་བ་མེད་དེ་འབྲས་བུའི་རྫོང༌། །ཞེས་བྱ་བ་ཡིན་ནོ། །ཐམས་ཅད་དུ་དྲན་འཛིན་བརྟན་པ་དང༌། ཉིན་མཚན་སྔ་ཕྱི་བར་གྱི་དུས་བཞིའམ། ཐུན་བཞིར་བསྒོམ་ལ་བརྩོན་པ་དང༌། ལུས་ངག་ཡིད་ལྷུག་པ་ལས་མི་གཡོ་བ་དང༌། ངོ་སྤྲོད་ཀྱི་ཚིག་བཞི་གནད་ལ་དབབ་པ་རྣམས་རྫོང་ལ་འཇུག་པའི་ལམ་འཕྲང་སྟེ། དང་པོ་ཉམས་ལེན་མཁན་གྱིས་དགོས་སོ་ཞེས། ཤེས་བྱ་རྩིས་ཟིན་ལྟ་བའི་འཕྲང༌། །དུས་བཞི་མཉམ་སྦྱོར་སྒོམ་པའི་འཕྲང༌། །སྒོ་གསུམ་རང་གྲོལ་སྤྱོད་པའི་འཕྲང༌། །གབ་པའི་ཚིག་བཞི་འབྲས་བུའི་འཕྲང༌། །ཞེས་བྱའོ། །ངོ་སྤྲོད་མཆོག་ཐོབ་པ་དེ་འཕྲང་དང་རྫོང་མི་དགོས་པར་སྣང་སྲིད་ཡངས་པ་ཆོས་སྐུའི་ཀློང་དུ་གྲོལ་ལོ་ཞེས། གཅིག་ཤེས་ཀུན་གྲོལ་ལྟ་བའི་ཀློང༌། །ཟབ་མོ་ཉམས་དྲུག་སྒོམ་པའི་ཀློང༌། །ཚོར་བ་རྗེས་མེད་སྤྱོད་པའི་ཀློང༌། །བྱར་མེད་བློ་འདས་འབྲས་བུའི་ཀློང༌། །ཞེས་སོ། །དེ་ལ་བརྟན་པ་ཐོབ་པས་གདིང་དུ་འགྱུར་ཏེ། རང་བྱུང་ཡེ་ཤེས་ལྟ་བའི་གདིང༌། །ཡེ་ཤེས་རང་ས་བསྒོམ་པའི་གདིང༌། །ཡེ་ཤེས་ཟང་ཐལ་སྤྱོད་པའི་གདིང༌། །ཡེ་ཤེས་སྤྱི་བླུགས་འབྲས་བུའི་གདིང༌། །ཞེས་སོ། །དེ་ཉིད་ལྷ་བཞིར་གྲུབ་སྟེ། སྐྱེ་མེད་ཚིག་གཅིག་ལྟ་བའི་ལྷ། །ཤེས་བྱ་གཅིག་ཆོད་སྒོམ་པའི་ལྷ། །འདའ་ཀ་འཆི་བྲོད་སྤྱོད་པའི་ལྷ། །དབུལ་མོ་གཏེར་འཕྲད་འབྲས་བུའི་ལྷ། །ཞེས་བྱ་བ་རྣམས་ཡིན་ནོ། །འཇིགས་མེད་ཕྱོགས་མེད་ཀྱི་རིག་པ་ལ། །ཕྱོགས་འཛིན་གྱི་ལྟ་བས་ཅི་བགྱི། །རང་སེམས་ཆོས་ཉིད་ཀྱི་དཀྱིལ་འཁོར་ལ། །དམིགས་གཏད་ཀྱི་སྒོམ་པས་ཅི་བགྱི། །ཅི་བྱེད་བྱང་སེམས་ཀྱི་ཆོ་འཕྲུལ་ལ། །བཟང་ངན་གྱི་སྤྱོད་པས་ཅི་བགྱི། །རྣམ་རྟོག་རང་བྱུང་གི་ཡེ་ཤེས་ལ། །སྤོང་འགེགས་ཀྱི་འཁྲུལ་པས་ཅི་བགྱི། །ཐམས་ཅད་ཡེ་དག་གི་ངོ་བོ་ལ། །སྒྲུབ་འདོད་ཀྱི་འཆིང་བས་ཅི་བགྱི། །རང་སེམས་སངས་རྒྱས་ཀྱི་རྒྱལ་པོ་ལ། །གསར་ཐོབ་ཀྱི་འབྲས་བུས་ཅི་བགྱི། །ཞེས་ཟབ་མོའི་ཚིག་དྲུག་སྟེ། དེ་ཉམས་སུ་མྱོང་བར་བྱའོ། །རིག་འཛིན་དཔའ་བོ་མཁའ་འགྲོའི་མཆོད་པ། སྣ་ཚོགས་བདུན། མཎྜལ་གསོལ་འདེབས་རྣམས་དང་ལྡན་པས༑ སྣང་བ་རྣམས་རང་གྲོལ་དུ་ངོ་སྤྲོད་པ་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་སྔ་ཕྱི་བསྲེ་བའི་ཤེས་པ་སོགས་མེད་པར་རིག་པ་རང་གསལ་མར་མེའི་སྙིང་པོ་ལྟར་ངོ་སྤྲད་པ་རིག་པ་རང་གསལ་གྱི་དབང༌། ནམ་མཁའ་ལྟ་བུ་ཡེ་ཇི་བཞིན་པའི་ཆོས་ཉིད་བསམ་བྲལ་དུ་ངོ་སྤྲད་པ་ཡེ་ཤེས་སྤྱི་བླུགས་ཀྱི་དབང་སྟེ་གསུམ་པོ་ཆོ་གར་བྱས་ཀྱང་རུང༌། ངོ་སྤྲོད་རྣལ་མ་ཐོབ་ནས་ངེས་ཤེས་སྐྱེས་ན་ཆོ་ག་མེད་ཀྱང་ཐོབ་སྟེ། བསྐུར་ཐོབ། མ་བསྐུར་ཐོབ་སོགས་མུ་བཞིས་ཤེས་སོ། །དེས་སྙན་བརྒྱུད་རིན་པོ་ཆེ་བསྡུས་ཏེ་ལག་ཏུ་ལེན་ཚུལ་ཡིན་ལ། རྒྱས་པར་གདབས་དཔུང་ཆ་ལག་དང་བཅས་པར་རྒྱས་པར་གསལ་བས་དེར་བལྟའོ། །རབ་ཡངས་ལྟ་བའི་མཁའ་ལ་སྤྱོད་འདོད་ན། །ཇི་བཞིན་ལྟ་བ་མངོན་དུ་བྱེད་པའི་གནད། །མགོན་པོ་རྣམ་པར་སྣང་མཛད་ཐུགས་ཀྱི་བཅུད། །ཡང་དག་ངེས་པའི་གསང་འདི་བསྒོམ་པར་མཛོད། །གང་དག་ཕྱོགས་ཞེན་དྲི་མས་སྦགས་བློ་ཅན། །ཟབ་མོའི་ཆོས་ལ་གཤེད་མ་ལྟར་མཐོང་བ། །དེ་འདྲའི་སྨྲ་བས་གྲོལ་བའི་སྒོ་འགེགས་ཏེ། །ཁྱེད་ཅག་འབད་དེ་བསམ་མི་ཁྱབ་དྲན་བྱའོ། །གང་འདི་སངས་རྒྱས་ཀུན་གྱིས་ཕྱག་མཛད་དེ། །ལེགས་པར་གྲུབ་པ་རིན་ཆེན་དམ་པའི་ཆོས། །ལོག་པར་མཐོང་སྨྲ་དམྱལ་བའི་ལྕགས་ཀྱུ་ཆེ། །གང་ལ་བསྣུན་པ་ཉམས་བྱེད་འཇིགས་སུ་རུང༌། །ཕུང་ཁྲོལ་དབྱིག་བརྩེགས་དེ་འདྲ་མི་མཐོང་ཞིང༌། །མི་ཐོས་མི་དྲན་ཡང་ན་དེ་ཡི་གཉེན། །སྨིན་གྲོལ་བླ་མེད་རབ་སྤྱིན་ཉིད་གྱུར་ཏེ༑ ༑འགྲོ་ཀུན་མཆོག་གི་ལྟ་ལ་སྦྱོར་གྱུར་ཅིག །སྙན་བརྒྱུད་རིན་པོ་ཆེའི་ཁྲིད་ཀྱི་མན་ངག་མཁའ་དབྱིངས་སྙིང་པོའི་བདེ་ཁྲིད་ཅེས་བྱ་བ། དཔལ་མཁའ་སྤྱོད་པས་ཆུ་བོ་གངྒཱ་གསེར་ལྡན་དང་ཉེ་བའི་ལྗོངས་སུ་བྲིས་པའོ། །རྣམ་པར་སྣང་མཛད། གཞོན་ནུ་ཡེ་ཤེས། ཨ་རོ་ཡེ་ཤེས་འབྱུང་གནས། བསོད་ནམས་སྙིང་པོ། དཔལ་ལྡན་ དུས་གསུམ་ཤེས་བྱ་ཀུན་མཁྱེན། རིན་ཆེན་ཞེས་བྱ་བ་ནི་ཉེ་བརྒྱུད་དོ། །གཞན་ནི་སྣ་ཚོགས་སོ། །མངྒ་ལཾ།