འཇམ་དཔལ་དབྱངས་སྐུའི་ཁྲིད་ཤེས་རབ་འཕེལ་བྱེད་ཡེ་ཤེས་རྒྱན་གྱི་འཁོར་ལོ།

From Damngak Dzö
Revision as of 14:03, 7 April 2025 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

DNZ-16-MA-017
Wylie title 'jam dpal dbyangs sku'i khrid shes rab 'phel byed ye shes rgyan gyi 'khor lo DNZ-16-MA-017.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 16, Text 17, Pages 383-404 (Folios 1a1 to 11b6)
Author འོད་དཔག་རྡོ་རྗེ་
Citation 'od dpag rdo rje. 'jam dpal dbyangs sku'i khrid shes rab 'phel byed ye shes rgyan gyi 'khor lo. In Gdams ngag rin po che'i mdzod, Vol. 16: 383-404. Kalimpong: Rigpe Dorje Publications, 2024. DNZ-Shechen-16-MA-018.pdf
Shechen Publications, 1999
Side notes Recto: sku'i khrid   Verso: khrid thor bu ba'i skor
More details More details
Genre Contemplative Guide Books and Instructional Manuals - khrid yig
Deity 'jam dpal dbyangs
Colophon

།བཅོམ་ལྡན་འདས་འཇམ་དཔལ་དབྱངས་སྐུའི་ཁྲིད་ཀྱི་རིམ་པ། ཤེས་རབ་འཕེལ་བར་བྱེད་པ། ཡེ་ཤེས་སྣང་བ་རྒྱན་གྱི་འཁོར་ལོ་ཞེས་བྱ་བ། མན་ངག་སྙན་བརྒྱུད་དུ་གནས་པ་ལ་ཤིན་ཏུ་བརྗེད་པར་ཕོངས་པའི་ཕྱིར་རྣལ་འབྱོར་པ་འོད་དཔག་རྡོ་རྗེས་ཡི་གེར་བཀོད་པ་རྫོགས་སོ། །དགེའོ།།

bcom ldan 'das 'jam dpal dbyangs sku'i khrid kyi rim pa/_shes rab 'phel bar byed pa/_ye shes snang ba rgyan gyi 'khor lo zhes bya ba/__man ngag snyan brgyud du gnas pa la shin tu brjed par phongs pa'i phyir rnal 'byor pa 'od dpag rdo rjes yi ger bkod pa rdzogs so/__/dge'o//

[edit]
༄༅། །འཇམ་དཔལ་དབྱངས་སྐུའི་ཁྲིད་ཤེས་རབ་འཕེལ་བྱེད་ཡེ་ཤེས་རྒྱན་གྱི་འཁོར་ལོ་བཞུགས་སོ། །

༄༅། །བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །འདིར་བཅོམ་ལྡན་འདས་འཇམ་དཔལ་དབྱངས་ཀྱི་ཁྲིད་ཀྱི་རིམ་པ་འདི་ལ་དོན་གསུམ་སྟེ། སྔོན་འགྲོ་དང་དངོས་གཞི་རྗེས་སོ། །དང་པོ་ལ་གསུམ་སྟེ། བླ་མ་བརྒྱུད་པའི་ལོ་རྒྱུས་དང༌། ཐུན་མོང་གི་སྔོན་འགྲོ་བཞི་དང༌། ཁྱད་པར་གྱི་སྔོན་འགྲོ་བཞི་དང་གསུམ་ལས། དང་པོ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཁྲིད་བྱུང་ཚུལ་ཡང༌། སོ་ས་གླིང་གི་དུར་ཁྲོད་དུ། དཔལ་གྲུབ་ཐོབ་ཆེན་པོ་མི་ཏྲ་ཛོ་ཀིས་ཡི་དམ་གྱི་ལྷ་ལྔ་བསྒྲུབས་པས༑ ལྷ་དེ་དག་སོ་སོའི་ཞལ་བསྟན་ནས། རང་རང་གི་ཁྲིད་ཀྱི་རིམ་པ་བསྟན་པ་ནི། འཇམ་དཔལ་དབྱངས་སྐུའི་ཁྲིད་ཤེས་རབ་འཕེལ་བར་བྱེད་པ་ཡེ་ཤེས་རྒྱན་གྱི་འཁོར་ལོ། སྤྱན་རས་གཟིགས་གསུང་གི་ཁྲིད་བྱང་ཆུབ་ལམ་གྱི་རིམ་པ་ཡོངས་སུ་སྡུད་པ་བདུད་རྩིའི་དགའ་སྟོན་དང༌། ཕྱག་ན་རྡོ་རྗེ་ཐུགས་ཀྱི་ཁྲིད་བདུད་དཔུང་འཇོམས་བྱེད་འོད་ཟེར་རྒྱས་པ། ཚེ་དཔག་མེད་ཡོན་ཏན་གྱི་ཁྲིད་འཆི་མེད་རྡོ་རྗེའི་སྐུ་སྒྲུབ་པ། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་ཁྲིད་འཁོར་བའི་འཕྲང་སྒྲོལ་ཕྲིན་ལས་ལྷུན་གྲུབ། ཛམ་བྷ་ལ་སེར་པོའི་ཁྲིད་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་སྟེ། ཁྲིད་དྲུག་པོ་དེ་དག་ལྷ་སོ་སོའི་ཞལ་ནས་རང་རང་གི་སྒོ་ནས་ཁྲིད་དྲུག་པོ་འདི་དག་གསུངས་ཏེ། ཁྲིད་འདི་དག་ཉམས་སུ་ལོང་ལ་གཞན་ལའང་གཅིག་བརྒྱུད་དུ་སྟོན་ཅིག་དང༌། མི་རབས་བདུན་གྱི་བར་དུ་བྱིན་རླབས་ཆེན་པོ་འབྱུང་སྟེ། ཁྲིད་འདི་དག་བསྒོམ་པའི་རྣལ་འབྱོར་པ་དེ་དག །བདག་ཅག་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གང་ཟག་ཤ་སྟག་ཡིན་ནོ་ཞེས་ལུང་བསྟན་པའོ། །གྲུབ་ཆེན་གྱིས་པཎྜི་ཏ་ཤྲཱི་པུ་ཏྲ་ལ། དེས་རྗེ་བཙུན་གཱིརྟི་རཏྣ་ལ། དེས་བདག་ལ་གནང་བའོ། །གཉིས་པ་ནི། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསྒོམ་པ། ཐུན་མོང་གི་ཁྲིད་རྣམས་སྤྱི་དང་མཐུན། གསུམ་པ་ཁྱད་པར་གྱི་སྔོན་འགྲོ་ལ། ཅི་བྱས་བྱང་ཆུབ་ཀྱི་ལམ་དུ་འགྲོ་བར་བྱེད་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད། སྡིག་སྒྲིབ་དག་པར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་ཁྲིད། ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད། བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ནི། བླ་མ་འཇམ་དཔལ་དབྱངས་ཀྱི་ངོ་བོར་བསྒོམ་ལ་གསོལ་བ་གདབ་བོ། །གཉིས་པ་དངོས་གཞི་ལ་གཉིས་ཏེ། བསྐྱེད་རིམ་གྱི་ཁྲིད། རྫོགས་རིམ་གྱི་ཁྲིད་དོ། །དང་པོ་ལ་བཞི་སྟེ། མངོན་རྟོགས་བསྒོམ་པའི་ཁྲིད་དང༌། སྣང་བ་སྐུའི་ཁྲིད། འཇམ་དཔལ་དབྱངས་རིགས་ལྔའི་འོད་ཟེར་སྤྲོ་བསྡུས་སྤྲུལ་པའི་སྐུ་ངོ་སྤྲད་པའི་ཁྲིད། གྲགས་པ་གསུང་གི་ཁྲིད། རྗེ་བཙུན་ངག་གི་དབང་ཕྱུག་ཏུ་བསྒོམ་ཞིང་ཕྱག་མཚན་ཡིག་འབྲུ་སྤྲོ་བསྡུ་ལ་བརྟེན་ནས་ལོངས་སྐུར་ངོ་སྤྲོད་པའི་ཁྲིད། དྲན་རྟོག་ཐུགས་ཀྱི་ཁྲིད། རང་ཉིད་འཇིགས་བྱེད་དུ་བསྒོམ་ཞིང༌། འཇིགས་བྱེད་གནས་ལྔར་བཀོད་ནས་དུག་ལྔ་རང་སར་དག་ནས་ཡེ་ཤེས་ལྔ་རྒྱས་བྱེད་ཆོས་སྐུར་ངོ་སྤྲད་པའི་ཁྲིད་དང་བཞིའོ། །དང་པོ་ནི། དབེན་པའི་གནས་སུ་ཚངས་པའི་རྒྱུ་བཞི་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྟོང་པ་ཉིད་དུ་བསྒོམ། སྟོང་པའི་ངང་ལས། ཕྱི་སྣོད་ཐམས་ཅད་འཇམ་དཔལ་དབྱངས་ཀྱི་ཞིང་གི་བཀོད་པ། རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་ས་གཞི། མནན་ན་ནེམ་བྱེད་པ། བཏེག་ན་འཕར་བར་བྱེད་པ། རིན་པོ་ཆེ་དུ་མ་ལས་གྲུབ་པའི་ལྗོན་ཤིང་དྲིལ་བུ་གཡེར་ཁས་སྦྲེལ་བ། བྱ་སྣ་ཚོགས་དང་བཅས་པ། ཐམས་ཅད་ཀྱང་དམ་པའི་ཆོས་ཀྱི་སྒྲ་སྒྲོགས་པ། བདུད་རྩི་དང་སྤོས་ཆུ་ཡན་ལག་བརྒྱད་ལྡན་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲ་སྒྲོགས་པ་ལ་སོགས། མདོར་ན་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པའི་དབུས་སུ། རིན་པོ་ཆེ་དུ་མ་ལས་གྲུབ་པའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་འབུམ་ལྡན་གྱི་དབུས་སུ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དྷཱིཿ ཡིག་གསེར་ཞུན་མའི་མདོག་ཅན། དེ་ལས་འོད་ཟེར་སྣ་ལྔ་ཕྱོགས་བཅུར་འཕྲོས། འཕགས་པ་མཆོད། སེམས་ཅན་རྣམས་ཀྱི་སྒྲིབ་པ་སྦྱངས། ཚུར་འདུས་དྷཱིཿ ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་འཇམ་དཔལ་དབྱངས་སྐུ་མདོག་དམར་སེར་གུར་གུམ་གཞོན་ནུའི་མདོག་ཅན། ཞལ་གཅིག་ཕྱག་གཉིས་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། དར་སྣ་ལྔའི་སྨད་གཡོགས་ཅན། ཕྱག་གཡས་ཤེས་རབ་ཀྱི་རལ་གྲི་ཀླད་ལ་བསྐོར་བ་ལ་ཤེས་རབ་ཀྱི་མེ་འབར་ཞིང་ཚ་ཚ་འཕྲོ་བས་བརྒྱན་པ། གཡོན་ཨུཏྤལ་སྙན་གྱི་ཐད་ཀར་རྒྱས་པའི་སྟེང་དུ་ཤེས་རབ་ཀྱི་པོ་ཏིས་བརྒྱན་པའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་འཛིན་པ། ཞལ་འཛུམ་པ། སྨིན་དཀྱུས་སྤྱན་དཀྱུས་ཤངས་དཀྱུས་རིང་བ། དཔྲལ་བ་ཡངས་པ། མཛོད་སྤུ་དཀར་པོས་བརྒྱན་པ། དབུ་སྐྲ་རལ་པའི་ཅོད་པན་སྤྱི་བོར་བཅིངས་ཤིང༌། ལྷག་མའི་ཟར་བུ་རྐེད་སོར་སླེབས་པ། གཞོན་ནུ་ལང་ཚོ་དང་ལྡན་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་ཅིང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་ཀུན་ནས་མཛེས་པ། འོད་ཟེར་སྣ་ལྔ་འཁྲིགས་པའི་དབུས་ན་བཞུགས་པའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿ དམར་པོ། སྙིང་ཁར་ཧཱུྃ་མཐིང་ཁ་ལས་འོད་ཟེར་འཕྲོས་པས། རང་ལྟ་བུའི་ཡེ་ཤེས་པ་སྤྱན་དྲངས་ལ་དབྱེར་མེད་དུ་བསྟིམ། སླར་འོད་ཟེར་འཕྲོས་རིགས་ལྔ་ཡབ་ཡུམ་འཁོར་བཅས་སྤྱན་དྲངས་ནས། དབང་བསྐུར། སྡིག་སྒྲིབ་དག །བདུད་རྩིའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་རྣམ་སྣང་ལ་སོགས་རིགས་ལྔས་དབུ་བརྒྱན། སྙིང་གར་པདྨ་དམར་པོ་དང་ཟླ་བའི་སྟེང་དུ། ཡི་གེ་དྷཱིཿ ལ། ༀ་ཨ་ར་པ་ཙ་ན་དྷཱིཿ ན་མཿ ཞེས་པས་བསྐོར་བ་ལས་འོད་ཟེར་འཕྲོས། ཕྱི་སྣོད་ལ་ཕོག་པས་སངས་རྒྱས་ཀྱི་ཞིང་ཁམས་སུ་སྦྱངས། ནང་བཅུད་ཀྱི་སེམས་ཅན་ལ་ཕོག །ཐམས་ཅད་འཇམ་དབྱངས་སུ་གྱུར། དེ་དག་ཐམས་ཅད་ཀྱི་ཞལ་ནས་སྔགས་འདྲེན་པར་བསྒོམས་ལ་བསྙེན་པ་བསྐྱལ་ལོ། །མཐར་དེ་དག་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་སྙིང་ཁའི་དྷཱིཿ ལ་ཐིམ། དྷཱིཿ ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་པར་བསམ་ལ་དམིགས་མེད་ཀྱི་ངང་ལ་བཞག་གོ །གཉིས་པ་ནི། རང་ཉིད་མངོན་བྱང་ལྔས་གོང་ལྟར་དུ་འཇམ་དཔལ་དུ་བསྐྱེད་པའི་སྤྱི་བོ། མགྲིན་པ། སྙིང་ཁ། ལྟེ་བ། གསང་གནས་ལྔར། པད་ཟླའི་སྟེང་དུ་དྷཱིཿ ཡིག་དཀར་དམར་མཐིང་སེར་ལྗང་གུ་ལས་བྱུང་བའི་འཇམ་དབྱངས་དཀར་དམར་སྔོ་སེར་ལྗང་གུ། ཞལ་གཅིག་ཕྱག་གཉིས་ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་དང༌། ཕྱག་གཡས་རལ་གྲི་ཀླད་ལ་བསྐོར་བ། གཡོན་ཨུཏྤ་ལའི་ཡུ་བ་ཐུགས་ཀར་འཛིན་པ། ཞལ་འཛུམ་པ། སྨིན་དཀྱུས་དང་སྤྱན་དཀྱུས་ཤངས་དཀྱུས་རིང་ཞིང༌། དཔྲལ་བ་ཡངས་པ། མཛོད་སྤུ་དཀར་པོས་བརྒྱན་པ། དབུ་སྐྲ་རལ་པའི་ཅོད་པན་ལ་རིན་པོ་ཆེ་འབུམ་གྱིས་བརྒྱན་པ། འོད་གསལ་བའི་རང་བཞིན་ཅན། གསལ་ཞིང་སྟོང་ལ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་བསྒོམ་པར་བྱའོ༑ ༑དེ་དག་གི་སྤྱི་མགྲིན་སྙིང་ཁར་ཡིག་འབྲུ་གསུམ་བཀོད་ལ། དེ་ལས་འོད་ཟེར་འཕྲོས། རང་ལྟ་བུའི་ཡེ་ཤེས་པ་གཞུག་ཅིང་དབང་བསྐུར་བ་གོང་ལྟར་རོ། །དེ་དག་གི་ཐུགས་ཀར་ཡང་པད་ཟླའི་སྟེང་དུ་དྷཱིཿ ཡིག་དཀར་དམར་སྔོ་སེར་ལྗང་ཁུ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མཐུ་སྟོབས་རྒྱས་པར་བྱས། མཆོད་པའི་སྤྲིན་ཕུང་རྣམས་ཀྱིས་མཆོད། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་བྱིན་རླབས་དང༌། ཡེ་ཤེས་དང་མཁྱེན་རབ་ཀྱི་ནུས་པ་ཐམས་ཅད་འོད་ཟེར་དཀར་དམར་མཐིང་སེར་ལྗང་གུའི་དབྱིབས་ཅན་དུ་སྤྱན་དྲངས་ནས། རང་གི་སྤྱི་མགྲིན་སྙིང་ཁ་ལྟེ་བ་གསང་གནས་ཀྱི་འཇམ་དབྱངས་རིགས་ལྔ་ལ་ཐིམ་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང༌། ཆོས་དབྱིངས་ཡེ་ཤེས། སོར་རྟོག །མེ་ལོང༌། མཉམ་ཉིད། བྱ་གྲུབ་ཡེ་ཤེས་རྣམས་ཀྱི་ཡོན་ཏན་མངོན་དུ་བྱས་པར་བསྒོམ། སླར་ཡང་གནས་ལྔའི་འཇམ་དབྱངས་ལྔ་ལས། སྔར་ལྟར་འོད་ཟེར་ལྔ་འཕྲོས། ཕྱོགས་བཅུའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ལ་ཕོག་པས། གཏི་མུག །འདོད་ཆགས། ཞེ་སྡང༌། ང་རྒྱལ། ཕྲག་དོག་སྟེ་དུག་ལྔ་སྦྱངས། རྣམ་སྣང༌། འོད་དཔག་མེད། མི་བསྐྱོད་པ། རིན་འབྱུང༌། དོན་གྲུབ། འཇམ་དབྱངས་ཀྱི་ས་ལ་བཀོད། ཆོས་དབྱིངས། སོར་རྟོག །མེ་ལོང༌༑ མཉམ་ཉིད། བྱ་གྲུབ་སྟེ་ཡེ་ཤེས་ལྔ་མངོན་དུ་བྱས་ནས། དེ་དག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ནུས་པ་ཐམས་ཅད་ཡེ་ཤེས་དང་ཤེས་རབ་ཀྱི་ངོ་བོ་ཐམས་ཅད་འོད་ཟེར་དཀར་དམར་མཐིང་སེར་ལྗང་ཁུའི་དབྱིབས་ཅན་དུ་བསྡུས་ནས། རང་གི་གནས་ལྔར་ཐིམ་པར་བསམ། དེ་དག་གི་གནས་སྐབས་སུ་འོད་ཟེར་ཕར་གཏོང་བའི་ཚེ། རླུང་ཡང་ཕྱིར་གཏོང་ངོ༌། །ཡོན་ཏན་ཚུར་བསྡུ་བའི་ཚེ། རླུང་ཡང་ནང་དུ་བུམ་པ་ཅན་ཡུན་རིང་དུ་བཟུང་ནས་མནན་པ་ནི་མན་ངག་གོ །གསུམ་པ་ནི། སྟོང་པའི་ངང་ལས་རབ་རྒྱས་པད་ཟླའི་སྟེང་དུ། ས་ལས་སེང་གེ་སྔོན་པོ་གདོང་ཐུར་ལ་ཕྱོགས་པའི་སྟེང་དུ། ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་དྷཱིཿ ཡིག་དམར་སེར་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་ངག་གི་དབང་ཕྱུག་སྐུ་མདོག་པདྨ་རཱ་ག་ལྟར་དམར་བའི་མདངས་དང་ལྡན་པ། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ། དར་སྣ་ལྔའི་ཤམ་ཐབས་ཅན། ཕྱག་གཉིས་ཆོས་སྟོན་པའི་ཕྱག་རྒྱ་མཛད་ཅིང༌། གཡས་པའི་མཐེབ་མཛུབ་གཉིས་ཀྱིས་པདྨ་རལ་གྲིས་མཚན་པའི་ཡུ་བ་འཛིན་པ། གཡོན་པའི་མཐེབ་མཛུབ་གཉིས་ཀྱིས་ཨུཏྤ་ལའི་སྟེང་ན་རིན་པོ་ཆེའི་གླེགས་བམ་འཛིན་པ། ཞལ་འཛུམ་པ། སྤྱན་དཀྱུས་དང་སྨིན་དཀྱུས་རིང་ཞིང༌། མཛོད་སྤུ་དཀར་པོས་མཛེས་པ། དབུ་སྐྲ་རལ་པའི་ཐོར་ཅོག་ཕྱེད་བཅིངས་ཤིང༌༑ ཕྱེད་གྲོལ་བས་རྐེད་སོར་སླེབས་པའི་ཟར་བུ་གྱེན་དུ་འདྲིལ་བ། མེ་ཏོག་གི་ཕྲེང་བས་སྐྲ་བཅིངས་དང༌། རིན་པོ་ཆེ་དུ་མ་དང༌། མུ་ཏིག་སྣ་ལྔའི་ཆུན་པོས་རབ་ཏུ་བརྒྱན་ཅིང༌། དར་གྱི་ཅོད་པན་གྱིས་མཛེས་པར་བརྒྱན་པའི་བདག་ཉིད་ཅན་དུ་གསལ་བར་བསྒོམ། དེའི་སྤྱི་མགྲིན་སྙིང་ཁར་ༀ་ཨཱཿ ཧཱུྃ་ལས་འོད་འཕྲོས་པས། རང་ལྟ་བུའི་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། སླར་རིགས་ལྔ་སྤྱན་དྲངས་ལ་དབང་བསྐུར། རྣམ་སྣང་གིས་དབུར་བརྒྱན་པར་བསམ། བཅོམ་ལྡན་འདས་དེའི་སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བ། གསང་གནས་ལྔར། འཇའ་ཚོན་གྱིས་འོད་བསྐོར་བའི་དབུས་སུ། པད་ཟླའི་གདན་སྟེང་དུ་རིན་པོ་ཆེའི་པོ་ཏི་ཤེས་རབ་ཀྱི་རལ་གྲི་མེ་འབར་བས་མཚན་པ། ཡུ་བ་དྷཱིཿ དང་བཅས་པ། པོ་ཏིའི་སྟེང་ན་རལ་གྲི་གྱེན་ལ་ལང་བའོ། །སྤྱི་བོར་ཤེས་རབ་ཀྱི་རལ་གྲི་དཀར་པོ། དེ་བཞིན་དུ་མགྲིན་པར་དམར་པོ། སྙིང་ཁར་སྔོན་པོ། ལྟེ་བར་སེར་པོ། གསང་གནས་སུ་ལྗང་ཁུ་ལྔ་ལ་ཡི་གེ་དྷཱིཿ དཀར་དམར་སྔོ་སེར་ལྗང་ཁུས་མཚན་པ་ལས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མཆོད་པའི་སྤྲིན་གྱིས་མཆོད། དེ་དག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཡེ་ཤེས་ཀྱི་སྣང་བ་རྒྱས་པར་བྱས༑ སེམས་ཅན་ཐམས་ཅད་ལ་ཕོག །མི་ཤེས་པའི་མུན་པ་མཐའ་དག་དང་དུག་ལྔ་སྦྱངས། འཇམ་དབྱངས་རིགས་ལྔའི་གོ་འཕང་ལ་བཀོད། ཡེ་ཤེས་ལྔའི་སྣང་བ་རྒྱས་པར་བསམ་པ་ནི། རླུང་ཕྱིར་འགྲོ་བའི་ཚེ་དམིགས་པ་བཟུང་བའོ། །རླུང་ཚུར་རྔུབ་པའི་ཚེ། སངས་རྒྱས་བྱང་སེམས་ཐམས་ཅད་རིགས་ལྔ་འཇམ་དབྱངས་སུ་གནས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས། ཡེ་ཤེས་དང་ཡོན་ཏན། མཁྱེན་བརྩེ་ནུས་པ༑ འཆད་རྩོད་རྩོམ་གསུམ་མི་བརྗེད་པའི་གཟུངས་ཀྱི་སྒོ་དང་བཅས་པའི་ཤེས་རབ་དང་ནུས་པ་ཐམས་ཅད་འོད་ཟེར་དཀར་དམར་མཐིང་སེར་ལྗང་ཁུའི་དབྱིབས་ཅན་དུ་བསྡུས་ནས། རང་གི་གནས་ལྔའི་འཇམ་དབྱངས་ཀྱི་ངོ་བོ་ཕྱག་མཚན་ལ་ཐིམ་པར་བསམ་ལ་རླུང་འཛིན། དེས་རང་ཉིད་ཡེ་ཤེས་ལྔ་དང་ལྡན་ཅིང༌། འཆད་རྩོད་རྩོམ་འཛིན་མི་བརྗེད་པའི་གཟུངས་དང་བཅས་པའི་ཤེས་རབ་ཀྱི་སྣང་བ་རྒྱས་ཤིང༌། འཇམ་དབྱངས་ཀྱི་གོ་འཕང་མངོན་དུ་བྱས་པར་བསྒོམ་མོ། །མཐར་ནི་སྣོད་བཅུད་རང་ལ་བསྡུ། ཐིག་ལེ་དང་ཕྱག་མཚན་ལ་ཡང་མས་རིམ་གྱིས་སྤྱི་བོར་ཐིམ། རང་ལུས་ཀྱང་སྤྱི་བོའི་ཕྱག་མཚན་ལ་ཐིམ། དེ་འཇའ་འོད་དུ་ཡལ་ནས། ནམ་མཁའ་གང་བར་བསམ་ལ་དམིགས་མེད་ཀྱི་ངང་ལ་བཞག་གོ །དེ་ནི་གསུང་ལོངས་སྐུར་མངོན་དུ་བྱེད་པའི་ཁྲིད་དོ། །གསུམ་པ་ནི། མངོན་བྱང་ལྔས། རང་ཉིད་འཇམ་དབྱངས་གསལ་བར་བསྒོམ། དེ་ཡོངས་སུ་གྱུར་པ་ལས། པད་ཉི་རོའི་སྟེང་དུ། རང་ཉིད་རྡོ་རྗེ་འཇིགས་བྱེད་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས། ཞབས་གཡས་བརྐྱང་གཡོན་བསྐུམ་པ། མི་མགོ་དང་རུས་པས་བརྒྱན་པ། ལིང་ག་གྱེན་ལ་འགྲེང་བ། གསུས་ཁྱིམ་ཆེ་བ། ཕྱག་གཉིས་ཐུགས་ཀར་གྲི་གུག་ཐོད་ཁྲག་བསྣོལ་ཐབས་སུ་འཛིན་པ། ཞལ་མ་ཧེ་རབ་ཏུ་ཁྲོས་པའི་གདོང་པ་ཅན། ལྗགས་འདྲིལ་ཞིང་མཆེ་བ་གཙིགས་པ། སྤྱན་གསུམ་དམར་ཞིང་གཡོ་བ། རྭ་རྣོན་པོ་སྔོ་ཟངས་ཟངས་པ་ལ་རུས་པའི་རྒྱན་དྲུག་ཁྲོལ་བ། དབུ་སྐྲ་ཁམ་སེར་གྱེན་དུ་འཁྱིལ་བའི་དབུས་སུ། འཇམ་དབྱངས་ཞལ་གསེར་གྱི་མདོག་ཅན་ཞི་བའི་ཚུལ་ཅན། སྐུ་སྟོད་ལ་གླང་ཆེན་གྱི་སྟོད་གཡོགས་ཅན་སྦྲུལ་ནག་རབ་ཏུ་འཇིགས་པས་སེ་རལ་ཁར་བརྒྱན་ཅིང༌། མི་མགོ་ལྔ་བཅུས་དོ་ཤལ། ཐོད་སྐམ་ལྔ་དང་རིན་པོ་ཆེས་དབུ་ལ་བརྒྱན་པ། གཞན་ཡང་རིན་པོ་ཆེ་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཧ་ཧ་དང་ཧཱུྃ་ཧཱུྃ་གི་གད་རྒྱངས་འབྲུག་ལྟར་སྒྲོགས་ཤིང༌། སྲིད་པ་གསུམ་པོ་སྐད་ཅིག་གིས་འཇིགས་པར་བྱེད་པའི་བདག་ཉིད་དུ་བསྒོམ་པར་བྱའོ། །དེའི་སྤྱི་མགྲིན་སྙིང་ཁ་ལྟེ་བ་གསང་གནས་ལྔར་པད་ཉིའི་སྟེང་དུ། ༀ་ཨཱཿ ཧཱུྃ་ཏྲཱཾ་ཧྲཱིཿ ལྔ་ཞུ་བ་ལས་བྱུང་བའི་བཅོམ་ལྡན་འདས་གཏི་མུག་གཤིན་རྗེ་གཤེད་དཀར་པོ་སྤྱི་བོར། འདོད་ཆགས་གཤིན་རྗེ་གཤེད་དམར་པོ་མགྲིན་པར། ཞེ་སྡང་གཤིན་རྗེ་གཤེད་ནག་པོ་སྙིང་ཁ། སེར་སྣ་གཤིན་རྗེ་གཤེད་སེར་པོ་ལྟེ་བ། ཕྲག་དོག་གཤིན་རྗེ་གཤེད་ལྗང་ཁུ་གསང་གནས་རྣམས་སུ་བསྐྱེད་དེ། དེ་དག་གཙོ་བོའི་ཆ་ལུགས་ཇི་ལྟ་བ་བཞིན་ལ། ཕྱག་གཡས་པ་རྣམས་ཀྱིས་འཁོར་ལོས་མཚན་པའི་གྲི་གུག་དང༌། དེ་བཞིན་དུ་པདྨ། རྡོ་རྗེ་དང༌། ནོར་བུ། རྒྱ་གྲམ་གྱིས་མཚན་པའི་གྲི་གུག་འཛིན་པར་བསྒོམ་པའི་སྙིང་ཁར་པད་ཉིའི་སྟེང་དུ། འཁོར་ལོ། པདྨ། རྡོ་རྗེ། ནོར་བུ། རལ་གྲི་ལྔ། ༀ་ཨཱཿ ཧཱུྃ་ཏྲཱཾ་ཧྲཱིཿ ལྔས་མཚན་པ་ལས། འོད་ཟེར་དཀར་དམར་མཐིང་སེར་ལྗང་ཁུ་ལྔ་འཕྲོས། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་མཆོད། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མཐུ་སྟོབས་རྒྱས་པར་བྱས། སླར་ཕྱོགས་བཅུའི་རིགས་དྲུག་རྣམས་ལ་ཕོག །རིགས་དྲུག་གི་གཏི་མུག །འདོད་ཆགས། ཞེ་སྡང༌། ང་རྒྱལ། ཕྲག་དོག་ལྔ་སྦྱངས། གཏི་མུག་གཤིན་རྗེ་གཤེད་དང༌། འདོད་ཆགས་གཤིན་རྗེ་གཤེད་དང༌། ཞེ་སྡང་གཤིན་རྗེ་གཤེད་དང༌། ང་རྒྱལ་གཤིན་རྗེ་གཤེད་དང༌། ཕྲག་དོག་གཤིན་རྗེ་གཤེད་ཀྱི་གོ་འཕང་ལ་བཀོད། ཆོས་དབྱིངས་ཡེ་ཤེས། སོར་རྟོགས། མེ་ལོང༌། མཉམ་ཉིད། བྱ་གྲུབ་ཡེ་ཤེས་མངོན་དུ་བྱས་པར་བསྒོམ་ལ་རླུང་ཕྱིར་གཏོང༌། ཚུར་བསྡུས་པའི་ཚེ། དེ་དག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ཐམས་ཅད་སྐུ་ལྔ་ཡེ་ཤེས་མཁྱེན་བརྩེ་མཐུ་སྟོབས་ཐམས་ཅད། འོད་ཟེར་དཀར་དམར་མཐིང་སེར་ལྗང་ཁུའི་དབྱིབས་ཅན་དུ་བསྡུས་ནས། སྤྱི་མགྲིན་སྙིང་ཁ་ལྟེ་བ་གསང་གནས་ལྔར་ཐིམ་པར་བསམ་ལ། རང་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སྐུ་ལྔ་ཡེ་ཤེས་མཁྱེན་བརྩེ་ནུས་པ་མཐུ་སྟོབས་ཐམས་ཅད་ཀྱི་བྱིན་རླབས་ཞུགས་པས། རང་ཉིད་གཤིན་རྗེ་གཤེད་རིགས་ལྔའི་གོ་འཕང་མངོན་དུ་གྱུར་པར་བསྒོམ་ལ་རླུང་བུམ་པ་ཅན་བཟུང་སྐབས་སུ་མཚན་སྔགས་སམ། ༀ་ཡ་མ་རཱ་ཛ་ཧཱུྃ་ཕཊ། ༀ་ཧྲཱིཿ ཥྚིཿ ཝི་ཀྲ་ཏཱ་ན་ན་ཧཱུྃ་ཕཊ། ཅེས་སྙིང་པོའམ། སྔགས་རིང་ཡང་བགྲང་ངོ་གསུངས། མཐར་གསང་གནས་ཀྱི་ལས་ཀྱི་གཤིན་རྗེ་གཤེད་ལྟེ་བར་ཐིམ། དེ་སྙིང་གར་ཐིམ། དེ་མགྲིན་པར་ཐིམ། དེ་སྤྱི་བོར་ཐིམ། དེ་ནམ་མཁའ་ལ་འཇའ་ཡལ་བ་ལྟར། གསལ་སྟོང་མཐའ་དབུས་མེད་པ། སྐྱེ་འགག་གནས་གསུམ་དང་བྲལ་བ་ཉི་མ་ཕྱེད་ཀྱི་ནམ་མཁའ་གཡའ་དག་པ་ལྟར། གསལ་སྟོང་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལ་སེམས་མ་བཅོས་པར་མཉམ་པར་བཞག་པར་བྱའོ། །དེ་ནི་ཐུགས་འཇིགས་བྱེད་རིགས་ལྔ་བསྒོམ་པའི་ཁྲིད་ཀྱི་རིམ་པའོ། །གཉིས་པ་དོན་དམ་རྫོགས་པའི་རིམ་པ་ལ་བཞི་སྟེ། ཞི་གནས། ལྷག་མཐོང༌། ཟུང་འཇུག །འཕོ་བ། བར་དོའོ། །དང་པོ་ཞི་གནས་ལ་ཡང་དོན་གསུམ་སྟེ། མཚན་མ་ལ་བརྟེན་པའི་ཞི་གནས་དང༌། རྟོག་པ་ལ་སེམས་གཏད་པའི་ཞི་གནས་དང༌། རྟོག་མེད་དུ་འཇོག་པའི་ཞི་གནས་དང་གསུམ་མོ། །དང་པོ་ལ་གཉིས་ཏེ། ཕྱི་ལ་སེམས་བཟུང་བ་དང༌། ནང་ལ་སེམས་བཟུང་བའོ། །དང་པོ་ལ་གཉིས་ཏེ། མ་དག་པ་དང་དག་པའོ། །དང་པོ་ནི། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས་ལ། རང་གི་མདུན་དུ། ཀ་བ། བུམ་པ༑ མར་མེ། ཤིང་བུ། རྡེའུ་ལ་སོགས་པ་གང་མཐོང་བའི་མཚན་མ་ཞིག་ལ། ལུས་གནད་ལྟ་སྟངས་དང་བཅས་པས་སེམས་བཟུང༌། དེ་ལ་ཡེངས་སུ་ཡང་མི་འཇུག །རྟོག་པ་ཡང་མི་འགྱེད་པར། དེ་ཐོག་ཏུ་ལྷོད་དེ་གློད་ལ་མ་བཅོས་པར་རྟོག་མེད་དུ་བཞག །དེ་ལ་བྱིང་རྒོད་བྱུང་ན་སྟེང་འོག་དང་གཡས་གཡོན་དུ་སེམས་འཛིན་པའང་ཤེས་པར་བྱའོ། །གཉིས་པ་དག་པ་རྒྱལ་བའི་སྐུ་ལ་སེམས་འཛིན་པ་ནི། རང་གི་མདུན་དུ་འཇམ་དབྱངས་ཀྱི་སྐུ་གཟུགས་བཞག་པའམ། མེད་ན་བསྒོམ་ལ། དེ་ལ་རྟོག་པ་ཡང་མི་སྤྲོ། ཡེངས་སུ་ཡང་མི་འཇུག །དེ་ཐོག་ཏུ་མ་ཡེངས་ཙམ་དུ་གློད་ནས་འཇོག་པ་ནི་དག་པ་རྒྱལ་བའི་སྐུ་ལ་སེམས་འཛིན་པའོ། །གཉིས་པ་ནང་ན་སེམས་འཛིན་པ་ལ་གཉིས། མ་དག་པ་དང་དག་པའོ། །དང་པོ་མ་དག་པ་ཐིག་ལེ་ལ་སེམས་བཟུང་བ་ནི། རང་གི་སྙིང་ཁར་ཐིག་ལེ་དུད་ཁ་འོད་ཟེར་འཕྲོ་བ་སྲན་འབྲུ་ཙམ་ཞིག་བསྒོམ་ལ། དེ་ལ་ཡེངས་སུ་ཡང་མི་འཇུག་རྟོག་པ་ཡང་མི་འགྱེད་པར་སེམས་བཟུང་ངོ༌། །གཉིས་པ་དག་པ་རྒྱལ་བའི་སྐུ་ལ་སེམས་བཟུང་བ་ནི། རང་གི་སྙིང་ཁར་པད་ཉིའི་སྟེང་དུ་འཇམ་དབྱངས་སྐུ་ཚོན་གང་བ་ལ་སེམས་བཟུང་ངོ༌། །དེ་ལ་ཡེངས་སུ་ཡང་མི་འཇུག་རྟོག་པ་ཡང་མི་འགྱེད་པར་མ་ཡེངས་ཙམ་དུ་སེམས་བཟུང་ངོ༌། །གཉིས་པ་རྟོག་པ་ལ་སེམས་འཛིན་པ་ནི། རྣམ་པར་རྟོག་པ་ཐོལ་གྱིས་སྐྱེས་པའི་དུས་ངོས་བཟུང་ནས། རྟོག་མེད་ཀྱི་མིག་གིས་ལྷང་ལྷང་བལྟས་པས་འཛིན་མེད་དུ་ཞིག་ནས། རང་རིག་གསལ་སྟོང་ཡུལ་མེད་དུ་གསལ་གསལ་འཆར་བར་འགྱུར། རྣམ་རྟོག་གང་སྐྱེས་པའི་ངོ་བོ་ལ་གཏད་ནས། རང་ངོ་རང་གིས་ཤེས་པར་བྱས་ལ་བསྐྱང་ངོ༌། །དེ་ནི་རྟོག་པ་ལ་སེམས་བཟུང་བའོ། །གསུམ་པ་མི་རྟོག་པ་ལ་སེམས་བཟུང་བ་ནི། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས་ལ། མིག་ནམ་མཁར་གཏད་དེ། འདས་མ་འོངས་ད་ལྟར་གྱི་རྟོག་པའི་རྒྱུ་འགྲུལ་ཐམས་ཅད་རྦད་ཆོད་ལ་གཏོང་ལ༑ ཡིད་ལ་ཅི་ཡང་མི་བསམ་པར་སྟོང་གསལ་མཐའ་དབུས་མེད་པར། སེམས་ཉིད་མ་བཅོས་པ་རྟོག་མེད་དུ་གསལ་ལེ་ཧྲིག་གེ་བར་མཉམ་པར་གཞག་པར་བྱའོ། །དེས་བདེ་གསལ་མི་རྟོག་པའི་ཞི་གནས་ཀྱི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །གཉིས་པ་ལྷག་མཐོང་ལ་དོན་གསུམ་སྟེ། དང་པོ་རྒྱུའི་ལྷག་མཐོང་སེམས་ལ་རྣམ་པར་བརྟག་ཅིང་དཔྱད་པ་ནི། བདག་གི་སེམས་འདི་གང་ནས་བྱུང་ཞིང་གང་དུ་གནས། གང་དུ་འགྲོ་བར་འགྱུར་ཞེས་སྐྱེ་འགག་གནས་གསུམ་གྱི་ངོ་བོ་ལ་བརྟག་ཅིང༌། འབྱུང་བ་ལྔ་རང་ལུས་ལ་སྐྱེས་སམ་འཆིའམ་སྙམ་དུ་བརྟག །གཞན་ཡང་སེམས་ལ་ཁ་དོག་དཀར་དམར་སྔོན་སེར་ལྗང་ཁུ་ལ་སོགས་པའི་ཁ་དོག་ཡོད་པ་ཞིག་གམ། འོན་ཏེ་མེད་པ་ཞིག་སྙམ་དུ་བརྟག་ཅིང་དཔྱད། གང་དུ་བདག་གི་སེམས་ནི་ས་ཆུ་མེ་རླུང་ནམ་མཁའི་དབྱིབས་སམ། ཟླུམ་པོ། གྲུ་བཞི། ཟླ་གམ། གྲུ་གསུམ། ནར་མོ། འཇོང་མོ་ལ་སོགས་པའི་དབྱིབས་སུ་གྲུབ་པ་ཞིག་ཡིན་ནམ། གཅིག་ཡིན་ནམ། དུ་མ་ཡིན་སྙམ་དུ་བརྟག །སེམས་ལས་རྣམ་པར་རྟོག་པ་གཞན་ཞིག་ཡིན་ནམ། འོན་ཏེ་རྣམ་པར་རྟོག་པ་སེམས་ཡིན་ཞེས་བརྟག །གཞན་ཡང་ཕྱི་རོལ་གྱི་སྣང་བ་ལས་སེམས་བྱུང་ངམ། འོན་ཏེ་སེམས་ལས་ཕྱི་རོལ་གྱི་སྣང་བ་བྱུང་སྙམ་དུ་བརྟག་ཅིང་དཔྱད། སླར་བརྟག་མཁན་གྱི་སེམས་ལ་ཡང་སེམས་ཀྱིས་བརྟག་ཅིང་དཔྱད། སེམས་དེ་ཉིད་ཡོད་པ་ཞིག་གམ། འོན་ཏེ་མེད་པ་ཞིག །གསལ་བ་ཞིག་གམ། འོན་ཏེ་མི་གསལ་བ་ཞིག །བདེ་བ་ཞིག་གམ་འོན་ཏེ་སྡུག་བསྔལ་བ་ཞིག །རྟག་པ་ཞིག་གམ་འོན་ཏེ་མི་རྟག་པ་ཞིག །སྣང་བ་ཞིག་གམ་འོན་ཏེ་མི་སྣང་བ་ཞིག །རིག་པ་ཞིག་གམ་འོན་ཏེ་མ་རིག་པ་ཞིག །བདག་ཡོད་པ་ཞིག་གམ་བདག་མེད་པ་ཞིག་ཅེས་བརྟག་ཅིང་དཔྱད་དུ་གཞུག་གོ །དེའི་ཚེ་སེམས་ཀྱི་ངོ་བོ་སྐྱེ་འགག་གནས་གསུམ་དང་བྲལ་བ། ངོ་བོ་སྟོང་པ་ཉིད་ནམ་མཁའ་ལྟ་བུ། རང་བཞིན་གྱིས་འོད་གསལ་བ། རིག་པ་འགག་མེད་ཅིར་ཡང་འཆར་ཞིང་སྣང་བ་འདི་ཐམས་ཅད་སྐྱེ་བ་མེད་པར་རོ་མཉམ། གནས་པ་མེད་པ་དང་འགག་པ་མེད་པར་རོ་མཉམ་ཞིང༌། བརྟག་ཅིང་དཔྱད་པས་གསལ་རིག་སྣང་སྟོང་གཉིས་དབྱེར་མེད་པ་བློ་འདས་ནམ་མཁའ་ལྟ་བུའི་དོན་མཐོང་ནས། དེ་ཁོ་ན་ཉིད་དོ་ཞེས་གཞི་ལམ་འབྲས་བུའི་ཡོན་ཏན་ཐམས་ཅད་སེམས་ཉིད་རྟོགས་པའི་སྟེང་ན་ཚང་བར་ངོ་སྤྲད། གཉིས་པ་ལམ་གྱི་ལྷག་མཐོང་ཐ་མལ་གྱི་ཤེས་པ་སོ་མ་ཅིག་ཅར་དུ་ངོ་སྤྲོད་ཅིང་ཉམས་སུ་བླང་བར་བྱ་བ་ནི། སེམས་ཉིད་ཡོད་མེད་སྐྱེ་འགག་གནས་གསུམ་གྱི་འཛིན་པའི་མཐའ་དང་བྲལ་བ། བདག་དང་བདག་གིར་འཛིན་པའི་མཚན་མའི་གཟུང་འཛིན་ལས་གྲོལ་ཞིང༌། མཐོང་བྱ་མཐོང་བྱེད་དང་བྲལ་བ། ངོ་བོ་སྟོང་པ་རང་བཞིན་གསལ་བ། རྣམ་པ་འགག་མེད་ཀྱི་རིག་པ་དུ་མར་གསལ་ཞིང་སྣང་བ། བཅོས་བསླད་མ་བྱས་པས་མ་བཅོས་པ། རང་བཞིན་གྱིས་འོད་གསལ་བས་ས་ལེ་བ། རང་ངོ་རང་གིས་ཤེས་པས་ཧྲིག་གེ་བ། རྣམ་རྟོག་གཟུང་འཛིན་གྱིས་མ་གོས་པས་རྗེན་ནེ་བ། གང་ཡང་མི་བསྒོམ་པའི་ཡིད་བྱེད་དང་བྲལ་བ། སེམས་ཉིད་ལ་བཟོ་བཅོས་མ་བྱས་པས་ལྷུག་པ། གང་ཤར་ངོས་བཟུང་དང་བྲལ་བས་འཛིན་མེད༑ འཛིན་མེད་རང་བབ་ཏུ་རང་ལུགས་མ་བཅོས་པར་འཇོག་པས་ཐ་མལ་གྱི་ཤེས་པ། རྣམ་རྟོག་ལུ་གུ་རྒྱུད་ཉིད་དུ་མི་འཇུག་པས་སོ་མ་ཞེས་བྱ་སྟེ། ལྷག་མཐོང་གི་དངོས་གཞིར་ཉམས་སུ་བླང་བྱར་ངོ་སྤྲད་དོ། །གསུམ་པ༑ མཐར་ཐུག་གི་ལྷག་མཐོང་ཞི་ལྷག་ཟུང་འཇུག་ཏུ་ཉམས་སུ་བླང་བར་བྱ་སྟེ། སེམས་སྐྱེ་འགག་གནས་གསུམ་དང་བྲལ་བ། གསལ་རིག་སྟོང་གསུམ་དབྱེར་མེད་པ་མ་བཅོས་པའི་ངང་ལ་འཇོག་པ་ནི་ཞི་གནས། དེའི་རང་བཞིན་མཐོང་ཞིང་ཤེས་པ་ནི་ལྷག་མཐོང་ཡིན། དེ་ཡང་སེམས་ཉིད་མཐའ་གཉིས་དང་བྲལ་བ་ནི། གནས་ལུགས་ཀྱི་ཞི་ལྷག་ཟུང་འཇུག་སྟེ། སེམས་ཉིད་སྐྱེ་བ་མེད་པས་རྟག་པའི་མཐའ་དང་བྲལ། འགག་པ་མེད་པས་ཆད་པའི་མཐའ་དང་བྲལ། ཁ་དོག་དང་དབྱིབས་སུ་གྲུབ་པ་མེད་པས་རྟག་པའི་མཐའ་དང་བྲལ། རྩལ་སྣང་སྣ་ཚོགས་སུ་ཤར་བས་ཆད་པའི་མཐའ་དང་བྲལ། རང་བཞིན་སྟོང་པ་ཉིད་དུ་གནས་པས་རྟག་པའི་མཐའ་དང་བྲལ། སྣ་ཚོགས་དུ་མར་རིག་ཅིང་གསལ་བས་ཆད་པའི་མཐའ་དང་བྲལ། དེས་ན་རྟག་ཆད་མཚན་འཛིན་ལས་འདས་པ། གསལ་རིག་སྟོང་གསུམ་དབྱེར་མེད་པ་ཟུང་འཇུག་ཏུ་ཉམས་སུ་ལེན་པའི་ཚུལ་ནི། སེམས་ཀྱི་ངོ་བོ་རང་གིས་རང་ལ་ཅེར་གྱིས་བལྟས་པའི་ཚེ། གཟུང་འཛིན་མཐའ་དག་དང་བྲལ་བ། བདེ་གསལ་མི་རྟོག་པའི་ངང་ལ་གནས་པ་ནི་ཞི་གནས་ཡིན་ལ། ངོ་བོ་རང་བཞིན་གྱིས་རྣམ་པར་དག་པ་མཐོང་བ་ནི་ལྷག་མཐོང་ངོ༌། །བླ་མའི་མོས་གུས་ལ་སེམས་གནས་པ་ནི་ཞི་གནས་ཡིན་ལ། དེའི་ངོ་བོ་སྟོང་ཉིད་བློ་འདས་སུ་མཐོང་བ་ནི་ལྷག་མཐོང་ངོ༌། །བསྐྱེད་རིམ་ཆུ་ཟླ་ལྟ་བུ་ལ་སེམས་གནས་པ་ཞི་གནས། ངོ་བོ་སྟོང་ཉིད་སྐྱེ་འགག་གནས་གསུམ་དང་བྲལ་བར་མཐོང་བ་ནི་ལྷག་མཐོང་ངོ༌། །སེམས་ཅན་ཐམས་ཅད་ལ་ཁྱབ་པའི་བྱམས་པ་དང་སྙིང་རྗེའི་དམིགས་པ་ལ་སེམས་གནས་པ་ཞི་གནས། རང་བཞིན་སྟོང་པ་ཉིད་དུ་མཐོང་བ་ནི་ལྷག་མཐོང་ངོ༌། །ཐབས་བསོད་ནམས་ཀྱི་ཚོགས་སྒྱུ་མ་ལྟ་བུ་ལ་སེམས་གནས་ཤིང་དེ་དག་རང་བཞིན་མེད་པ་སྟོང་པ་ཉིད་དུ་མཐོང་བ་ནི་ལྷག་མཐོང་ངོ༌། །གཞན་དུ་བདེ་བ་ཆེན་པོ་ལ་སེམས་གནས་ཤིང་དེ་ཉིད་ཞེན་མེད་སྟོང་པ་ཉིད་དུ་མཐོང་བ་ལྷག་མཐོང༌། སྣང་བ་ཐམས་ཅད་སེམས་སྣང་ཆུ་ཟླ་ལྟ་བུ་སྣང་སྟོང་དབྱེར་མེད་ལ་སེམས་གནས་ཤིང༌། དེ་དག་རྟེན་འབྲེལ་སྐྱེ་མེད་ཆུ་ཟླ་ལྟར་མཐོང་བ་ནི་ལྷག་མཐོང་ངོ༌། །བཅོས་བསླད་དང་བྲལ་བའི་རིག་པ་སོ་མ་ལ་སེམས་གནས་ཤིང༌། བདག་མེད་རིག་སྟོང་ཡུལ་མེད་དུ་མཐོང་བ་ནི་ལྷག་མཐོང་ངོ༌། །མདོར་ན་ཆུ་ཟླ་དང་མེ་ལོང་གི་གཟུགས་བརྙན་དང་བྲག་ཅ་ལྟར་སྣང་བ་ལས་གཞན་པའི་སྟོང་པ་མེད། སྟོང་པ་ལས་གཞན་པའི་སྣང་བ་མེད། དེས་ན་སྣང་སྟོང་སྐྱེ་མེད་ནམ་མཁའ་ལ་འཇའ་ཤར་བ་ལྟར་རྟོགས་ནས། དེའི་ངང་ལ་གནས་ཤིང༌། སེམས་ཉིད་རང་ངོ་མཐོང་བ་ནི་ལྷག་མཐོང་སྟེ། ཞི་ལྷག་ཟུང་འཇུག་གོ །དེ་ནི་སེམས་ཉིད་སྐུ་གསུམ་དབྱེར་མེད་ཀྱི་ངོ་བོར་ཡེ་ནས་བཞུགས་པའི་དོན་ནོ། །གཉིས་འཛིན་མཐའ་དག་སངས་ནས་རང་རིག་ཡེ་ཤེས་རྒྱས་པས། སངས་རྒྱས་ཞེས་ཏེ་དེ་ཉིད་འཇམ་དཔལ་གཞོན་ནུར་གྱུར་པ་ཡང་ཡིན་ཏེ། དུག་ལྔ་དག་པས་འཇམ་དཔལ་ཞེས་བྱའོ། །ཞི་ལྷག་ཟུང་འཇུག་གི་ཚོགས་གཉིས་ཀྱི་དཔལ་དང་ལྡན་པས་དཔལ་ཞེས་བྱ་ལ། གཞོན་ནུའི་གཟུགས་སྐུ་མཚན་དཔེས་བརྒྱན་པ་དང༌། ཆོས་སྐུ་ལ་སྐྱེ་འཆི་མེད་པའོ། །དེ་ཉིད་སེམས་ཉིད་སྐུ་གསུམ་གྱི་ངོ་བོར་ཡེ་ནས་བཞུགས་པའི་དོན་ཏེ། དེ་ལྟར་སྐུ་གསུམ་ཡེ་ཤེས་ལྔ་ལ་སོགས་པའི་ལམ་དང་འབྲས་བུས་བསྡུས་པའི་ཡོན་ཏན་ཐམས་ཅད་སེམས་ལ་རྫོགས་པར་ངོ་སྤྲད་པར་བྱའོ། །གསུམ་པ་འཆི་ཁ་འཕོ་བའི་གདམས་ངག་ལ་གཉིས་ཏེ། དང་པོ་སྦྱོང་བ༑ གཉིས་པ་ལས་ལ་སྦྱར་བའོ། །དང་པོ་ནི། རང་ཉིད་འཇམ་དབྱངས་སུ་བསྐྱེད་པའི་གནས་ལྔར། འཇམ་དབྱངས་རིགས་ལྔ་བསྐྱེད་པའི་འོད་ཟེར་སྤྲོ་བསྡུ་བྱ། དེ་ནས་གསང་གནས་ཀྱི་འཇམ་དབྱངས་ཐིག་ལེ་ལྗང་ཁུར་ཞུ་ནས་ལྟེ་བའི་འཇམ་དབྱངས་ལ་ཐིམ། དེ་ཐིག་ལེ་སེར་པོར་གྱུར་ནས་སྙིང་ཁའི་འཇམ་དབྱངས་ལ་ཐིམ། དེ་སྔོན་པོར་གྱུར་ནས་མགྲིན་པའི་འཇམ་དབྱངས་ལ་ཐིམ། དེ་དམར་པོར་གྱུར་ནས་སྤྱི་བོའི་འཇམ་དབྱངས་ལ་ཐིམ། དེ་དཀར་པོར་གྱུར་ནས་ཚངས་བུག་རྒྱ་མཐོངས་ཁ་བྱེ་བ་ལྟ་བུའི་ནང་ནས་དོན་ནས། སྟེང་གི་ནམ་མཁར་རིན་པོ་ཆེའི་ཁྲི་པད་ཟླ་བརྩེགས་པའི་སྟེང་དུ་འཇམ་དབྱངས་གནས་པའི་ཐུགས་ཁར་འཁོར་ནས། སླར་སྤྱི་བོ་ནས་མར་ཞུགས་ནས་རང་རང་གི་གནས་སུ་འཇམ་དབྱངས་རིགས་ལྔར་གྱུར་པར་བསྒོམས་ནས་རླུང་འཛིན་ཅིང་སྦྱང་ངོ༌། །གཉིས་པ་ལས་ལ་སྦྱར་བ་ནི། འཆི་རྟགས་ཚང་བའི་ཚེ་འཇིག་རྟེན་གྱི་ཞེན་ཆགས་ཐམས་ཅད་སྤང་ལ། འཇམ་དབྱངས་རིགས་ལྔ་ཐིག་ལེ་ལྗང་སེར་སྔོན་པོ་དམར་པོ་དཀར་པོ་ལྔར་གྱུར་པ་གསང་གནས་ནས་ཡར་རིམ་པ་ལྟར། ལྟེ་བ་སྙིང་ཁ་མགྲིན་པ་སྤྱི་བོའི་ཐིག་ལེ་ལ་ཐིམ། དེ་ཚངས་བུག་ནས་ཐོན་ནས་ནམ་མཁར་ཡལ་ཏེ། ནམ་མཁའ་ཐམས་ཅད་འཇའ་ཚོན་གྱིས་ཁྲིགས་ཀྱིས་ཁེངས་པར་བསམ་ལ། མི་དམིགས་པའི་ངང་ལ་བཞག་གོ །དེ་ནི་འཕོ་བ་འཇའ་ཚོན་མ་ཞེས་བྱའོ། །བཞི་པ་བར་དོའི་ཁྲིད་ལ་དོན་གསུམ་སྟེ། དང་པོ་སྦྱང་བ་ནི། བསྐྱེད་རྫོགས་གཉིས་ཀྱི་སྒོ་ནས་སྦྱང་བའོ། །དེ་ཡང་འདུན་པ་ནི། བདག་ཤི་བ་ཡིན། འདི་བར་དོ་ཡིན། བར་དོའི་ལུས་ལ་བདེན་པ་མེད་སྙམ་དུ་ངེས་པར་བྱས་ལ། ཕྱི་སྣོད་ཐམས་ཅད་འཇམ་དབྱངས་ཀྱི་ཞིང་གི་བཀོད་པར་བསྒོམ། རང་དང་སེམས་ཅན་ཐམས་ཅད་འཇམ་དབྱངས་སུ་བསྒོམ། གནས་ལྔར་རིགས་ལྔ་བསྐྱེད་ལ་འོད་ཟེར་སྤྲོ་བསྡུའི་ཁྲིད་ལྟར་བསྒོམ། མཐར་དེ་དག་སྒྱུ་མ་དང་རྨི་ལམ་ཆུ་ཟླ་ལྟར་གསལ་སྟོང་སྐྱེ་མེད་བློ་འདས་ཡིད་ལ་མི་བྱེད་པའི་ངང་ལ་མཉམ་པར་བཞག་པ་ནི་རྫོགས་རིམ་གྱི་སྒོ་ནས་སྦྱང་བའོ། །གཉིས་པ་ནི། འཆི་བའི་ཚེ་ས་ཆུ་ལ་ཐིམ་པའི་རྟགས་སུ་ལུས་ལྕི། ཆུ་མེ་ལ་ཐིམ་པའི་རྟགས་སུ་ཁ་སྣ་སྐམ། མེ་རླུང་ལ་ཐིམ་པའི་རྟགས་སུ་དྲོད་མཐའ་ནས་སྡུད། རླུང་ནམ་མཁར་ཐིམ་པའི་རྟགས་སུ་ཕྱི་དབུགས་ཆད། ནམ་མཁའ་རྣམ་པར་ཤེས་པ་ལ་ཐིམ་པའི་རྟགས་སུ་དར་གཅིག་བརྒྱལ། དེ་དག་གི་སྐབས་སུ་རིམ་པ་ལྟར་ནང་རྟགས་འཆར་བ་ནི༑ དུ་བ། སྨིག་རྒྱུ། མེ་ཁྱེར། མར་མེ། སྤྲིན་མེད་ནམ་མཁའ་ལ་སོགས་འཆར་བར་འགྱུར་རོ། །དེ་ནས་ཕ་ལས་ཐོབ་པའི་བྱང་སེམས་ཐུར་དུ་ལྷུང་བས་དཀར་ལམ་འབྱུང༌། མ་ལས་ཐོབ་པའི་རཀྟ་གྱེན་དུ་འདྲིལ་བས་དམར་ ལམ་འབྱུང༌། སྙིང་ཁར་དབུ་མའི་ནང་དུ་བྱང་སེམས་དཀར་དམར་ནོར་རྒྱལ་གྱི་རླུང་དང་བཅས་པ་དབུ་མར་ཞག་གཅིག་བར་དུ་བདེ་གསལ་མི་རྟོག་པའི་ངང་དུ་གནས་པར་འགྱུར་ཏེ། དེ་ཉིད་རང་ངོ་ཤེས་ན་སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་པར་འགྱུར་རོ། །གསུམ་པ་སྲིད་པ་བར་དོ་ལ་འཕོས་ན། སྣང་བ་ཐམས་ཅད་འཇམ་དབྱངས་ཀྱི་ཞིང་གི་བཀོད་པར་བསྒོམ། བདག་དང་སེམས་ཅན་ཐམས་ཅད་འཇམ་དབྱངས་སུ་བསྒོམ། བདག་གི་གནས་ལྔར་རིགས་ལྔ་བཀོད་ལ་འོད་ཟེར་སྤྲོ་བསྡུ་བྱ། སྒྲ་ཐམས་ཅད་སྔགས་སྒྲར་བསྒོམ། དྲན་རྟོག་ཐམས་ཅད་ཆོས་སྐུ་སྐྱེ་མེད་དུ་རང་ངོ་ཤེས་པར་བྱ། འོག་མིན་ནམ་བདེ་བ་ཅན་དུ་རྫུ་འཕྲུལ་གྱིས་འགྲོ་བའི་འདུན་པ་ཡང་ཡང་བཏང༌། དེར་བར་དོར་འཇམ་དབྱངས་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་ནས། ལོངས་སྤྱོད་རྫོགས་པའི་ཞིང་ཁམས་འཛིན་པར་འགྱུར་རོ། །དགེ་བའི་ནོར་འཛིན་རབ་ཏུ་རྒྱས་པའི་མཐུས། །ཨུཏྤལ་རྣམ་རོལ་ས་བཅུ་རབ་རྫོགས་ནས། །མཚུངས་མེད་བཅོམ་ལྡན་འཇམ་དཔལ་དབྱངས་ལྟར་བུར། །བདག་ཀྱང་འགྲོ་བའི་མགོན་དུ་འགྱུར་བར་ཤོག །བཅོམ་ལྡན་འདས་འཇམ་དཔལ་དབྱངས་སྐུའི་ཁྲིད་ཀྱི་རིམ་པ། ཤེས་རབ་འཕེལ་བར་བྱེད་པ། ཡེ་ཤེས་སྣང་བ་རྒྱན་གྱི་འཁོར་ལོ་ཞེས་བྱ་བ། མན་ངག་སྙན་བརྒྱུད་དུ་གནས་པ་ལ་ཤིན་ཏུ་བརྗེད་པར་ཕོངས་པའི་ཕྱིར་རྣལ་འབྱོར་པ་འོད་དཔག་རྡོ་རྗེས་ཡི་གེར་བཀོད་པ་རྫོགས་སོ། །དགེའོ།། །།